རྩོམ་པ་པོ། ལྡོང་ཡོན་ཏན་རྒྱ་མཚོ།
ངས་གཡུང་དྲུང་བོན་གྱི་ལྟ་སྒོམ་སྤྱོད་གསུམ་གྱི་རྣམ་བཞག་རྒྱས་པར་བསྟན་པའི་བོན་གྱི་གཞུང་ཆེན་མོ་དག་ལ་ཆེད་དུ་སློབ་སྦྱོང་དང་ཞིབ་འཇུག་བྱས་མ་མྱོང་ཡང་། གངས་ཅན་བོད་པའི་དར་རྒུད་ལ་བསམ་གཞིག་ཅུང་ཟད་རེ་བཏང་མྱོང་མཁན་ཞིག་དང་། གནའ་བོའི་ལོ་རྒྱུས་ཀྱི་དཔེ་ཆ་མང་ཙམ་བཀླགས་མྱོང་མཁན་ཞིག་ཡིན་པའི་ཆ་ནས། བོན་པོའི་སྐོར་མང་བོ་མང་བོ་ཞིག་མཐོང་མྱོང་ལ། ཁ་ཁུ་སིམ་མེར་བསྡད་དེ་འདིའི་ཕྱོགས་ལ་གཟབ་ནན་རང་བཞིན་གྱིས་བསམ་གཞིག་རེ་འགའ་འང་བཏང་མྱོང་ཞེས་བཤད་ཆོག ཕྱོགས་སུ་མ་ལྷུང་བའི་གཟུ་བོའི་བློ་མིག་གིས་དཔྱད་ཅིང་བལྟས་ན། བོན་ཆོས་ཟེར་བ་འདི་བོད་མི་རིགས་རང་གི་བློ་གྲོས་ཀྱི་རྩལ་ལས་བྱུང་བའི་མི་རིགས་རང་བཞིན་གྱི་རིག་གཞུང་ངོ་མཚར་བ་ཞིག་སྟེ། འདི་ལ་ཚུགས་ཐུབ་ཀྱི་རང་གཤིས་དང་ལོ་རྒྱུས་ཀྱི་དྲི་བསུང་སོགས་ཆེས་བསྔགས་པར་འོས་པའི་ཆ་མང་བོ་ཞིག་ཡོད་པའི་ངོས་འཛིན་བྱས་དང་བྱེད་བཞིན་ཡོད།
འོན་ཀྱང་། བསམ་བཞིན་དང་བསམ་བཞིན་མ་ཡིན་པའི་གནས་སྟངས་ཤིག་གིས་ལོ་ངོ་བརྒྱ་སྟོང་ཁ་ཤས་བརྒྱུད་དེ་འོང་བའི་དུས་ད་ལྟ། བོན་ཟེར་བ་འདི་ནི་ཤིན་ཏུ་ཁྲོལ་དཀའ་བའི་གབ་ཚིག་ཅིག་གམ་སྨྲ་བསམ་བརྗོད་བྲལ་གྱི་གསང་བའི་བཙན་རྫོང་ཞིག་གི་ངོ་བོར་ཐིམ་འདུག་པས། བན་བོན་གང་ཡིན་ཡང་དྲང་ལྡོག་གཉིས་ཆ་ནས་ཐལ་ཆེ་བའི་སྡོམ་ཚིག་དང་འགྲེལ་བརྗོད་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་གདའ།
ངས་ནི་བོན་པོ་རྣམས་ནང་བ་ཡིན་མིན་དེ་གཙོ་བོར་འཛིན་གྱིན་མེད་ལ། བོན་ལ་བརྡོལ་བོན་དང་འཁྱར་བོན། བསྒྱུར་བོན་ཟེར་རྒྱུ་ཞིག་ཡོད་མེད་ལའང་རྩོད་པ་རྒྱག་གིན་མེད། ང་ལ་མཚོན་ན་བོན་གསར་དང་བོན་རྙིང་གང་ཡིན་ཡང་རུང་གནད་དེ་འདྲ་མི་ཆེ་སྟེ། ངས་བོན་ཕྱོགས་ལ་ངོས་འཛིན་དང་གདེང་འཇོག་བྱེད་སྟངས་ནི། སྟོན་པ་གཤེན་རབ་མཆོག་ནི་སྐྱེ་དགུའི་བདེ་སྡུག་ཐུགས་ལ་བསྣམས་པའི་སྐྱེས་མཆོག་ཅིག་དང་། དེས་བསྟན་པའི་བོན་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་ཚུལ་བཞིན་ཉམས་སུ་བླངས་ན་གྲུབ་པའི་རྟགས་མཚན་སྣ་ཚོགས་མངོན་སུམ་དུ་མཐོང་རྒྱུ་ཡོད་པ། ཁྱད་པར་དུ་བོད་བཙན་པོའི་རྒྱལ་རབས་ཉེར་བདུན་གྱིས་བོན་སྲིད་ཟུང་འབྲེལ་ལ་བརྟེན་ནས་བོད་ཁམས་བདེ་བར་བསྐྱངས་པ། བོན་ཆོས་བརྒྱུད་འཛིན་དང་དར་སྤེལ་ནི་བོད་རིག་པའི་དོན་དག་གཙོ་ཤོས་ཤིག་ཡིན་པ། བན་བོན་མཐུན་སྒྲིལ་ཡོད་མེད་ཀྱིས་བོད་པའི་དར་རྒུད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་སླ་བ། བན་བོན་ལྟ་བ་མཉམ་གནས་ལ་བརྩོན་དགོས་པ་ནི་གཟུར་དུ་མེད་པའི་དུས་རབས་ཀྱི་འཁན་འཁྲི་ཞིག་ཡིན་པ་སོགས་སོ།།
ངས་འདི་ལྟར་བོན་ཕྱོགས་ལ་བཟུང་བའི་སེམས་པའི་རང་མདངས་དམར་རྗེན་དུ་སྟོན་པ་ལ་རྒྱུ་མཚན་ཡོད་དེ། ད་ལྟ་ལ་ལས་བོན་པོ་རྣམས་ལ་མཐོང་ཆུང་དང་ཟུར་ཟའི་རྣམ་པ་སྟོན་པ་དང་། བོན་ཕྱོགས་ནས་ཀྱང་ཚུར་འཁོན་སེམས་འཆང་མཁན་དང་རང་ཉིད་ཁེར་རྐྱང་ཡིན་པའི་བསམ་བློ་འཁོར་མཁན་ཡང་རེ་ཟུང་ཡོད་པར་སྣང་བས་སོ། །བན་བོན་གང་ཡིན་ཡང་སྙིང་བོ་བྱམས་བརྩེས་སྦྲུམས་ཤིང་། ལས་འབྲས་དང་ཚེ་སྔ་ཕྱི་ཁས་ལེན་པའི་ཆོས་ལུགས་ཤིག་ཡིན་ལ། བོད་མི་རིགས་ནི་བན་བོན་གྱི་ཆོས་ལ་དད་པའི་དཔུང་སྡེ་ཆེན་པོ་ཁག་གཉིས་ཀྱིས་གཙོ་བོར་གྲུབ་ཡོད་དེ། རིགས་རུས་དང་སྐད་ཡིག ཐ་ན་ལས་དབང་ཚུན་ཆད་ཆུ་ལ་ཆུ་བཞག་པ་བཞིན་ངོ་བོ་དབྱེར་མེད་ཡིན་ན། ཕན་ཚུན་ལ་བརྩི་བཀུར་དང་ཕྱར་བ་གྲུ་འདེགས་ཀྱི་ལས་ལ་བརྩོན་དགོས་པ་ནི་མང་དུ་སྨྲ་མི་དགོས་པའི་གནས་ཤིག་མ་ཡིན་ནམ།
དྲང་མོར་ཞུས་ན། འདས་པའི་བོད་ཀྱི་ལོ་རྒྱུས་ཁྲོད་རྫོགས་པ་བོན་ལ་བརྟེན་པའི་རྣལ་འབྱོར་གྲུབ་པའི་དབང་ཕྱུག་གྲངས་མེད་ཅིག་བྱོན་འདུག་ལ། ད་ལྟའི་ཆར་ཡང་སྐུ་ཚེ་སྒྲུབ་པར་སྙོམས་མཁན་གྱི་སྦས་པའི་རྣལ་འབྱོར་བ་མང་དག་ཅིག་ཡོད་ཚོད་གདའ་སྟེ། རྟགས་མཚན་སྣ་ཚོགས་པའི་ཀློང་ནས་སྐུ་ཞི་བར་གཤེགས་པའི་བརྙན་གཟུགས་ཁ་ཤས་ཀྱང་དྲ་རྒྱ་དང་སྐད་འཕྲིན་བརྒྱུད་ནས་མཐོང་ཐོས་ཀྱི་དགའ་སྟོན་མངོན་དུ་གྱུར་ཏོ།།གཞན་ཡང་། གསུང་གི་ལང་ཚོ་པོ་ཏིིར་བསྡེབས་པའི་མཁས་པ་དང་། ཁྲི་སྡེ་འབུམ་སྡེ་སྐྱོང་བའི་དཔོན་པོ། མཁོ་དགུའི་ལོངས་སྤྱོད་སྩོལ་བའི་དོན་མཐུན་པ། སྒྱུ་རྩལ་ལས་རིགས་ཀྱིས་རང་སྡེའི་དབུ་འཕང་བསྟད་པའི་ཆེད་མཁས་པ། རང་གི་ལུས་སྲོག་ལའང་ཅི་མི་སྙམ་པའི་རིགས་ཞེན་པ་སོགས་དད་གུས་བོན་ལ་བཅོལ་ཞིང་བོད་པའི་གཟི་བརྗིད་དུ་བགྲང་ཆོག་པའི་མི་སྣའང་ཉུང་ཉུང་ཞིག་ག་ལ་ཡིན།
