ལྕོགས་རི་དགེ་ལེགས་རྒྱ་མཚོ།
(ཁྱོད་ཀྱི་སྙིང་སྟོབས་ལ་རེ་སྨོན་གྱི་གསོན་ཤུགས་ལྡན་པས། ནམ་ཡང་རྒྱལ་ངེས་ཡིན།)
སྟེས་དབང་དང་། ལས་དབང་། ཡང་ན། འཇིག་རྟེན་བྱེད་པོའི་བཀོད་སྒྲིག་གང་ཡིན་ཆ་མ་མཆིས་པར། རྒྱུས་མེད་ཀྱི་མཐའ་འཁོབ་ཞིག་ན། འུ་ཅག་ལྷན་དུ་འཛོམས་པ། འཆི་ལ་ཁད་ཀྱི་མི་རིགས་འདི། སླར་ནས་སླར། གསོན་ཤུགས་ཀྱི་དབུགས་དབྱུང་ཡིན།
སྐབས་རེ། ཕ་གཞིས་ཆགས་འཇིག་གི་ལས་དབང་གླེང་པས། ལུས་སེམས་སྐྱོ་གདུང་གི་མིག་ཆུས་ངོ་གདོང་བརླན། ལན་རེ། སློབ་མའི་འབྱུང་འགྱུར་གྱི་ཕུགས་བསམ་མཐོང་དུས། རེ་སྙེགས་ཀྱི་སྤྲོ་བ་ཡིད་མཁར་བརྟས། མཚམས་རེ། འཆམ་མཐུན་གྱི་དགོད་སྒྲ་རེ་རེས། ལ་རྒྱའི་དཔུང་པ་མཐོ་རུ་འདེགས་དུས། ད་གཟོད། འདས་པོ་ཁྲི་ཕྲག་གི་རེ་སྙེག་ཡོངས་སུ་རྫོགས་པས། བར་དོའི་འཕྲང་ལམ་ནས་ཕྱི་མིག་མེད་པར། བདེ་བར་བཞུད།
ལས་བསྐོས་ཀྱི་ལོ་ཡག་སྙེ་མ།
ཆོས་ལུགས་དང་། ལྟ་གྲུབ། སྙན་ངག ལོ་རྒྱུས་ཀྱི་པོ་ཏི་འབུམ་ཕྲག་བརྩིགས་ཀྱང་། གདོང་དམར་བོད་མོའི་མགོ་འཕང་ནམ་ཡང་མཐོ་མྱོང་མེད། འགའ་རེས་ཆོས་ལུགས་ཀྱི་བག་ཆགས་རྙིང་པ་རུ་བརྩི་ཤིང་། ཁ་ཅིག ཕོ་མཆོག་མོ་དམན་གྱི་འདུ་ཤེས་ལ་འཁང་ར་བྱེད། རྒྱུ་རྐྱེན་དང་། གནས་ལུགས་གང་ཡིན་ཆ་མ་འཚལ་ཡང་།
མདོར་དྲིལ་ན། ལོ་ངོ་སྟོང་ཕྲག་ཏུ་ཁྱིམ་ཕུགས་ཀྱི་ལས་དོན་ཁོ་ན། འུ་ཚང་གི་ལོ་རྒྱུས་ཀྱི་ནག་ཉེས་ཡིན། ཐབས་ཅུས་དང་བརྫུ་བསྒྲིག་གིས། ཉེས་ཅན་གྱི་ལོ་རྒྱུས། དཀར་འདོན་ནམ་ཡང་བྱེད་ཐབས་བྲལ། ང་ཚོ་ཇི་སྲིད་བར་ཉེས་པ་ལས་ཐར་བ་མེད།
