ཨ་མྱེས་བྱ་ཁྱུང༌།
གཅིག ༼ཕྱིར་དྲན་གྱིས་བསླངས་པའི་སེམས་ཚོར།༽
འདས་ཟིན་པའི་ལོ་རྒྱུས་ཀྱི་བྱུང་བ་ནི། བཟོ་བཅོས་རྒྱག་ཐུབ་པ་ཞིག་དང་རྒྱག་རུང་བ་ཞིག་མིན་པ་དེ་ལྟར་ནའང༌། རྒྱ་ནག་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དེར་ཞི་བས་བཅིངས་འགྲོལ་དང༌། བོད་ཀྱི་བདེན་དོན་འཐབ་རྩོད་པ་དག་ལ་གསར་བརྗེ་ངོ་ལོག་པ་དང་ཁ་བྲལ་རིང་ལུགས་པའི་མིང་གིས་འབོད་པ་དང༌། ཕྱོགས་མཚུངས་བོད་ཀྱི་ལོ་རྒྱུས་དོན་དངོས་མང་པོ་ཞིག་ཀྱང་རྫུན་བསྒྱུར་བྱས་ཏེ། རང་ཉིད་ཀྱི་སྲིད་དོན་དགོས་མཁོ་ཁོ་ན་གཙོ་འདོན་བྱེད་ཀྱིན་ཡོད།
དེ་ཡང་རྒྱ་ནག་གཞུང་གིས་སྐབས་འཕྲལ་གྱི་ཆབ་སྲིད་དགོས་མཁོ་གཞི་ལ་བཞག་སྟེ། བོད་ཀྱི་ལོ་རྒྱུས་དོན་དངོས་འཁྱོག་བཤད་ཀྱི་ལས་གཞི་སྣ་ཚོགས་སྤེལ་དང་སྤེལ་མུས་ཙམ་མ་ཡིན་པར། སྒྲིག་འཛུགས་རང་བཞིན་དང་ཆེད་ལས་རང་བཞིན་གྱི་ངོ་བོ་ནས་འཁྱོག་བཤད་རྩལ་སྤྲུགས་བྱས་དང་བྱེད་བཞིན་ཡོད་ཅིང༌། ད་ཕན་གྱི་དུས་ཡུན་ནང༌། འཁྱོག་བཤད་ཀྱི་དེབ་དང་ཡིག་ཆ་རིམ་འཛར་དུ་བསྟར་ཡོད་པ་དང༌། ད་དུང་ཡང་མུ་མཐུད་སྤེལ་མུས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང༌། ཡང་སྒོས་བོད་རིགས་དང་རྒྱ་རིགས་གཞོན་སྐྱེས་ཀྱི་སྤྱི་ཚོགས་ཕྱོགས་གཉིས་ནང་རྒྱ་ནག་གཞུང་རང་ཉིད་ཀྱི་སྲིད་དོན་དགོས་མཁོའི་རྨང་གཞི་བསྐྲུན་པར་རེ་བ་དང་ཡིད་ཆེས་ཡོད་མེད་ལ་མ་ལྟོས་པར་ནུས་པ་སྤེལ་མཚམས་བཞག་མྱོང་མེད། འདི་ནི་སྣང་མེད་དུ་འཇོག་མི་རུང་བའི་གནད་དོན་ཅྀག་ཏུ་གཟིགས་འབྲེལ། རྒྱབ་ཤ་དཀར་པོའི་དེབ་གཞི་རིམ་སྤེལ་དང༌། ལོ་རྒྱུས་དོན་དངོས་འཁྱོག་བཤད་ཀྱི་དེབ་གཞི་དང་ཡིག་ཆ་ཁག་ལ་བཙན་བྱོལ་བོད་གཞུང་གི་ངོས་ནས་དང༌། ཆབ་སྲིད་ཚོགས་པ་ཁག་གི་ངོས་ནས། མཁས་པ་དང་ཉམས་ཞིབ་པ་ཁག་ཅིག་གི་ངོས་བཅས་ནས་བདེན་པ་གཞི་ལ་བཞག་པའི་ལན་འདེབས་གནངས་པ་ནི་མིག་ལྟོས་ཞུ་ཡུལ་ཆགས་ཡོད།