དཔེར་ན། དུས་རབས་བཅུ་དགུ་བའི་དུས་མཇུག་སྟེ། སྤྱི་ལོ་༡༨༨༨ལོར་ངའི་ཕ་ཡུལ་རྔ་བ་དང་ཅུང་ཁད་ཉེ་བ་མདོ་སྨད་ཨ་མདོའི་ས་ཁུལ་ཤར་ཁོག་གམ་ཟུང་ཆུར་སྐུ་འཁྲུངས་པའི་ཧོར་བ་དྲུང་རམས་པ་སྨྲ་དབང་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་ནི་ངས་གོང་དུ་བརྗོད་པའི་དད་གུས་བོན་ལ་བཅོལ་ཞིང་བོད་པའི་གཟི་བརྗིད་དུ་བགྲང་ཆོག་པའི་མི་སྣ་ལས་ཚབ་མཚོན་གཙོ་ཤོས་སམ་ཡག་ཤོས་ཤིག་སྟེ། མཁས་དབང་ཁོང་ནི་དྲ་གྲོགས་མིང་ལ་ར་མདའ་བ་ཟེར་བ་ཞིག་གི་བཀའ་དྲིན་ལ་བརྟེན་ནས་ངས་ཐོག་མར་ངོ་ཤེས་ཤིང་། རྗེས་སུ་ལོ་རྒྱུས་སྨྲ་བ་མཁར་རྨེའུ་བསམ་གཏན་རྒྱལ་མཚན་གྱིས་བྲིས་པའི་མཛད་རྣམ་མདོར་བསྡུས་ཤིག་ལས་རྒྱུས་ལོན་ཏོག་ཙམ་བྱས་པ་ཡིན། ངོ་མ་འདས་ཟིན་པའི་བོད་པའི་སྤྱི་ཚོགས་ལོ་རྒྱུས་ཁྲོད་ཆེས་སྤྱིར་བཏང་བའི་མི་ཚེའི་བརྒྱུད་རིམ་ལ་བརྟེན་པའི་ངེས་དོན་དྲན་དབང་མང་བོ་ཞིག་བྱོན་འདུག་ཨང་།
བོན་གྱི་མཁས་པ་ཁོང་གིས་རང་ལོ་བཅུ་གསུམ་སྟེང་ནས་རང་སྦྱོང་ལ་བརྟེན་ཏེ་ཡི་གེ་འབྲི་ཀློག་གི་དབུ་བཙུགས་ཤིང་། དུས་ཡུན་ཐུང་ངུའི་ནང་གྲུབ་འབྲས་མི་དམན་པ་ཐོབ་སྟེ་ཁོང་གི་ཕྱག་བྲིས་ལ་གཞན་དང་ཆེས་མི་འདྲ་བ་མཐོང་མ་ཐག་ངོས་འཛིན་ཐུབ་པའི་ཁྱད་ཆོས་ཤིག་ཡོད་ཅེས་མང་བོས་གླེང་།རིམ་གྱིས་ལྷ་རིས་ལའང་བྱང་ཆུབ་པར་གྱུར་མོད། རྒྱ་མཚོ་ཆུ་ཡིས་མི་ངོམ་པ་དང་མཁས་པ་ལེགས་བཤད་ཀྱིས་མི་ཚིམ་པའི་བདེན་དོན་ལྟར་ཁོང་གིས་ཀྱང་སྐྱིད་པའི་ཕ་ཡུལ་ཤར་ཁོག་རྒྱབ་ཏུ་བཞག་སྟེ། དབུས་གཙང་དུ་ཞབས་ཐང་ལ་ཕེབས་ནས་གྲུབ་མཐའ་རིས་མེད་ཀྱི་བླ་མ་ཁྱད་པར་ཅན་མང་བོ་ལས་དབང་ལུང་མན་ངག་ཞུ་བ། ཀོང་པོ་སྟག་རྩེ་རི་ཁྲོད་དགོན་པར་བཞུགས་ཏེ་ཀོང་པོའི་གནས་ཆེན་ཁག་དང་། སྟོན་པ་གཤེན་རབ་མི་བོས་བྱིན་གྱིས་རླབས་པར་གྲགས་པའི་གནས་མཆོག་བོན་རི་སོགས་ལ་གནས་བསྐོར། ནང་བའི་གདན་ས་གྲགས་ཅན་སེ་འབྲས་དགའ་གསུམ་ལ་མཆོད་མཇལ་སོགས་གྲུབ་རྗེས། བོན་གྱི་གྲྭ་ས་ར་ལག་གཡུང་དྲུང་གླིང་ཏུ་ཕེབས་ནས་རབ་ཏུ་བྱུང་། མཁས་པའི་དབང་པོ་མཁས་གྲུབ་ལུང་རྟོགས་རྒྱ་མཚོ་སོགས་བསྟེན་ཏེ་བོན་གྱི་བཀའ་྄པོ་ཏི་ལྔའི་གཞུང་ཆེན་འཆད་ཉན་གྱི་རྩོད་གྲྭར་ཞུགས་པ་མ་ཟད་སྤྱིའི་རིག་གནས་ཆེན་པོ་ལྔའི་སློབ་སྦྱོང་ཡང་མཐའ་ཕྱིན་པར་མཛད། རྫོགས་ཆེན་ཨ་ཁྲིད་ཀྱི་སྔོན་འགྲོ་དང་དངོས་གཞི་སོགས་ཞུས་ཏེ་སྒོམ་གྱི་ཉམས་ལེན་ཡང་བསྐྱངས། མཆེད་གྲོགས་དམ་པ་མཁས་པའི་ཁྱུ་མཆོག་སྒང་རི་བ་ཚུལ་ཁྲིམས་རྒྱལ་མཚན་མཆོག་དང་ལྷན་དུ་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་གྱི་མཚན་བཏགས་བཞེས།
སྤྱི་ལོ་༡༩༢༠ལོར་གཡུང་གླིང་མཁན་ཆེན་ཤེས་རབ་བློ་ལྡན་མཆོག་གི་བཀའ་ལྟར་རང་ཡུལ་ཨ་མདོར་ཕེབས་ཏེ། ཟུང་ཆུའི་ཕྱོགས་ཀྱིས་གཙོས་འཕན་ཆུ་མདའ་ཆེན་དགོན་དང་གནས་ཆེན་བྲག་དཀར་བྱ་རྒོད། རྔ་ཁོག་འཕན་ཆུ། མདའ་ཆེན་དཀར་མོ་རི་ཁྲོད། སྐྱང་ཚང་དགོན་པ་ཕུན་ཚོགས་དར་རྒྱས་གླིང་། མཐེ་བོ་རྣམས་སུ་བོན་གྱི་བསྟན་པ་རྒྱ་ཆེར་སྤེལ་ཞིང་། ཧོར་བ་དྲུང་རམས་པ་ཞེས་པའི་གྲགས་དཀར་ཕྱོགས་སུ་མཆེད་མོད། དམངས་གཙོ་བཅོས་བསྒྱུར་དང་། རིག་གནས་གསར་བརྗེ་སོགས་ཀྱིས་ཧོར་བཙུན་དམ་པ་ཁོང་ཡང་ཉེས་མེད་ཉེས་འགེལ་གྱིས་བཙོན་དུ་བཅུག་པ་སོགས་བློས་མི་དཔོག་པའི་སྐུ་ཚེགས་ལ་གཏད་ཀྱང་། ཆོས་ལུགས་པ་ཞིག་ལ་ཡོད་དགོས་པའི་རང་གཤིས་དང་ལྡན་པར་མངོན་ལྐོག་ཅི་རིགས་ནས་སྒྲུབ་པ་ཉམས་བཞེས་ལ་གཞོལ་ཞིང་དད་དམ་གཙང་མས་སྐུ་ཚེ་མཐའ་འཁྱོལ་བར་གནང་སྟེ། དགུང་ལོ་གྱ་བདུན་པ་སྤྱི་ལོ་༡༩༧༥ལོར་སྐུ་གཤེགས་སོ།།
གཡུང་དྲུང་བོན་གྱི་བསྟན་པ་འཛིན་སྐྱོང་གི་ཁུར་ཐེག་པའི་ཞལ་སློབ་ཀྱང་མང་བོ་ཡོད་འདུག་ལ། ཧོར་བཙུན་དམ་པ་རང་གིས་བྲིས་པའི་རྟོགས་བརྗོད་སྟོད་ཆ་ཙམ་ཡོད་པ་དེར་རྟོགས་ལྡན་བློ་བཟང་རྒྱ་མཚོས་ཁ་སྐོང་བགྱིས་པ་ཞིག་ཀྱང་ཡོད་འདུག་པས་གོ་སྐབས་བྱུང་ན་ཞིབ་པར་མཇལ་འདོད་ཡོད་ལ། ཀློག་པ་བོ་ཁྱོད་ཀྱིས་ཀྱང་སྐྱེས་བུ་དམ་པའི་ཁྱད་ཡོན་མཁྱེན་འདོད་ན་གླེགས་བམ་དེ་ཉིད་དང་གསུང་རྩོམ་ཆིག་སྒྲིལ་བྱས་པ་སོགས་ཞིབ་པར་ཀློགས་ཤིག