འོན་ཀྱང་ཁྱོད་ལ་འཁོན་འཛིན་རྣམ་རྟོག་མེད་པར། ཡོད་ཚད་རང་ཉིད་ཀྱི་ལས་དབང་དུ་བསྒོམས་ཤིང་། ད་དུང་། ལྷན་སྐྱེས་དང་རྩོད་ལེན་གྱི་ཐོབ་ཐང་གཉིས་སུ་དབྱེར་སྟེ། ཤར་ནུབ་བུ་མོའི་ཐོབ་ཐང་ལ་སྤྱི་བསྡོམས་གྱིས། རིགས་མཐུན་གྱི་བོད་མོ་ཚོར། འཇོན་ཐང་གི་གོ་སྐབས་འགྲན་སའི་ཁོར་ཡུག་བསྐྲུན། རིགས་བཟང་གི་ལོ་ཡག་སྙེ་མ། དོན་དངོས་སུ། ཁྱོད་ནི་ཨ་ཅེ་འབྲུག་མོའི་ཚ་མོ་ངོ་མ་ཞིག ཁྱོད་ནི་སྲོང་བཙན་སྒམ་པའི་གདུང་རྒྱུད་ཀྱི་གཅེས་ཕྲུག་དག་མ་ཞིག
སློབ་ཡུན་གྱི་ལོ་ཟླ་ཕྲ་ཡང་། ཕ་སྐད་ཀྱི་ཁོར་ཡུག་དོག་ཀྱང་། ཐམས་ཅད་ཀྱིས་ཕྱི་གླིང་པའི་རྐང་གླིང་འབུ་དུས། ཡབ་མེས་ཚོས། དཀའ་སྡུག་རྔུལ་ཁྲག་གིས་ཉོས་པའི་ཀ་མད་ཀྱི་རྔ་ཆེན་བརྡུང་མཁན། ཁྱོད་ཉིད་ཁོ་ན། ཀླད་མེད་ཀྱི་མི་བུ་དག ནུབ་ཕྱོགས་ལ། ལས་ཟློས་འདུར་རྒྱུགས་ཀྱི་འཚང་ཁ་རྒོད་དུས། དེང་རབས་ཀྱི་འགྲུལ་བཞུད་མེད་པའི་རྐང་ལམ་དེད་དེ། ཕ་མེས་ཀྱི་རྣམ་ཤེས་འཚོལ་བས། རིག་གཞུང་གི་པོ་ཏི་བརྩིག་མཁན་ཁྱོད་ཉིད་ཙམ།
ལོ་ངོ་ཉིས་སྟོང་གི་ཡར་སྔོན་ན།
ཤཱཀྱ་ཐུབ་པས་གདུལ་བྱའི་མོས་ཁམས་ལ་གཞིགས་ཏེ། རིགས་བྱེད་གཏམ་རྒྱུད་ཀྱི་འཇིག་རྟེན་ཆགས་ཚུལ། མངོན་པའི་མདོ་སྡེ་རུ་བཀོད་དེ་དངོས་པོའི་ཆོས་ཉིད་ལ་དྲངས་དོན་འཛད།
དུས་རབས་ཉི་ཤུ་པའི་འཇུག་ཙམ་ན། འཕེལ་འགྱུར་རིག་པའི་ཡབ་ཆེན་ཏེ། ཌ་ཝེན་གྱིས་སྲོག་ཆགས་ཉེ་རིགས་ཀྱི་འབྱུང་ཁུངས་མཛད་པས། ཤར་ནུབ་ཀྱི་གྱི་ཁོར་ཡུག་ཀུན་དུ། ཆབ་དཔལ་རིགས་གསུམ་གྱི་དབུ་ཁྲིད། ཆོས་ཚན་ལྟ་གྲུབ་ཀྱི་སློབ་དཔོན། མདོར་ན་ཐམས་ཅད་འུད་ཀྱིས་འདྲོགས་ཏེ། དུག་གསུམ་སྟེ། འདོད་ཆགས་ཞེ་ལྡང་གཏི་མུག་གསུམ། འཚོ་གནས་གྱི་གཞི་མར་འདོད།
གནའ་བའོ་རྒྱ་གར་ལུང་པར།དུག་ཅན་གྱི་ཆར་ཞོད་རྒོད་དུས། འབངས་མི་ཐམས་ཅད་དུག་གིས་སྨྱོ་བས། རྒྱལ་པོ་ལ་སྨྱོ་པ་ཟེར་དུས། རྒྱ་གར་རྒྱལ་པོས་མི་འདོད་ནན་གྱིས་དུག་ཆུ་རོལ།