དུས་རབས་ཕྱེད་ཀའི་དུས་ཡུན་ནང༌། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དོན་དངོས་འཁྱོག་བཤད་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་དང༌། གོ་སྐབས་སྤྲོད་པ། སྡེ་ཚན་ཆེད་འཛུགས། ཁྱབ་ཁོངས་རྒྱ་བསྐྱེད་བཅས་བྱས་ཏེ། ཆེ་ས་ནས་ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་མཆོག་གིས་བརྩམས་པའི་༼བོད་ཀྱི་སྲིད་དོན་རྒྱལ་རབས་༽དང༌། ཝན་ཝ་ལཊ་ཝན་པརག་ནས་བརྩམས་བསྒྲིགས་གནང་བའི་༼བོད་ཀྱི་གནས་བབ་༽གཉིས་ཀྱིས་གཙོས་པའི་དེབ་གཞི་དང༌། ཆུང་ས་ནས་བོད་ཀྱི་ལོ་རྒྱུས་དོན་དངོས་གླེང་མཁན་གྱི་མཁས་པ་དང་ཉམས་ཞིབ་པའི་ཆེད་རྩོམ་ཚུན་དང༌། གནད་ཡོད་མི་སྣའི་གཏམ་བཤད་ཚུན་ལ་ཁུངས་འཁྱོལ་མིན་ལ་ལྟོས་མེད་ཀྱིས་འཁྱོག་བཤད་ལན་འདེབས་བྱས་དང་བྱེད་ཀྱིན་ཡོད། དེ་ལྟར་ནའང༌། ལོ་ལྔ་བཅུའི་རྗེས་ཀྱི་དེ་རིང༌། གཞི་ནས་ལོ་རྒྱུས་ཀྱི་བདེན་པ་ལས་རྒྱལ་མ་ཐུབ་པའི་དངངས་འཚབ་ཐོག་མ་དེ་བསླངས། དེ་ནི། ཆོལ་གསུམ་བོད་མི་ཡོད་དོ་ཅོག་གིས་ལོ་རྒྱུས་ཀྱི་བདེན་པ་གང་ཞིག་སྤོབས་པས་མཐོ་བར་བཏེགས་ཏེ། བོད་ནི་ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་རང་བཙན་ཡིན་པ་དང༌། གནས་བབ ་ཀྱི་ངོས་ནས་རང་དབང་དགོས་པ་གཙོ་བོར་བཞག་པའི་སྐད་འབོད་བྱས་པ་དེར། དྲང་འབྲེལ་གྱི་གསན་འཇོག་དང་ངོས་ལེན་གྱི་ཚབ་ཏུ་མེ་མདའ་སྤྱད་ནས་དྲག་གནོན་བྱས་ཡོད་པ་དང༌། དེས་ཀྱང་ཕན་ངེས་ཀྱི་གདེང་མ་རྙེད་པའི་གནས་སྟངས་འོག ད་ཕན་གྱི་དུས་ཡུན་ནང་ཕོགས་ཐོབ་ཆེ་སྤྲོད་བཅས་ཏེ་གསོ་སྐྱོང་བྱས་པའི་མི་སྣ་མང་པོ་ཆེད་འགུག་དང༌། རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་ཆ་ཚང་བེད་སྤྱད་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་ཀྱི་སྐད་ཆ་རྙིང་པ་དེ་ཚོ་ཡང་སྐོར་བསྐྱར་སྐོར་གྱིས་བཤད་བཅུག་སྟེ། བདེན་པ་ཆ་ཚང་པེ་ཅིན་ཕྱོགས་ལ་ཡོད་ཟེར།
གནས་སྟངས་འདི་འདྲར་བརྟེན། འཁྱོག་བཤད་ལ་རིན་ཐང་མེད་པར་བསམས་ནས་སྣང་མེད་དུ་འཇོག་རྒྱུ་མ་ཡིན་པར། དེར་ལན་འདེབས་གསལ་བཤད་བྱ་རྒྱུ་ནི། འདས་པའི་ལོ་རྒྱུས་དང༌། ད་ལྟའི་གནས་བབ་ཀྱིས་ང་ཚོར་སྤྲད་པའི་གཡོལ་མེད་ལས་འགན་ཞིག་ཏུ་འདོད་ཅིང༌། འདི་ལྟར་ལན་འདེབས་ཀྱི་དམིགས་ཡུལ་ལྟེ་བར་ཡང༌། ལོ་རྒྱུས་ཀྱི་དོན་དངོས་ནི་ལོ་རྒྱུས་ཀྱི་བྱུང་བའི་ནང་གང་བཀོད་པ་དེ་ག་རང་མུ་མཐུད་གནས་པའི་ཆེད་དང༌། ནམ་ཞར་ཡང་སྐབས་འཕྲལ་གྱི་དགོས་མཁོའི་ཆེད་དུ་ལོ་རྒྱུས་ཀྱི་དོན་དངོས་ཁ་བསྒྱུར་དང་རྫུན་བཟོ་བྱེད་མི་རུང་བའི་གནད་འགག་ཅིག་རྩལ་འདོན་ཞུས་འབྲེལ། བདེན་པའི་ངོ་རིས་འབུར་གཟུགས་སུ་བཏོད་དེ་ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་མཇལ་ཐུབ་པ་ཞིག་གཙོ་འདོན་ཞུ་རྒྱུ་དེ་སྨྱུག་ཐོགས་པ་སྤྱི་དང༌། ཡང་སྒོས་བོད་ཀྱི་སྨྱུག་ཐོགས་པ་ཚོར་མཚོན་ན་རང་ཉིད་ཀྱི་འགན་འཁྲི་མིན་ལབ་ས་མི་འགྲོ་བ་ལྟ་བུར་མཐོང༌།
ལོ་གཉིས་ཀྱི་སྔོན་ཏག་ཏག་ལ། ༼བོད་ཀྱི་སྲིད་དོན་རྒྱལ་རབས་དང༽དང་༼བོད་ཀྱི་གནས་བབ༽གཉིས་ཀྱི་སྤྱི་བྱེའི་ནང་དོན་ཁག་ལ་འཁྱོག་བཤད་གཙོ་འདོན་གྱི་ལས་འདེབས་དེབ་གཞི་༼བོད་ལྗོངས་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ་༽དེབ་གཞི་སྟོད་སྨད་གཉིས་ལ་ཁྱོན་བསྡོམས་ཤོག་ངོས་ཆིག་སྟོང་ལྔ་བརྒྱ་བཅུ་མེད་གཉིས་དང༌། གླེང་བརྗོད་དང་དཀར་ཆག་སོགས་ལ་ཤོག་ངོས་སོ་བརྒྱད་དང༌། ཁྱོད་དྲིལ་ལེའུ་བཅུ་བདུན་ཡོད་པའི་དེབ་གཞི་དེ་ཞིབ་ཚགས་པོས་ཐེངས་གཅིག་བཀླགས་པ་ཡིན། དེབ་དེ་ནི། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁང་གིས་གཙོ་གནད་ཞིབ་འཇུག་བྱ་གཞིའི་ངོ་བོར་བཞག་འབྲེལ། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དོན་ཚན་རིག་གླིང་གི་རྒན་ཡོལ་ལས་བྱེད་རྒྱ་རིགས་དབང་རྒོད་དང༌། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་བ་ཡིན་པ་བོད་རིགས་ཤེས་རབ་ཉི་མ། སི་ཁྲོན་ཞིང་ཆེན་བོད་རིག་པ་ཞིབ་འཇུག་ཁག་གི་འགན་འཛིན་ཟུར་པ་རྒྱ་རིགས་ཐང་ཅ་ཝེ་བཅས་ནས་ཕྱི་ལོ་ ༡༩༩༥ ལོའི་ཟླ་ ༩ པར་ཡོངས་སུ་བརྩམས་གྲུབ་ཅིང༌། ཕྱི་ལོ་ ༡༩༩༨ ལོ་ནས་ཕྱི་ལོ་ ༢༠༠༡ བར་སྐལ་བཟང་དོན་གྲུབ་དང༌། བློ་བཟང༌། ཚེ་ནོར་སོགས་ཀྱིས་བོད་ཡིག་ཏུ་བསྒྱུར་བ་ཕྱི་ལོ་ ༢༠༠༡ ཟླ་ ༣ པའི་ནང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ལྔ་བཅུ་འཁོར་བའི་རྟེན་འབྲེལ་ཞུ་ཆེད་དུ་དཔར་འགྲེམས་བྱས་པ་ཞིག་རེད།