ང་ཚོས་མཁས་དབང་འདི་འདྲ་ལ་ངེས་པར་དུ་རྗེས་ཞུ་འོས་མོད། ཁོང་དང་ཁོང་ལྟ་བུ་མང་བོ་ཞིག་ཆེས་ལྷིང་འཇགས་ཀྱིས་ཕེབས་ཤིང་སྣང་མེད་དུ་བཞག་པས། ཕལ་མོ་ཆེའི་གཟི་བྱིན་དང་ཕྱག་རྗེས་མག་མོག་ནས་གཞི་མེད་དུ་ཡལ་སོང་། དུས་ད་ལྟ། སྒང་བ་བོད་པ་ཚང་གཉིད་ལས་སད་སྟངས་ཤིག་ཡིན་ནམ། ཆགས་སྡང་དང་རིགས་མཐུན་ཕྲག་དོག་སོགས་ཀྱི་གནོན་ཤུགས་མ་བཟོད་པར་རང་སྲོག་བཅད་པ་ལའང་རྗེས་དྲན་བྱེད་ཀྱིན་འདུག་ལ། ཆང་སྐྱོན་གྱིས་ཤི་བ་དང་གཟའ་འཁོན་གྱིས་ལྕེབས་པ་སོགས་ལའང་། གློ་སྙིང་མཆིན་གསུམ་འདར་འདར་དང་མིག་ཆུ་འཛར་འཛར་གྱིས་ཤུགས་ཆེན་པོས་རྗེས་དྲན་དང་ངོ་སོ་བསྟོད་པར་བྲེལ་བ་ལས། ཕྱག་རྗེས་ཀྱི་ཟབ་ཚད་མི་གཞལ་ལ་སྐུ་ཡོན་གྱི་གཏིང་མཐའ་མི་འཚོལ། དེ་བས་ངས། ལྟ་གྲུབ་མི་གཅིག་ཀྱང་རིགས་རྒྱུད་གཅིག་པའི་བོད་པའི་མཁས་དབང་ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་ལ་མ་བཅོས་སེམས་པའི་གཏིང་རིམ་ནས་རྗེས་དྲན་དང་གུས་འདུད་ལན་བརྒྱར་འདོད། མི་རིགས་ཀྱི་ངོས་ནས། ཤེས་རབ་ཀྱི་ཆ་ནས། རྗེས་དྲན་ཟེར་བ་ཁོང་དང་ཁོང་ལྟ་བུ་ལ་མི་ཞུ་ན་སུ་ལ་ཞུ།
༅༅།ངས་བོན་པོའི་རྒྱལ་རབས་ཐེངས་ཁ་ཤས་བཀླགས་པ་ཡིན། བོན་པོའི་དགེ་བཤེས་ལོ་གཞོན་ཞིག་
དང་གྲོགས་འདྲིས་བྱུང། ཁོ་ཡང་བོད་ཀྱི་རྒྱལ་རབས་དང་རིས་མེད་ཆོས་བྱུང་ལ་ཐུགས་སྣང་དང་
གནང་མཁན་ཞིག་རེད། བོན་པོའི་རྒྱལ་རབས་ལ་ཆ་བཞག་ན་བོད་ཆགས་ནས་་ལོ་སྟོང་ཕྲག་བཅུ་ལྷག་
འགྲོ་གི་འདུག་ བོད་ཀྱི་དར་ལྕོགས་དང་རྔ་དྲིལ་བུ་སོགས་མང་པོ་བོན་ལུགས་ནས་ཚུར་དར་བ་ཞིག་རེད་
འདུག་ བསྐོར་བ་ཕྱི་སྐོར་བརྒྱབ་རྒྱུ་དེའང་གོ་བ་ཧ་ལས་པ་ཞིག་བརྒྱབ་ཀྱི་འདུག་
བོན་པོའི་གསོ་རིག་སྨན་པ་གྲ་པ་ཞིག་ཡོད་པ་ཁོ་རང་ཆོས་ལུགས་དབྱེ་་མེད་གནང་མཁན་
ཞིག་རེད། བོད་ཀྱི་རྒྱལ་རབས་བཤད་ན་མགོ་བོན་པོའི་རྒྱལ་རབས་ནས་མ་བཙུགས་ན་མི་འགྲིགས་
པ་ཞིག་དངོས་གནས་རེད་འདུག།
བོན་པོར་བོན་དཀར་དང་བོན་ནག་གཉིས་འདུག་འདི་སྐོར་ཀློག་ཐུབ་མ་སོང།
༅༅། སྔོནམའི་འཕྲོས། བོན་བཀར་དང་བོན་ནག་གཉིས་ཀྱི་སྐོར་ལ་གསུང་རྒྱུ་ཡོད་ན་
ཉན་ཀློག་བྱ་འདོད་ཆེན་པོ་ཡོད།
ཨ་འབར་ལགས་ནས་དྲི་བ་བཀོད་པར་ཐུགས་རྗེ་ཆེ་ཞུ། བོན་རང་གི་ལུགས་ལ་བོན་དཀར་ནག་གཉིས་ཀྱི་ཐ་སྙད་ཅིག་བྱུང་མྱོང་མེད། བོན་དཀར་ནག་གི་དབྱེ་བ་འབྱེད་མཁན་དེ་ཚོ་ཕྲག་དོག་ཅན་གྱི་ཆོས་པ་ཁ་ཤས་ཤིག་རེད། བོན་ལ་གསར་རྙིང་གི་ཐ་སྙད་ཅིག་འབྱུང་གི་འདུག འདི་ཡང་ཕྱིས་སུ་བྱུང་བ་ཞིག་རེད། །
ངའི་དྲི་བ་ཁ་ཤེས་ཡོད་པའི་བོན་ལ་རྒྱུན་མངའ་ཡོད་མཁན་རྣམས་ཀྱིས་ལན་ཞིག་གནང་བའི་རེ་བ་ཡོད། །ལྟ་བ་ཡས་འདེད་དང་སྤྱོད་པ་མས་འདེད་ཀྱི་དོན་གང་ཡིན་ནམ། །བོན་དང་གཡུང་དྲུང་བོན་གཉིས་གང་གིས་སྒོ་ནས་ཁྱད་པར་དང་དུས་རབས་ག་དུས་དང་མཁས་པ་གང་གི་སྐབས་སུ་བྱུང་པ་ཡིན་ནམ། །ཐེག་པ་རིམ་པར་དགུ་གང་དང་གང་ཡིན་དང་ཇུ་ཐིག་སུམ་བརྒྱ་དྲུག་བཅུ་སོགས་རྒྱུ་ཡིན་ཐེག་པ་འགྲོ་ཚུལ་གང་ཡིན་ནམ།
་་་་་་་་་ དེ་བས་ངས། ལྟ་གྲུབ་མི་གཅིག་ཀྱང་རིགས་རྒྱུད་གཅིག་པའི་བོད་པའི་མཁས་དབང་ཧོར་བ་དྲུང་རམས་པ་བསྟན་འཛིན་བློ་གྲོས་རྒྱ་མཚོ་མཆོག་ལ་མ་བཅོས་སེམས་པའི་གཏིང་རིམ་ནས་རྗེས་དྲན་དང་གུས་འདུད་ལན་བརྒྱར་འདོད། ་་་་་་་་
བོན་ལ་མཁྱེན་རྒྱ་ཅན་སུ་རུང་གིས་གཤམ་གསལ་དག་ལན་ལྡོན་རྒྱུ་ཐུགས་ལ་ཟུངས།
༡། སྟོན་པ་གཤེན་རབས་བོད་རིགས་རེད་དམ། འཁྲུངས་ཡུལ་ཞང་ཞུང་གི་སྟག་གཟིག་(Persia) འོལ་མོ་ལུང་རིང་རེད་ཟེར། དོན་དུ་ཞང་ཞུང་རེད་དམ་སྟག་གཟིག་རེད། སྟག་གཟིག་ནི་ཁ་ཆེའི་ཡུལ་Persiaལ་ངོས་འཛིན་ན། བོད་རིགས་མིན་ལས་ཆེ་སྙམ། གལ་སྲིད་མིན་ན་ནི་བོན་ཆོས་དེ་ཡང་ནང་ཆོས་ལྟར་ཡུལ་གཞན་ནས་དར་བ་ཞིག་ལས། བོད་རང་གི་ས་དར་རྡོ་དར་གྱི་ཆོས་སུ་ཇི་ལྟར་རུང་།
༢། སྟོན་པ་གཤེན་རབ་རང་གི་རྟ་བདུན་སྲིན་མོ་སྤུན་དགུས་བརྐུས་ཤོར་བའི་ར་མདར་བོད་དུ་ཕེབས་པར་བཤད་ན། སྟོན་པ་ཁོང་ནི་ནོར་སྐྱོང་རྒྱུ་སྲེད་ཅན་ཞིག་མ་རེད་དམ།
༣། བོན་གྱི་བླ་མ་རེ་གཉིས་ངོ་མཚར་བའི་རྟགས་སྣ་ཚོགས་དང་བཅས་སྐུ་གཤེགས་པའི་ལོ་རྒྱུས་ཡིག་ངག་གཉིས་ན་འདུག་མོད། གུས་པས་ཐོས་ཚད་པོས་བོན་གཅིག་པུ་མ་ཡིན་པར་བན་གྱི་བླ་མ་ལས་ཀྱང་རྫོགས་ཆེན་མ་ཞུས་པ་ཞིག་མཇལ་མ་སོང་། དེས་ན་དེ་བོན་ཆོས་ཀྱི་ཆེ་བར་བསྒྲགས་ན་ཇི་ལྟར་འཐད་དམ། བན་ཆོས་རྩ་ནས་ཞུས་མ་མྱོངས་པའི་བོན་གྱི་བླ་མ་གྲུབ་པ་མཐོན་པོར་གཤེགས་པ་འགའ་ཤས་ཀྱི་མཚན་གསུངས་དང་།
༤། ཤངས་པ་བཀའ་བརྒྱུད་སྲོལ་གཏོད་པ་པོ་(མཚན་མི་དྲན)དང་པོ་བོན་པོ་ཞིག་རེད་ཀྱང་བར་དུ་བན་དུ་གྱུར་འདུག བན་ནས་བོན་དུ་གྱུར་བའི་བླ་མ་གྲགས་པ་ཅན་འགའ་རེ་དཔེ་མཚོན་དུ་དྲང་རྒྱུ་ཡོད་དམ།
༥། བོན་གྱི་གླེགས་བམ་རེ་ཤས་མཇལ་མྱོངས་པའི་ནང་དུ། དབུ་ན། ཞང་ཞུང་གི་སྐད་དུ་དང་། རྒྱ་ནག་གི་སྐད་དུ། རྒྱ་གར་གྱི་སྐད་དུ། ཧོར་གྱི་སྐད་དུ། ཞེས་སོགས་སྐད་རིགས་བཞི་ལྔ་ཡན་གསུངས་པའི་རྒྱུ་མཚན་ཅི་ཡིན་ནམ། ད་དུང་གླེགས་བམ་དུ། རྒྱལ་པོའི་ཁབ་སོགས་རྒྱ་གར་ནང་པའི་གནས་ཆེན་རེ་ཤས་ཀྱི་མིང་ཡང་ཡང་ཐོན་ཡོང་བའི་རྒྱུ་མཚན་ཅི་ཡིན་ནམ།
༦། གུས་པས་བོན་གྱི་པུ་ཏི་ཞིག་བཀླགས་པ་དེ་མགོ་ནས་མཇུག་བར་དུ། དཔེར་ན། ཡུལ་ག་གེ་མོར་བཞུགས་པའི་ཀླུ་ཆེ་གེ་མོ་ཅིག་ཅིག་ཅིག་ལ་ཕྱག་འཚལ་ལོ། ཞེས་སོགས་ཀླུ་ཡི་རིགས་ཤ་སྟག་ལ་ཕྱག་འཚལ་བའི་ཚིག་གིས་མཇུག་བསྐྱལ་འདུག་ན། འདི་བོན་གྱི་ཆོས་སུ་བགྲང་ངམ།
ལན་ཡོད་ན་ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ།
ཆོས་ལུགས་ཀྱི་ལྟ་བ་ཤུགས་ཆེ་ན་མི་རིགས་ཀྱི་ལྟ་བ་ཧ་ཅང་གི་ཆུང་བས་བོད་ཀྱི་བདེ་སྡུག་ནི་རང་གི་ཁེ་ཕན་སྒྲུབ་བྱེད་ཀྱི་ལག་ཆ་ཙམ་ལས། དོན་དངོས་མི་རིགས་ཀྱི་གནད་དོན་ལ་བསམ་བློ་བཏང་གི་མ་རེད།
བོན་ཆོས་དང་བོན་གྱི་ལོ་རྒྱུས་མཁྱེན་འདོད་ཡོད་མཁན་ཚོས་བོན་དཔེ་མང་་ཙམ་གཟིགས་ན་དགེ་མཚན་ཆེ། དེ་མིན་ཆགས་སྡང་གིས་བསླད་པའི་དྲི་བ་དང་། མ་མཐོང་མཐོང་འདོག་གིས་བོན་གཞུང་ལས་ཅིག་ཅིག་ཉིག་ཉིག་ཟེར་འདུག་རབས་བཤད་པས་ཅི་ཕན། བོན་དཔེ་ངོ་སྤྲོད་དང་བཅས་གསུང་ཡ་ཡོད་ན་མིའི་སྐད་ཆ་རེད། དེ་མིན་བོད་མི་རིགས་ཀྱི་ལས་དབང་ལ་མི་ཕན་པའི་གྲུབ་མཐའི་ཆགས་སྡང་གྱི་སྐད་ཆ་ནི་རང་མདོག་བསྟན་པ་ཚམ་ལས་དེང་སྐབས་རིན་ཐང་དེ་ཙམ་ཨི་ཡོད་སྙམ།
༡། སྟོན་པ་གཤེན་རབས་བོད་རིགས་རེད་དམ། འཁྲུངས་ཡུལ་ཞང་ཞུང་གི་སྟག་གཟིག་(Persia) འོལ་མོ་ལུང་རིང་རེད་ཟེར། དོན་དུ་ཞང་ཞུང་རེད་དམ་སྟག་གཟིག་རེད། སྟག་གཟིག་ནི་ཁ་ཆེའི་ཡུལ་Persiaལ་ངོས་འཛིན་ན། བོད་རིགས་མིན་ལས་ཆེ་སྙམ། གལ་སྲིད་མིན་ན་ནི་བོན་ཆོས་དེ་ཡང་ནང་ཆོས་ལྟར་ཡུལ་གཞན་ནས་དར་བ་ཞིག་ལས། བོད་རང་གི་ས་དར་རྡོ་དར་གྱི་ཆོས་སུ་ཇི་ལྟར་རུང་།
སྟོན་པ་གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་མཆོག་ཞང་ཞུང་ལ་འཁྲུངས་ཡོད་ནའང་འདྲ། སྟག་གཟིག་ལ་འཁྲུངས་ཡོད་ནའང་འདྲ་གང་ལྟར་བོད་རིགས་ཅིག་རེད་ཟེར་ནའང་འགྲིག་ངེས་རེད། ད་ལྟའི་བོད་ཀྱི་ས་སྐོར་དང་སྔོན་རབས་ཀྱི་བོད་ཀྱི་ས་སྐོར་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ངས་ལྟས་ན་ཕལ་ཆེར། ཏུར་ཀི་དང་། ཨཕྒན་དང་། པཱ་ཀིས་ཐན་དང་། ཏ་འཇིག་སོགས་བྱང་བརྒྱུད་དབུས་མའི་མི་རིགས་དེ་ཚོའི་ངོ་གདོང་ལ་ཡག་པོ་བལྟས་ན་བོད་རིགས་དང་ཧ་ཅང་ཆ་འདྲ་པོ་མངས་པོ་འདུག ཁོ་ཚོའི་འཚོ་བ་སྐྱེལ་སྟངས་ཀྱང་ནོར་ལུག་དང་ལྷན་དུ་བོད་རིགས་ཀྱི་འབྲོག་པ་དང་ཧ་ཅང་མཚུངས། རྗེས་སུ་ག་ལེར་མངས་ཆེ་བ་ཁ་ཆེ་དང་ཡེ་ཤུ་ལ་འགྱུར་སོང་བ་དེ་འདྲ་ཡིན་ངེས། དཔེར་ན་དེང་གི་པཱ་ཀིས་ཐན་གྱི་བྱང་ཕྱོགས་བྲུ་ཤའི་ཡུལ་དུ་བོད་ཡིག་གི་བྲག་བསྐོས་རིས་མོ་དང་བོད་སྐད་རྒྱག་མཁན་བོད་རིགས་ཀྱི་ཡུལ་སྡེ་གནས་མུས་སུ་ཡོད་པ་ལྟར་རེད། བྲུ་ཤའི་ཡུལ་དེ་ནི་བོན་པོ་ཚོས་རྩ་ཆེན་པོ་ཞེ་དྲགས་བརྩི་སྲོལ་འདུག དེར་མ་ཚད་སྔོན་ཆད་ཡིན་ན་ལ་དྭགས་དང་གར་ཤ་ཁུ་ནུ་སོགས་བྱང་ཕྱོགས་ཀྱི་ས་ཕལ་མོ་ཆེ་བོད་པས་རེད་ལ་མི་རིགས་ཀྱང་བོད་མི་རེད། ཡིན་ནའང་དེང་སང་ཁོང་ཚོ་བོད་པ་ཡིན་ལབ་ཀྱི་མ་རེད། རྒྱ་གར་བ་ཡིན་ཟེར་ཡོང་། དེ་བཞིན་འབྲུག་དང་ཨ་སམ་སི་ཀིམ་སོགས་སོགས་དང་། བལ་པོའི་གློ་དོལ་ཡུལ་མོ་ཤར་པ་སོགས་སྔོན་མ་ཡིན་ན་བོད་པ་རེད། དེང་སང་ཁོང་ཚོ་བལ་པོ་བ་ཡིན་ལབ་ཀྱི་རེད། དུས་ཀྱིས་དབང་གིས་འགྱུར་ལྡོག་ཟེར་བ་ཀུན་ལ་ཡོང་བཞིན་པ་རེད། ཡང་གཅིག་བསམ་ན་སྟོན་པ་བཅོམ་ལྡན་འདས་ཀྱང་སྔོན་ཡིན་ན་རྒྱ་གར་བ་ཞིག་ཡིན་ལ་རྒྱ་གར་ལ་འཁྲུངས་རབས་ཀྱང་ལོ་རྒྱུས་ནང་གསལ། ཡིན་ནའང་དེང་སང་ཁོང་བལ་པོར་འཁྲུངས་རབས་དང་བལ་པོ་བ་ཞིག་ཡིན་བརྗོད་བཞིན་འདུག་བ། ཅིའི་ཕྱིར་ན་ལུམ་སྦུ་གནས་རྒྱ་གར་ནས་ཁ་བྲལ་ནས་་བལ་པོའི་ས་ཁོངས་སུ་གྱུར་བས་སོ།