མདང་སྐྱེས་ཀྱི་བྱིས་པ་སྣབས་ལུད་ཚོ།
གཞན་སྐད་ཀྱིས་ང་རྒྱལ་རློབས་ཏེ། ཕ་མེས་ཀྱི་ཕོར་པ་དྲོད་མོར། མི་གཙང་གི་གཅིན་སྐྱག་བརྫངས། གནའ་ནས་དེང་གི་བར། ཐམས་ཅད་ཁེ་ཕན་གྱི་ཆེད། ཡོད་ཚད་རང་ཉིད་ཀྱི་ཆེད། མང་ཁ་ཉུང་གིས་མ་ཁོག་པར། ཅལ་གྱིས་འདྲོགས་ཏེ་མང་ཕྱོགས་སུ་རྒྱུགས། འོན་ཀྱང་ལོ་ཡག་སྙེ་མའི་རང་ཚུགས་ལ་སེ་སེར་གྱི་གེགས་ཆག་མེད་པར། བརྩོན་འགྲུས་མེ་ཏོག་ལ་འབྲས་བཟང་གི་ལོ་ཡག་སྨིན།
ཁ་ཆེ་བུ་མོས་ཞི་བདེ་ཡི་གཟེངས་རྟགས་ལེན་དུས། ཨ་ས་སྲུང་ཅིས་དྲངས་བདེན་གྱི་ཐོབ་ཐང་རྩོད་དུས། ཨེན་གྷེ་ལ་མ་ཁ་འཇར་མིན་གྱི་སྲིད་བློན་ལངས་དུས། ལོ་ཡ་སྙེ་མས་དབྱངས་གསལ་སོ་བཞིའི་བསྟོད་གླུ་ལེན་བཞིན། རྒྱལ་ཞེན་གྱི་པོ་ཏི་བྲིས།
བརྒྱ་ཕྲག་ཉེར་གཅིག་གི་དུས་རབས་གསར་པ། ལོ་ཡག་སྙེ་མའི་གར་སྟེགས་ཡིན། ལྷག་བསམ་གྱི་རིགས་ཞེན་དཀར་པོ། ལོ་ཡག་སྙེ་མའི་ལངས་ཚོ་ཡིན། གནའ་དེང་གི་ཤེས་རིག་ཟུང་འབྲེལ། ལོ་ཡག་སྙེ་མའི་རྒྱན་ཆ་ཡིན། མདུན་བསྐྱོད་ཀྱི་གོམས་སྟོབས་ལ་ངལ་བ་མེད་ན། འོད་སྣང་གི་ཉིང་དགོས་ལ་རྫོགས་མཐར་མེད།
གཞན་ཡུལ་གྱི་འཚོ་བ་ལ་མངར་ཁ་མེད་ཀྱང་། ལོ་ཡག་སྙེ་མའི་དམིགས་ཡུལ་ལ་ཕུགས་རྒྱང་ཡོད། ཕབ་ཡུམ་གྱི་སེམས་སྟེང་ན་རྨ་ཁ་འཐུག་ཀྱང་། ལོ་ཡག་སྙེ་མའི་སེམས་པ་རྡོ་མིན་པས། ནམ་ཞིག་ན་ལྷན་འཛོམས་གྱི་དགོད་སྒྲ་སྒྲོག་པར་ངེས།
ཨ་ཕའི་དངུལ་ལོ”དཀའ་སྡུག་གི་སེར་ཀ་ལས་གྲུབ་ཀྱང་། ལོ་ཡག་སྙེ་མའི་པོ་ཏི་ལ་རིན་ཐང་ཡོད། ཨ་མའི་རྔན་པ”སྐྱོ་གདུང་གི་མིག་ཆུ་ལ་འཐིམ་ཡང་། ལོ་ཡག་སྙེ་མའི་མ་འོངས་ལ་འོད་སྟོང་ལྡན།