ཡ་མཚན་པ་ཞིག་ལ། དེབ་འདིའི་མགོ་བརྗོད་ཀྱི་ནང་དུ། ¿བོད་ཀྱི་ཤེས་རིག་ཞིབ་འཇུག་གི་ཕྱག་ལས་གནང་མཁན་དག་སྔ་མོ་ནས་བོད་རང་བཙན་སྨྲ་བར་དགག་རྒྱག་བྱེད་པའི་ཁྲོད་དུ་ཞུགས་ཟིན།¿ ཞེས་རྒྱ་ནག་གི་གནམ་འོག་ན་གནས་པའི་བོད་རིག་པ་ཆེད་ལས་པ་དག་གི་ལས་འགན་དང་དམིགས་སྒོ་གཙོ་བོ་དེ་བོད་ཀྱི་དོན་དངོས་ལོ་རྒྱུས་འཁྱོག་བརྗོད་བྱེད་པར་གཏད་ཡོད་པའི་ངོས་ཤིག་གསལ་སྟོན་དང་ཆབས་ཅིག ཁོང་ཚོའི་ལས་འགན་ལྟེ་བ་དེ་བཞིན། བོད་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པ། ཐང་བོད་བར་གྱི་འབྲེལ་བ་ནི་གོང་འོག་གི་འབྲེལ་བ་ཡིན་པ། བོད་དང་རྒྱ་ནག་བར་ཆབ་སྲིད་ཐད་ཀྱི་གོང་འོག་འབྲེལ་བ་ལས་མཆོད་ཡོན་གྱི་འབྲེལ་བ་ཞིག་མེད་པ། མན་ཇུ་དང་སོག་པོ་ཚང་མ་ཀྲུང་གོའི་གོང་མ་ཡིན་པ། བོད་ཞི་བས་བཅིངས་འགྲོལ་བཏང་བ་ལས་བཙན་འཛུལ་བྱ་སྤྱོད་སྤེལ་མེད་པ། བོད་ལ་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་ཡོད་པ། བོད་ལ་རང་ཐག་རང་གཅོད་ཀྱི་ཁེ་དབང་ཡོད་པ། བཙན་བྱོལ་བོད་གཞུང་ནི་ཁྲིམས་མཐུན་གྱི་གཞུང་ཞིག་མིན་པར་སྨྲ་བ་བཅས་གཙོ་འདོན་དང༌། དེ་ཡང་རྒྱ་ནག་ཐང་རྒྱལ་རབས་སྐབས་ཀྱི་བོད་རྒྱའི་འབྲེལ་བ་འཁྱོག་བརྗོད་བྱེད་པ་ནས་མགོ་འཛུགས་ཀྱིས་བཙན་བྱོལ་བོད་གཞུང་ནི་ཁྲིམས་དང་མི་མཐུན་པ་དང༌། ¿ཐོག་མ་ཉིད་ནས་ཨེ་ཤ་ཡའི་བརྟན་བརླིང་ལ་གནོད་པའི་རྒྱུ་རྐྱེན་ཞིག་ཡིན་¿པ་སོགས་ཕྱི་ལོའི་དུས་རབས་བདུན་པ་ནས་ད་ལྟའི་དུས་རབས་ཉེར་གཅིག་པའི་དུས་མགོ་བར་གྱི་ལོ་རྒྱུས་དོན་དངོས་མང་པོ་ཞིག་འཁྱོག་བརྗོད་དང་དེ་འབྲེལ་གྱི་དཔྱད་བརྗོད་སྤེལ་དང་སྤེལ་བཞིན་པ་ནི་ལོ་རྒྱུས་ཀྱི་དགོས་མཁོ་མ་ཡིན་པར། རྒྱ་ནག་གུང་ཁྲན་གཞུང་གི་ཆབ་སྲིད་ཁོ་ན་ཉིད་ཀྱི་དགོས་མཁོ་ཞིག་ཆེད་དུ་གཉེར་བཞིན་པ་ལགས་སྟབས། ད་ཕན་ཁོ་པ་ཚོས་ལག་ན་ནས་བྲིས་ཤིང༌། ཁ་ཟད་ཟད་དུ་གླེང་བའི་བརྗོད་གཞི་ཆ་ཚང་ལ་ལན་འདེབས་བྱེད་པར་རིན་ཐང་དེ་ཙམ་མེད་ནའང༌། ཕྱོགས་སྣ་སྒོར་མོ་ནས་འཁྱོག་བཤད་བྱེད་མུས་ལ་ལན་འདེབས་ཡེ་མ་བྱས་པར་བསྡད་པས་ཕྱིས་འབྱུང་ལོ་རྒྱུས་ནང་གོ་དོན་གཞན་ཞིག་ཆགས་མི་སྲིད་པའང་མིན་པ་དེ་བས་ན། ཕྱོགས་དེར་ཡང་ཤེས་ནས་སྨྲ་བ་ཚོས་དགོངས་པ་བཞེས་དགོས་པ་མང་དུ་ཡོད་པར་མཐོང༌།