བོན་ལུགས་ཀྱི་སྲོལ་གཏོད་མཁན་སྟོན་པ་གཤེན་རབ་མི་བོ་མ་རེད། གཤེན་རབ་མི་བོའི་སྔོན་ནས་བོད་དང་གངས་རིའི་ལྗོངས་སུ་བོན་ལུགས་ཡོད་ཡོད་པ་རེད། དེར་མ་ཚད་གཤེན་རབ་མི་བོའི་སྔོན་ནས་ཁོང་གི་མེས་རབས་དེ་ཚོའི་དུས་ནས་ཀྱང་སྒྲ་བླ་དང་ཝེར་མ་དང་དཔའ་ཐུལ་སོགས་གསོལ་མཆོད་བྱེད་པའི་ལམ་ལུགས་ཡོད་པ་གསལ་ཡོད་པ་རེད།
གཤེན་རབ་མི་བོ་ཀུན་ལས་རྣམ་པར་རྒྱལ་མཆོག་གི་སྲོལ་གཏོད་པའི་བོན་ལུགས་དེ་ལ་་་འཕྲུལ་ངག་བདེན་པ་གཡུང་དྲུང་གི་བོན་་་ཞེས་ཐེག་པ་རིམ་པ་དགུའི་བདག་ཉིད་ཅན་ཞིག་ཡིན་པ་རེད། ཐེག་པ་རིམ་པ་དགུ་དེ་ལ་ཡང་བརྩི་སྲོལ་མི་འདྲ་བ་གསུམ་ཙམ་བྱུང་འདུག དེ་ཡང་་་ལྷོ་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ བྱང་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ དབུས་གཏེར་ལུགས་ཀྱི་ཐེག་པ་རིམ་དགུ་བཅས་ཡིན་པ་རེད། ལྷོ་གཏེར་ཞེས་པ་ནི་ལྷོ་འབྲི་མཚམས་མཐའ་དཀར་ནས་གཏེར་དུ་ཐོན་པའི་བོན་དཔེ་ཚོ་ལ་གོ་དགོས། བྱང་གཏེར་ཞེས་པ་ནི་བྱང་ཟང་ཟང་ལྷ་བྲག་དང་བྱང་དང་ར་ཁྱུང་རྫོང་སོགས་ནས་གཏེར་དུ་ཐོན་པའི་བོན་དཔེ་སོགས་གོ་དགོས། དབུས་གཏེར་ཞེས་པ་ནི་དབུས་ལྷ་སའི་བྲག་ཡེར་པ་དང་བསམ་ཡས་ལྷ་ཁང་སོགས་ནས་གཏེར་དུ་ཐོན་པའི་བོན་དཔེ་སོགས་ལ་གོ་དགོས། མདོར་བསྡུས་ཙམ་དུ་ཕུལ། །
༢། སྟོན་པ་གཤེན་རབ་རང་གི་རྟ་བདུན་སྲིན་མོ་སྤུན་དགུས་བརྐུས་ཤོར་བའི་ར་མདར་བོད་དུ་ཕེབས་པར་བཤད་ན། སྟོན་པ་ཁོང་ནི་ནོར་སྐྱོང་རྒྱུ་སྲེད་ཅན་ཞིག་མ་རེད་དམ།
སྟོན་པ་རྟ་ལ་ཆགས་པ་མ་ཡིན་ཡང་འགྲོ་བ་འདུལ་བའི་དོན་ལ་དགོངས་ནས་ཅེས་ཁ་གསལ་པོ་གསུངས་ཡོད་པ་རེད། ཁྱེད་རང་གི་དགོངས་ཚུལ་ལྟར་བྱས་ན། ཁྱེད་ཚང་གི་མགོན་པོ་ཀླུ་སྒྲུབ་ཀྱང་བཙན་དན་གྱི་དྲི་མ་ལ་ཆགས་སྲེད་ལངས་ཀླུ་ཕྲུག་ལ་དགའ་ཐག་ཆོད་ནས་ཀླུ་ཡུལ་ལ་ཕེབས་པ་རེད་ཟེར་དགོས་པ་རེས་བས།
Bon གྱི་ལན་དང་པོ། ཞིབ་འཇུག་བྱས་ཟིན་པའི་གྲུབ་དོན་ཞིག་མ་རེད་ཀྱང་། བསམ་ཚུལ་རྣམས་ཡིད་ལ་འཐད་པོ་བྱུས་བས་ལེགས་སོ་ཞུ།
ལན་གཉིས་པ། རྟའི་ར་མདར་ཕྱིན་པ་གདུལ་བྱའི་དོན་ཡིན་དབང་དུ་བྱས་ཆོག་མོད། རང་ལ་རྟ་གཅིག་གིས་མི་ཚད་བདུན་ཡོད་ན། ཕྱུགས་ཟོག་ཡོད་པའི་བཟོ་མི་འདུག་གམ། རྟས་མཚོན་པའ་སྒོ་ཕྱུགས་སེམས་ཅན་ཅི་འདྲ་ཡོད་དམ།
རྟ་རིག་པ་ཅན་ངོ་མཚར་བ་དེ་འདྲ་ཡོད་ས་རེད། ཡང་ན་རྟ་ལ་བང་རྩལ་སོགས་ལེགས་པར་བསླབ་པའི་རྟ་དམིགས་བསལ་བ་དེ་འདྲ་ཡིན་ངེས། གཤེན་གྱི་ཆིབས་རྟ་ཞེས་ལབ་འདུག་བསམ་སོང་། སྔོན་མ་ཡིན་ན་མོ་ཊ་དང་གནམ་གྲུ་སོགས་མེད་དུས་རྟ་དེ་ཚོ་ཕར་ཚུར་འགྲོ་བྱེད་ལ་དགོས་པ་ཆེན་པོ་ཡིན་ངེས། གཤེན་རབ་རྟ་ལ་ཐུགས་བརྙེས་པ་ནི་བོད་གངས་ཅན་པའི་ཕོ་རྒོད་གཞན་ཀུན་གྱི་སེམས་ཁམས་དང་མཐུན་པ་རེད། བོད་ཡུལ་སྟོད་སྨད་བར་གསུམ་ཚང་མར་རྟ་རྒྱུག་མདའ་འཕེན་གྱི་དུས་ཆེན་བརྩི་སྲོལ་ཡོད་པ་འདི་ཡང་གཤེན་རབ་བོ་མོའི་སྐུ་དུས་ནས་བྱུང་མྱངས་བ་ཞིག་ཡིན་ངེས། དེར་མ་ཚད་སྟོན་པས་ལྷ་མདའ་འཕངས་ཏེ་བདུད་ཀྱི་ལྕགས་མཁར་སྒོ་དགུ་ཕུག་ནས་ཕར་རིའི་རི་ལ་ཟུགས། མདའ་དེ་ཀོང་བཙུན་དེ་མོས་དར་དཀར་གྱིས་ལྕིབས་ནས་སྟོན་པ་ལ་ཕུལ་བས། མདའ་དྲངས་ཤུལ་ནས་ཆུ་མིག་ཅིག་ཐོན་པས་དེང་སང་ཡང་་་མདའ་དྲངས་ཆུ་མིག་་་ཅེས་པ་ཀོང་པོར་མཇལ་རྒྱུ་ཡོད།
༢། སྟོན་པ་གཤེན་རབ་རང་གི་རྟ་བདུན་སྲིན་མོ་སྤུན་དགུས་བརྐུས་ཤོར་བའི་ར་མདར་བོད་དུ་ཕེབས་པར་བཤད་ན། སྟོན་པ་ཁོང་ནི་ནོར་སྐྱོང་རྒྱུ་སྲེད་ཅན་ཞིག་མ་རེད་དམ།
སྟོན་པ་གཤེན་རབ་ཀྱི་རྟ་བདུན་སྲིན་མོ་སྤུན་དགུས་བརྐུས་ཚུལ་ཇི་ལྟར་ཡིན་ནམ། གསལ་བཤད་ཅིག་མཁྱེན་ལོ་ཡག་ལགས།
་་་་་་ བོན་ལུགས་ཀྱི་སྲོལ་གཏོད་མཁན་སྟོན་པ་གཤེན་རབ་མི་བོ་མ་རེད། གཤེན་རབ་མི་བོའི་སྔོན་ནས་བོད་དང་གངས་རིའི་ལྗོངས་སུ་བོན་ལུགས་ཡོད་ཡོད་པ་རེད། དེར་མ་ཚད་གཤེན་རབ་མི་བོའི་སྔོན་ནས་ཁོང་གི་མེས་རབས་དེ་ཚོའི་དུས་ནས་ཀྱང་སྒྲ་བླ་དང་ཝེར་མ་དང་དཔའ་ཐུལ་སོགས་གསོལ་མཆོད་བྱེད་པའི་ལམ་ལུགས་ཡོད་པ་གསལ་ཡོད་པ་རེད། ་་་་་་་