ཨཱོ་ཨཱོ་་་་ངའི་སྨྱུག་མཚམས་འདི་ནས་འཇོག་རན་སོང་བ་འདྲ། ཁ་ལོ་བས་རླུང་འཁོར་གྱི་གློག་སྒྲོན་བསད་སོང་།
ལས་ཀྱིས་བསྐོས་པའི་སྲིང་ཆུང་བདེ་པོ་མཚོའི་དེབ་ཆུང་ལོ་ཡག་སྙེ་མ་བཀླགས་པའི་ཚོར་སྣང་། (བྷེ་ལོ་ནས་ཧུབ་ལི་བར་གྱི་འགྲིམ་འགྲུལ་རླུང་འཁོར་དུ་བྲིས) ༢༠༡༥/༠༡།༡༩།།
༼གདན་ས་ཆེན་པོ་དགའ་ལྡན་བྱང་རྩེ་གྲྭ་ཚང་གི་ཚན་རིག་དགེ་རྒན་ཆེན་མོ་རྒན་ལྕོགས་རི་དགེ་ལེགས་སམ་དགེ་ལེགས་རྒྱ་མཚོས་ཕྱི་ལོ་༢༠༡༤ ལོར་གུས་མོས་བརྩམས་ཁུལ་བྱས་པའི་སྙན་དེབ་”ལོ་ཡག་སྙེ་མ”འདི་བཀླགས་ནས་ཁོང་གིས་འདི་ལྟར་མཐོང་ཆེན་དང་ཡར་སྐུལ་གནང་བར་གུས་མོས་སྙིང་ཐག་པ་ནས་བཀའ་དྲིན་ཤིན་ཏུ་ཆེ་ཞུ།༽
་
གོ་རྒྱུ་མེད་པའི་རྩོམ། གཞན་གྱིས་ལག་པ་མ་འཆང་པའི་བུ་མོ་མཛེས་མ།
བོད་མོ་ཚོས་སོ་སོའི་རྐང་པའི་ཐོག་ཏུ་ལངས་ཐུབ་པ་དགོས་པ་རེད་ཐོབ་སྟངས་མ་སྤྲད་པ་མ་རེད་བསམ། གཟིགས་དང་ད་ལྟའང་བོད་མོ་རྩོམ་པ་པོ་དང་ཆབ་སྲིད་ཀྱི་གར་སྟེག་སོགས་སུ་ཡོང་ཐུབ་ཀྱི་མེད།
སོ་སོར་དགོས་པའི་ལས་ཀ་མི་བྱེད་པར་ཐོབ་ཐང་རྐྱང་རྩོད། ཉིན་གཅིག་གང་འདོད་ལག་ཏུ་བསླེབ་ངེས།
བོད་གངས་ཅན་གྱི་ཨ་མདོའི་བུ་མོ་མཛེས་མ་རྔ་བཟའ་བདེ་པོ་འཚོ་ལ་རྒྱབ་སྐྱོར་ཡོད། ཁྱེད་ཀྱི་བསམ་དོན་ཚང་མ་འགྲུབ་པར་ཤོག བོད་ཀྱི་འབྲོག་པའི་བུ་མོ་ཞིག་ལ་རྒྱབ་སྐྱོར་མ་བྱས་ནས་རོང་པའི་བུ་མོ་དབྱངས་ཅན་མ་སོགས་ལ་རྒྱབ་སྐྱོར་བྱེད་དུ་མི་འགྲོ་ཐག་ཆོད་ཡིན། བོད་ཀྱི་བུ་མོ་ཚོ་ལ་ཐོབ་ཐང་འདྲ་མཉམ་ལོས་དགོས། མི་རིགས་གཞན་ཀྱི་བུ་མོ་ཚོ་ལྷ་མོ་ཡིན་ཆོག་ས་ལ། ང་ཚོའི་བོད་ཀྱི་བུ་མོ་ཚོ་ལྷ་མོ་ཡིན་མི་ཆོག་པའི་རྒྱུ་མཚན་ག་རེ་འཇོག་རྒྱུ་ཡོད། ཕོ་མཆོག་མོ་དམན་གྱི་ལྟ་བ་དེ་མེ་ལྷའི་ཧོམ་ཞལ་དུ་ཐོབས། གདོང་དམར་བོད་མོའི་མགོ་འཕང་ཉི་ཟླ་ལས་ཀྱང་མཐོ་བར་ཤོག