བོན་བསྟན་གཤེན་རབས་ཀྱིས་སྲོལ་བཏོད་པ་མིན་ཞེས་ན་དེང་སྐབས་ཀྱི་རང་རིས་ཀྱི་བོན་པོ་ག་ཚོད་ཅིག་གིས་ཁས་ལེན་ནམ། དེང་སྐབས་མང་པོ་ཞིག་གིས་བོན་ཆོས་ནི་ཞང་ཞུང་ནས་བྱུང་ཞིང་། ཞང་ཞུང་ནི་བོད་པ་མིན་ཁར། བོད་ཀྱིས་བཙན་འཛུལ་བྱས་ཏེ་མི་སེར་སྤེལ་ཡུལ་གྱི་ཡུལ་ཏུ་ཆགས་པས་ད་ལྟ་ཞང་ཞུང་གི་སྐད་དང་ཡི་གེ་ཀུན་བརླགས་པ་འདོད་ཀྱིན་འདུག་པས། གལ་སྲིད་དེ་ལྟར་ཡིན་ན། བོན་ཆོས་འབྱུང་ཡུལ་གྱི་ཞང་ཞུང་བོད་པ་མིན་པས། ཁོ་ཚོའི་རིག་གཞུང་ཡང་བོད་ཀྱི་མིན་པ་གསལ་བོ་ཡིན་པས། བོན་ཆོས་བོད་ཀྱིས་བཟོས་བ་ཡིན་ཞེས་བ་འདི་རྒྱུ་མཚན་རྣམ་དག་ཏུ་མ་མཐོང་། འོན་ཀྱང་། དེ་ལྟར་མིན་པ་བོད་ཀྱི་རྒྱུན་ལྡན་གྱི་ལོ་རྒྱུས་ལྟར་ཞང་ཞུང་བོད་པ་ཡིན་པ་འདོད་ཚེ། གནས་དེ་རུ་འབྱུང་བའི་བོན་ཆོས་ནི་བོད་ཀྱི་ཡབ་ཆོས་རེད། གལ་སྲིད་བོན་དེ་སྟག་ཟིག་གི་ཨ་རབ་ནས་དར་བ་ཡིན་ན། བོན་ཆོས་དེ་བོད་ཀྱིས་བསྐྲུན་པའི་ཆོས་ལུགས་ཤིག་མིན་པ་གསལ་བོ་རེད།
བཀྲིས་བདེ་ལེགས།
སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་སྐོར།
དེང་ངས་བོན་གཞུང་ལ་ལྟ་ཀློག་གང་ཡང་མ་མྱོང་བའི་མི་འགའ་ཞིག་གིས། སྟག་གཟིག་འོལ་མོ་ལུང་རིང་ཟེང་བ་འདི། འགའ་ཞིག་གི་སོག་ཡུལ་ཡིན་པར་བཤད། འགའ་ཞིག་གིས་་པར་སིག་་གི་ཡུལ་ཡིན་པར་བཤད། འགའ་ཞིག་གིས་་ཨ་རབ་་ཀྱི་ཡུལ་ཞིག་ནས་ཡིན་པར་བཤད། དེ་དག་ཚང་བོན་གཞུང་ལ་ཟུར་ལྟས་ཙམ་ཡང་མ་མྱོང་བའི་ལུང་རིག་ཡོངས་སུ་འགལ་བའི་སྐད་ཆ་ལས་གནས་ལུགས་ཅུང་ཙམ་ཡང་མེད། རེ་འགའ་དེ་དག་གི་རྗེས་སུ་རྒྱུག་ལུང་རིག་གི་ཕྱོགས་ཙམ་ལ་མི་འགྲོ་མཁན་ཡང་ཡོང་གི་འདུག། གོང་ལྟར་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་བཤད་དགོས་ན། ལོ་རྒྱུས་ཀྱི་ལུང་ལྟར་བཤད་པའི་ས་ཆ་ཡུལ་ལུང་དག་རིག་པས་དཔྱད་ནས་ས་ཆ་དེ་དག་དེང་སང་གང་དུ་ཡོད་པ་དག་སྟོན་པ་གཤེན་རབ་འཁྲུངས་ཡུལ་ལ་ངོས་འཛིན་དགོས། དེ་མིན་ལོ་རྒྱུས་དང་མཐུན་པའི་ཡུལ་སྡེ་དག་ལོགས་སུ་བཞག་ནས། ཟུར་ཆ་ཙམ་མ་མཐུན་པའི་ས་ཆ་ཞིག་ལ་མཛུ་གུ་བཙུགས་བསྡད་ན་ལྐུག་པས་ལྐུག་རྟགས་ལས་གཞན་གང་ཡང་མིན། བོན་གཞུང་ལས་སྟོན་པ་གཤེན་རབ་འཁྲུངས་ཡུལ་གངས་ཏི་སེ་ཡིན་པ་གསལ་པོ་བཤད་འདུག།
{བོན་མདོ་གཟེར་མིག་ན“ནུབ་ཕྱོགས་འཇིག་རྟེན་གྱི་གླིང༌། ཆུ་བོ་ཆེན་པོ་བཞིའི་འགོ ལྷོ་འཛམ་བུ་གླིང་མིག སོག་ཀ་སྣོད་ཀྱི་འཇིག་རྟེན་གྱི་སྐྱབས། གངས་བཟང་བོ་མདུད་རྩེའི་ར་བ། རི་གཡུང་དྲུང་དགུ་བརྩེགས་ཀྱི་རྩར། བྲག་སེང་གེ་རྒྱབ་བསྣོལ་གྱི་བར། ས་པད་མ་འདབ་བརྒྱད་ཀྱི་སྟེང༌། གནམ་འཁོར་ལོ་རྩིབས་དགུའི་འོག ཤིང་གཞའ་ཚོན་འོད་འབར་གྱི་གསེབ། རྩ་མེ་ཏོག་སྣ་ཚོགས་ཀྱི་ནགས། གསོས་བདུད་རྩི་སྨན་གྱི་ཚལ། གནས་རིན་པོ་ཆེའི་འབར་བའི་མཁར། ཡུལ་དེའི་མིང་ནི་འོལ་མོ་ལུང་རིངས་ཞེས།}
{བོན་གྱི་མདོ་འདུས་ན“འཛམ་བུ་གླིང་གི་ནུབ་བྱང་ན།། མུ་འཁྱུད་འཛིན་གྱི་ལྷོ་ཡི་ཕྱོགས།།འཛམ་བུ་བྲིཀྵ་ཤིང་གི་རྩ།། རི་བོ་གངས་ཅན་ཏེ་སེའི་དྲུང།། མཚོ་ནི་མ་སྤང་གཡུ་མཚོའི་འགྲམ།། ཆུ་བོ་ཆེནཔོ་བཞི་འདུསའགོ།། སྤོས་རི་ངད་ལྡན་ཉེ་བའི་ས།། རི་ནག་དགུ་འདུས་ར་བ་སྟེ།། ཆུ་བོ་པཀྵ་སིརྡུས་བཅད།། དུས་གསུམ་སྟོན་པ་བྱོན་པའི་ཞིང༌།།”(14)ཞེས་དང༌། ཡང“གཤེན་ཡུལ་འོལ་མོ་ལུང་རིང་ ནི།།དཔག་ཚད་ལྔ་བཅུ་ཆུ་ཞེང་མཉམ།།གླིང་བཞི་རི་རབ་ཚུལ་དུ་གྲུབ།}
{ཏུན་ཧོང་ཡིག་རྙིང་ན “གནམ་གྱི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་བོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང༌། ཡུལ་བཟང༌།}
མཁའ་འགྲོ་གསང་གཅོད་ལས། {སྟག་གཟིག་བྱ་རི་གཙུག་ལྡན་གྱི་གནས་མཆོག་ན། འགྲོ་མགོན་ཚེ་དབང་རིག་འཛིན་ལ་གསོལ་བ་འདེབ།}
ཞེས་གསལ། སྟག་གཟིག་འོལ་མོ་ལུང་རིང་ཟེར་བའི་ས་ཆ་དེར། གངས་ཏི་སེའི་དང་ཁ་འབབས་ཀྱི་ཆུ་བོ་ཆེ་པོ་བཞི། མཚོ་མ་སྤང་། སྤོས་རི་ངད་ལྡན། བྱ་རི་གཙུག་ལྡན། མཐའ་ནས་གངས་རིའི་ར་བས་སྐོར་ཡོད་པ། དེར་བོན་གྱི་སྟོན་པ་གཤེན་རབ་ཀྱི་འཁྲུངས་ཡུལ་དེར་ཡིན་པ་ཁ་གསལ་གསུང་འདུག་པས། གོང་གི་བཤད་བཤད་པའི་ལུང་ལྟར་དེང་སང་རིག་པས་དཔྱད་ན་ས་ཆ་དེ་དག་བོད་མངའ་རིས་ཁུལ་ལ་མ་གཏོགས་འཛམ་གླིང་འདིས་ཐོག་ས་ཆ་གཞན་ལ་དེ་འདྲ་ཞིག་ཡོད་ཚོད་མི་འདུག།
བོན་ལུགས་དང་བོན་བསྟན་གཉིས་ཏོག་ཙམ་ཁག་ཁག་ཡིན་འགྲོ བསྟན་པ་ལབ་དུས་དེ་སྟོན་མཁན་གྱི་སྟོན་པ་ཞིག་ཡོད་དགོས་པ་ལྟ་བུ་རེད། བོན་ལུགས་ལབ་དུས་སྲིད་པ་ཐོག་མ་ནས་བོད་གངས་རིའི་ལྗོངས་སུ་བོད་མི་རིགས་ལྷན་དུ་བོན་ལུགས་སམ་བོན་གྱི་རིག་གནས་དང་རིག་གཞུང་སོགས་རྒྱ་ཆེ་ལ་རྒྱུན་རིང་བ་ཡོད་ཡོད་ཁ་ཡིན་པར་འདོད། དེ་ནི་རྒྱ་དཀར་ནག་སུ་ལའང་མ་ལྟོས་པའི་བོད་མི་རང་གིས་བྱས་པའི་གདོད་མའི་བོན་ལུགས་བཟང་མ་ཞིག་ལ་འདོོད་པ་ཡིན། སྔོན་གྱི་གདོད་མའི་བོན་ལུགས་དེ་ཚོ་ལའང་སྡེ་ཚན་དང་དབྱེ་བ་མང་པོ་ཡོད་པ་རེད། གཤེན་རབ་མི་བོ་མཆོག་ནི་ཐབས་མཁས་ལ་ཐུགས་རྗེ་ཆེ་བའི་སྟོན་པ་ཞིག་ཡིན་པས་ཁོང་གི་སྔོན་གྱི་གདོད་མའི་ལུགས་ཡོངས་རྫོགས་ཡལ་བར་དོར་ནས་སྔར་མེད་པའི་ཆོས་ལུགས་གསར་པ་ཞིག་བཟོས་པ་ལྟ་བུ་བདག་གིས་ནི་མི་འདོད། གཤེན་རབ་མཆོག་གིས་སྔོན་གྱི་གདོད་མའི་ལུགས་ཡོངས་རྫོགས་སྲུང་སྐྱོབས་དང་རྒྱུན་འཛིན་ཚད་ལྡན་ཡོང་ཆེད་ལ་དག་འཐེར་ལྟ་བུའི་ཤེས་རིག་གི་སྒྲོན་མེ་སྤར་བ་དང་།དེའི་སྒང་ལ་གཤེན་རབ་ཀྱི་དགོངས་དབྱིངས་ཟབ་མོ་ནས་འཁྲུངས་པའི་འཕྲུལ་ངག་བདེན་པ་གཡུང་དྲུང་བོན་གྱི་ཐུགས་རྗེ་དང་བྱིན་རླབས་བཅས།ཡོངས་རྫོགས་ཚང་བའི་གྲུབ་མཐའི་རྒྱལ་པོ་ཐེག་ཆེན་གཡུང་དྲུང་བོན་ཞེས། བོད་གངས་རིའི་ལྗོངས་སུ་བོན་ཁམས་བཙན་པོའི་རྒྱལ་ཁབ་ཡུལ་ཡར་ཀླུང་སོག་ཁར་ཐོག་མར་དབུ་ཚུགས་པ་ནས་དུས་དེང་གི་བར་ཀུན་གྱིས་མཇལ་ཡུལ་དུ་གྱུར་བ་འདི་རེད། །
སྔོན་དུས་ཤིག་ལ་བོན་གྱི་གླེགས་བམ་ཁ་ཤས་བཀླགས་མྱོངས། དེའི་ཚེ་དེའི་དུས་ན་མ་བསམ་ས་ནས་དོགས་པ་སྣ་མང་གིས་ཡ་ཁོག་ཁེངས་སོང་། གླེགས་བམ་གྱི་ཁ་བྱང་དང་རང་གི་དོགས་པ་རྣམས་མཆན་དུ་ཡང་བཏབ་མོད། ཕངས་པ་ཞིག་ལ་འགྲོ་སྡོད་ངེས་མེད་ཡུལ་གྱར་བའི་འཚོ་བ་འདིའི་ཁ་འཐབ་འོག་བོར་བརླག་ཏུ་ཕྱིན་ཏེ་ལོ་མང་ཐལ། ད་ལྟ་དྲན་ཡུལ་ན་གསལ་ལ་མི་གསལ་ཙམ་ལས་མི་འདུག
དཔེར་ན། གླེགས་བམ་ལ་ལར། རྒྱལ་པོའི་ཁབ་སོགས་རྒྱ་གར་གྱི་ནང་པའི་གནས་ཆེན་ཁ་ཤས་ཀྱི་མིང་ཡང་ཡང་ཐོན་པ་དང་། ནང་པར་མཚོན་ན། བསྟན་བཅོས་ཕལ་མོ་ཆེའི་དབུར། རྒྱ་གར་སྐད་དུ། ཞེས་འབྲི་ཞིང་། དེ་ལྟར་བྲིས་པ་ལ་དགོས་པ་རྒྱུ་མཚན་ཡང་མང་པོ་བགྲང་རྒྱུ་ཡོད། མི་འདྲ་ས་ནི། བོན་གྱི་གླེགས་བམ་དེ་རྣམས་སུ། ཞང་ཞུང་གི་སྐད་དུ་ཞེས་དང་། བོད་ཀྱི་སྐད་དུ་ཞེས་དང་། རྒྱ་ནག་གི་སྐད་དུ། རྒྱ་གར་གྱི་སྐད་དུ་ཞེས་སོགས་ཡུལ་གཞན་དང་གཞན་གྱི་སྐད་རིགས་མི་འདྲ་བ་མང་པོ་ཞིག་བྲིས་ཏེ་དབུ་བརྩམས་འདུག དེས་ན་བོན་གྱི་རྗེས་འབྲང་དག་གིས་སྐད་རིགས་དེ་དག་ཡུལ་དེ་དང་དེའི་སྐད་ཡང་དག་ཡིན་མིན་ཞིབ་འཇུག་བྱས་མྱོང་ངམ། དེ་ལྟར་བྲིས་པའི་དགོས་པ་རྒྱུ་མཚན་སྨྲ་རྒྱུ་ཡོད་དམ།
་་་་་་་ བོན་གཞུང་ལས་སྟོན་པ་གཤེན་རབ་འཁྲུངས་ཡུལ་གངས་ཏི་སེ་ཡིན་པ་གསལ་པོ་བཤད་འདུག། ་་་་་
{ཏུན་ཧོང་ཡིག་རྙིང་ན “གནམ་གྱི་དབུས། སའི་ནི་དཀྱིལ། གླིང་གི་ནི་སྙིང་བོ། གངས་ཀྱི་ནི་ར་བ། ཆུ་བོ་ཀུན་གྱི་མགོ་བོ། རི་མཐོ་ས་གཙང༌། ཡུལ་བཟང༌།}
འདི་གཉའ་ཁྲི་འམ། ཉག་ཁྲི་བཙན་པོ་ལ་སྦྱར་ནས་བཤད་ཡོད།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གདོད་མའི་མི་རིགས་ཀྱི་སྐོར་ལ་ཐུགས་རྩེ་བ་ཆེན་པོས་བཀའ་སློབ་གནང་བ་ཞིག་འདིར་འདུག་རྣམ་པ་ཚོས་ཡག་པོ་གསན་ནས་དགོངས་བཞེས་ལེགས་པར་གནོངས་རོགས། །
https://www.youtube.com/watch?v=PltpDD4TboA
བོན་གྱི་དཔེ་ཆ་མང་པོའི་དབུར། གཡུང་དྲུང་ལྷ་ཡི་སྐད་དུ་ན། གང་ཟག་མི་ཡི་སྐད་དུ་ན། དེ་བཞིན་སྟག་གཟིག་དང་ཞང་ཞུང་རྒྱ་དཀར་ནག་སོགས་ཀྱི་སྐད་དང་། སྤུ་རྒྱལ་བོད་ཀྱི་སྐད་དུ་ན་ཞེས་སོགས་བྲིས་ཡོད་པ་རེད། སྤྱིར་སྟངས་ཞང་ཞུང་སྐད་དུ་ཞེས་གསུངས་པའི་དོན་ནི་ཁུངས་བཙུན་པའི་ཆེད་ཡིན་པར་གསུངས་ཡོད། སྔོན་སྟག་གཟིག་དང་ཞང་ཞུང་སོགས་ལ་གཤེན་རབ་མི་བོས་བསྟན་པའི་གཡུང་དྲུང་གི་བོན་རིན་པོ་ཆེ་ཧ་ཅང་དང་ཁྱབ་ཆེན་པོ་བྱུང་བས། དེར་བརྟེན་དེ་དུས་རྒྱ་དཀར་ནག་སོགས་ལ་ཕར་འཕེལ་རྒྱས་སུ་ཕྱིན་པའི་བོན་སྡེ་དག་ཕྱིས་སུ་བོད་ལ་ཚུར་དར་ཡོང་བས་ནས་ཡུལ་ལུང་དེ་དག་གི་སྐད་དུ་ཞེས་རྩ་ཆེན་བརྩི་དགོས་པ་དེ་ལྟར་ཡིན་ངེས། གཞན་གཡུང་དྲུང་གི་བོན་རིན་པོ་ཆེའི་དགོངས་དོན་དང་འབྲེལ་བ་རྩ་ནས་མེད་པའི་ཆོས་ཚུལ་ཞིག་ཡིན་ན་དེ་ཉིད་སྐད་གང་གི་ཐོག་ལ་ཡོད་ནའང་སྐད་དེ་དེ་ཙམ་གཙིགས་ཆེན་དུ་མི་འགྱུར། །
༣། བོན་གྱི་བླ་མ་རེ་གཉིས་ངོ་མཚར་བའི་རྟགས་སྣ་ཚོགས་དང་བཅས་སྐུ་གཤེགས་པའི་ལོ་རྒྱུས་ཡིག་ངག་གཉིས་ན་འདུག་མོད། གུས་པས་ཐོས་ཚད་པོས་བོན་གཅིག་པུ་མ་ཡིན་པར་བན་གྱི་བླ་མ་ལས་ཀྱང་རྫོགས་ཆེན་མ་ཞུས་པ་ཞིག་མཇལ་མ་སོང་། དེས་ན་དེ་བོན་ཆོས་ཀྱི་ཆེ་བར་བསྒྲགས་ན་ཇི་ལྟར་འཐད་དམ། བན་ཆོས་རྩ་ནས་ཞུས་མ་མྱོངས་པའི་བོན་གྱི་བླ་མ་གྲུབ་པ་མཐོན་པོར་གཤེགས་པ་འགའ་ཤས་ཀྱི་མཚན་གསུངས་དང་།