བུད་མེད་ཀྱི་རྟེན་ལ་ཚངས་རྒྱ་རྒྱུ་མེད་པར་འདོད་པའི་ཆོས་ལུགས་ཀྱི་བག་ཆགས་རྙིང་པ་དེ་ད་ནས་བཟུང་སྟེ་ང་ཚོའི་བོད་ཡུལ་དུ་རྩ་བ་ཉིད་ནས་མི་མཁོ། སྐྱེ་འགྲོ་ཐབས་ཅད་འདྲ་མཉམ་ཡིན། བོད་གངས་ཅན་གྱི་བུ་མོ་ཚོ་དུས་ཀུན་ཏུ་རྒྱལ་གྱུར་ཅིག །
ན་ཆུང་བུ་མོ་རྔ་བཟའ་བདེ་པོ་འཚོ་ལ་རྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐོར་ཡོད། ངོ་མ་སྙན་ངག་འབྲི་ཙམ་ཤེས་པ་མ་ཡིན་པར་ལྷག་བསམ་དང་དྲང་བདེན་ལ་བློ་ཕུག་གཏད་ནས་བོད་བསྟན་སྲིད་ལ་ཐུགས་ཁུར་གྱིས་ཕྱག་ལས་དང་གནང་བ་དང་། ཁྱད་པར་ན་ཆུང་བུ་མོ་ཤེས་ཡོན་ཅན་ཁྱེད་ངེས་དོན་གྱི་མཁས་དབང་ཞིག་ཆགས་པའི་སྨོན་ལམ་ཡོད། དེ་མིན་དེང་དུས་སྐྱག་རྫུན་དང་ནག་ཚོང་མཁན་ཚོས་ལ་རྒྱལ་དབང་འགྲོ་འདུལ་བཏགས་ནས་འཛམ་གླིང་འདིར་མར་ཁ་ཐུར་དུ་ཕྱོགས་པའི་བརྡ་ལས་གང་ཡང་མ་མཐོང་ངོ་།།
གཞི་ནས་ངོ་འཕྲོད་སོང་། གོ་རྒྱུ་མེད་པ་དེ་ཞི་མོ་སྙིང་རྗེ་མ་བདེ་པོ་འཚོའི་རྩོམ་མིན་པར་ལྕོགས་རི་དགེ་ལེགས་རྒྱ་མཚོས་བྲིས་བའི་ཚོར་སྣང་ཟེར་བ་འདི་རེད་འདུག འདི་བསྐྱར་དུ་བཀླགས་མོད་ཡག་པོ་ཞིག་གོ་མ་སོང་།
ལོ་ཡག་སྙེ་མ་ཕྱི་ལ་ཐོན་པར་རྟེན་འབྲེལ་ཞུ། བདེ་པོ་འཚོའི་རྩོམ་ཡིག་རྣམས་ལོ་ཡག་སྙེ་མ་བཞིན་མགོ་བོ་དུད་ཅིང་འབྲས་བུ་སྨིན་ཡོད་པར་ཤོག
ཡིན་ན་ཡང་། བདེ་པོ་འཚོ་སྙེ་མ་མིན་པར་ཤོག ལྗང་མྱུག་ཡིན་པར་སྨོན། ད་དུང་གཞན་གྱིས་ལག་པ་འཆང་མེད་པར་ཤོག ཧ་ཧ།
ཁྱོད་ལ་མཐོང་ཆེན་འདྲ་ཞིག་སྤྲད་ཡོད་ན་མ་གཏོག རྩོམ་ཡིག་དེ་ལ་ནི་གོ་རྒྱུ་ཅི་ཡང་མི་འདུག
རྩོམ་ཡག་པོ་བྲིས་འདུག བོད་ཡུལ་གངས་ཅན་ན་བུད་མེད་རྩོམ་པ་པོས་གང་བ་ཤོག