བོན་གྱི་བླ་མེད་རྫོགས་ཆེན་གྱི་བསྟན་པ་ནི་དབང་ལུང་མན་ངག་གི་བརྒྱུད་རིམ་བླ་རབས་གོང་མའི་གོང་མ་སོགས་ནས་རིམ་པར་བརྒྱུད་ནས་དར་ཡོང་བ་ཞིག་རེད། དེ་འདྲ་ཡིན་དུས་རྫོགས་ཆེན་གྱི་བསྟན་པ་དངོས་གནས་དེ་ནི་གཅིག་རེད་མ་གཏོགས་གཉིས་ཡོང་མི་སྲིད། དུས་རབས་བརྒྱད་པའི་ཡན་ཆོད་ནས་རྫོགས་པ་ཆེན་པོ་ཞང་ཞུང་སྙན་བརྒྱུད་ཐུགས་ཉམས་སུ་བསྟར་ནས་འཇའ་ལུས་ཟམ་མ་ཆད་པར་མུ་མཐུད་ནས་ཕེབས་པའི་འཇའ་ལུས་པ་ཉེར་བཞི་བྱུང་བའི་ལོ་རྒྱུས་བྲིས་འདུག དེ་ཚོའི་མཚན་དང་བཅས་པ་ཡོད་རེད། དེ་ཚོ་བན་དེའི་ཆོས་བླ་གང་དང་འབྲེལ་ཡོང་སྟངས་མེད། བོན་གྱི་དབང་ལུང་མན་ངག་གི་བརྒྱུད་རིམ་དེ་རྩ་ཆེན་པོ་ཞེ་དྲགས་བརྩི་སྲོལ་ཡོད་པ་རེད། གང་ཐུབ་ཅི་ཐུབ་ཀྱིས་བརྒྱུད་རིམ་དེ་སྤུས་གཙང་ཞིག་ཉར་ཚགས་བྱེད་པར་འབད་པ་ཆེན་པོ་བྱས་འདུག དཔེར་ན་བོད་རྒྱལ་གནམ་གྱི་ཁྲི་བདུན་གྱི་ནང་ནས་བོད་རྒྱལ་གཉིས་པ་མུ་ཁྲི་བཙན་པོ་མ་གཏོགས་བོན་གྱི་བརྒྱུད་རིམ་ནང་དུ་འཚུད་ཡོད་མ་རེད། འཇའ་ལུས་མི་དགོས་ག་རེ་ཕེབས་སོང་བ་ཡིན་ན་ལས། ད་ཤེས་སོང་ངམ། །
བན་ཆོས་རྩ་ནས་ཞུས་མ་མྱོངས་པའི་བོན་གྱི་བླ་མ་གྲུབ་པ་མཐོན་པོར་གཤེགས་པ་བསམ་གྱིས་མི་ཁྱབ་པ་ཞིག་ཡོད་ཀྱང་། དཔེ་མཚོན་ཙམ་ནི་དུས་རབས་བརྒྱད་པའི་ནང་དུ་ཕེབས་པའི་་་སྤྲུལ་སྐུ་ཏ་པི་ཧྲི་རྩ་དང་་་་གྱེར་སྤུངས་སྣང་བཞེར་ལོད་པོ་་་གཉིས་བཞག་ན་འགྲིག་གི་ཡོད་འགྲོ དེར་མ་ཚད་སྔོན་དུས་ཡིན་ན། རྒྱུང་ཡར་བླ་ཆེན་ཁོད་སྤུངས། དབལ་བོན་སྟག་ལ་མེ་འབར། རིག་འཛིན་སྟོང་རྒྱུང་མཐུ་ཆེན། མཁའ་འགྲོ་ཅོ་བཟའ་བོན་མོ། སྙ་ཆེན་ལི་ཤུ་སྟག་རིང་། བོན་མོ་ཏ་ཝེར་ལི་ཝེར། བསེ་ཤ་རི་དབུ་ཆེན། ལྡེ་གྱིམ་ཚ་རྨ་ཆུང་སོགས། བརྗོད་ཀྱིས་མི་ལོངས་བ་ཞིག་ཕེབས་ཡོད་པས་བྲིས་ན་འབྲི་ཚོད་མེད།
༤། ཤངས་པ་བཀའ་བརྒྱུད་སྲོལ་གཏོད་པ་པོ་(མཚན་མི་དྲན)དང་པོ་བོན་པོ་ཞིག་རེད་ཀྱང་བར་དུ་བན་དུ་གྱུར་འདུག བན་ནས་བོན་དུ་གྱུར་བའི་བླ་མ་གྲགས་པ་ཅན་འགའ་རེ་དཔེ་མཚོན་དུ་དྲང་རྒྱུ་ཡོད་དམ།
ཤངས་པ་བཀའ་བརྒྱུད་སྲོལ་གཏོད་པ་པོ་བླ་མ་དེ་ལ་་་མཁས་གྲུབ་ཁྱུང་པོ་རྣལ་འབྱོར་་ཞུ་བ་ཡིན་ས་ཡོད། དེས་མི་ཚད་མི་ལ་རས་པ་ཡང་སྔོན་མ་བོན་པོ་ཡིན་རབས་འདུག འབྲི་གུང་སྐྱོབས་པ་མགོན་པོ་ཡང་ཆུང་དུས་བོན་པོ་ཡིན་རབས་འདུག འདི་ལྟར་གྲངས་སུ་བགྲང་ན་འདྲེན་ཚོད་ཡོད་མ་རེད། གངས་ལྗོངས་ཆ་ཚང་བོན་ཁམས་རེད། བླ་མ་འདི་ཚོ་ཁ་ཤས་ནི་སྦས་པའི་རྣལ་འབྱོར་ཐབས་ཀྱིས་བསྟན་པ་སྤེལ་གསུང་པ་ཇི་བཞིན་དོན་གྱི་ངོ་བོའི་ཆ་ནས་བོན་བསྟན་སྤེལ་བཞིན་བཞུགས་ཡོད་པར་སེམས། སྤྱིར་སྟངས་ལོ་རྒྱུས་དེ་ཚོའི་ནང་དུ། འབངས་གསར་འདྲོག་ཆེ། བོན་པོ་ཁོང་གཡང་། སོགས་གསུངས་ཡོད་པས་རྒྱུ་མཚན་ཁ་ཤས་འདི་འདྲ་ལ་ཐུག་ཡོད་ངེས། ཡིན་ནའང་བན་དེས་ཞི་འཇམ་གང་དྲགས་ཀྱིས་ཐབས་ཤེས་ཡོད་དགུ་བེད་སྤྱད་ནས་བན་དེར་བསྒྱུར་རྒྱུའི་ལས་འགུལ་སྤེལ་བ་རེད། སྤུལ་སྐུ་ངོས་འཛིན་བྱས་ནས་ཨེ་དྲགས། བླ་མར་བསྟེན་ནས་ཨེ་དྲགས། ད་མང་པོ་མི་ལབ་ཡང་ཁྱེད་རྣམ་པ་ཐུགས་འཁྲོས་ཡོང་། ཁྱེད་ཚོའི་སྒྱུ་རྩལ་དེ་ཚོ་ཕྱི་རྒྱལ་ལ་ཡང་འཁྲབ་ནས་མགོ་སེར་ཁ་ཁས་ཏག་ཏག་བཟོས་ཡོད་པ། ཧཧཧ
བོན་པོས་བན་དེ་བོན་པོར་བསྒྱུར་རྒྱུའི་ཞི་དྲག་གི་ལས་འགྲུལ་སྤེལ་མྱོང་མེད།
དབང་ཡོད་དབང་མེད་གཏོང་མ་མྱོང་། ཕྱི་དམག་ནང་འདྲེན་བྱེད་མ་མྱོང་། བླ་མ་སྐེ་བཏུབས་པ་དང་གྲྭ་བ་དམར་གསོད་གཏོང་བ་བྱེད་མ་མྱོང་། དགོན་སྡེ་དང་དཔེ་ཆ་མེད་བསྲེགས་ཆུ་དཀྱུར་བྱེད་མ་མྱོང་། ལོ་རྒྱུས་དང་རིག་གནས་ལ་ཁྱད་གསོད་བྱེད་མ་མྱོང་། གཞན་རྒྱུ་ཧམ་བཟས་བྱེད་མ་མྱོང་། གཞན་དགོན་དང་གཞན་སྡེ་བཙན་འཕྲོག་བྱེད་མ་མྱོང་།
ཁྱུང་པོ་རྣལ་འབྱོར་ནི་རྣལ་འབྱོར་པ་མཁས་ཅན་ཞིག་རེད། མི་ལ་རས་པ་ནི་གྲུབ་ཐོབ་ཚད་ལྡན་ཞིག་ཡིན་པར་སེམས། དེ་བཞིན་ཀོང་སྤྲུལ་ནི་སྙན་ངག་དང་རྩོམ་ལ་མཁས་པ་ཞིག་ཡིན་རབས་འདུག འདི་དང་འདི་འདྲ་བའི་སྐྱེས་བུ་ཁྱད་པར་ཅན་ཚོ་སྔོན་བོན་པོ་ནི་ཡིན་པ་རེད། ཡིན་ནའང་བོན་གྱི་ཁྲི་རབས་ཀྱི་གོ་ཐོབ་ཡོད་པའི་བླ་མ་དེ་འདྲ་ཡིན་མིན་ནི་མི་ཤེས་སོ། །
རྩོམ་པ་པོ་འདིས་ལྷག་བསམ་རྣམ་དག་གི་སྐད་ཆ་ཞིག་ནཤད་ཀྱིན་འདུག ངས་རྩོམ་པ་པོ་ལ་གུས་པ་མཚོན་བྱེད་དུ་འདིར་མཆན་མི་འགོད།
གཤེན་རབ་མི་བོའི་སྐོར་གྱི་དཔྱད་རྩོམ་ཞིག་འདིར་འདུག་གཟིགས་པར་འཚལ། http://gyalshenbondra.com/?p=3157