གོང་དུ་སྨྲས་པ་ནི་ཕྱོགས་ངོས་ཙམ་སྟེ། ལོ་རྒྱུས་ཀྱི་བདེན་པའི་ངོས་ཀྱི་བོད་ནི། སྔར་ནས་བཟུང་ཁྲིམས་མགོ་རང་བཙན་གྱི་རྒྱལ་ཁབ་ཞིག་ཡིན་པ་མ་ཟད། འདྲ་མཉམ་གྱི་དབང་ཐང་དང་ལྡན་པའི་བོད་དང་ཐང་རྒྱལ་རབས་ཀྱི་འབྲེལ་བ་དེར་གོང་འོག་དང་གཅིག་ཁོངས་གཅིག་གཏོགས་ཀྱི་ལོ་རྒྱུས་དོན་སྙིང་མེད་པ། བོད་དང་རྒྱ་ནག་ཡོན་གོང་མའི་འབྲེལ་བ་ནི་མཆོད་ཡོན་གྱི་འབྲེལ་བ་ཁོ་ན་ལས། དེར་སྲིད་དོན་ནམ་ཆབ་སྲིད་ཀྱི་གོ་དོན་མེད་པ་བཅས་ཤིག་ཡིན་སྟབས། སྐབས་དེའི་གནས་བབ་ལ་དེ་རིང་ཁ་སང་གི་དགོས་མཁོའི་ངོས་ནས་ལྟ་སྟངས་སྤྱད་དེ་འགྲེལ་བཤད་ཀྱི་གྲས་ཏེ། རྒྱལ་ཁབ་གཅིག་གི་དབུས་དང་ས་གནས་བར་གྱི་སྲིད་དབང་འབྲེལ་བར་བཤད་པ་ནི་ཟེར་རྒྱུས་ཕོངས་པའི་གཏམ་དང༌། དེ་བཞིན་དུ་ཡོན་དང་ས་སྐྱ། མན་ཇུ་བཅས་ཀྱི་ཕན་ཚུན་འབྲེལ་བའི་གནས་བབ་ངོ་མས་མཚོན་པའི་སྔ་རབས་ཀྱི་བྱུང་བའི་དོན་དངོས་མང་པཽ་ཞིག་དང༌། ཡང་སྒོས། རྒྱལ་དབང་ལྔ་པ་ཆེན་པོ་ནས་བཅུ་གསུམ་པ་ཆེན་པོའི་སྐབས་ཀྱི་ལོ་རྒྱུས་དོན་དངོས་ཀྱི་རིམ་པ་མང་པོ་ཞིག་སྟེ། རྒྱ་ནག་གོང་མ་ཧྲུན་ཀྲི་དང་ལྔ་པ་ཆེན་པོའི་མཇལ་འཕྲད་གནས་བབ་དང༌། རྒྱལ་དབང་བཅུ་གསུམ་པའི་སྐབས་སུ་རྒྱ་མི་ཕྱིར་འབུད་དང་བཅས་ཏེ་བོད་རང་བཙན་གྱི་གཏམ་སྙན་བདག་དབང་གི་རིམ་པ་བོད་རྒྱ་ཁྱབ་ཡོངས་ལ་སྤེལ་བ་དང༌། བོད་རང་གི་དབང་ཚད་ངོ་མ་གཞི་ལ་བཞག་སྟེ་སིམ་ལའི་སྤྱི་ཆིངས་དང་མེག་མ་ཧོན་གྱི་ས་ཐིག་བཀོད་པ་སོགས་ནི་ཁྲིམས་མཐུན་གྱི་བྱུང་རབས་དང་བརྒྱུད་རིམ་ངོ་མ་ཞིག་ཡིན་པ་དེ་ལྟར་ནའང༌། རྒྱ་ནག་གུང་ཁྲན་གྱི་ཆབ་སྲིད་དགོས་མཁོ་གླེང་མཁན་ཚོ་ལྟར་ན། ཀྲུང་གོ་དང་རྒྱ་གར་བར་གྱི་ས་མཚམས་ཟེར་རྒྱུ་མ་གཏོགས། བོད་དང་ཧིན་རྡུའི་ས་མཚམས་ཟེར་བ་ཞིག་གཏན་ནས་ཡོད་མི་ཆོག་ཅེས་ཤོད་དང་གླེང་བཞིན་པ་ལྟ་བུ་རེད།
ཉེ་རབས་ཀྱི་དབང་དུ་བྱས་པས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་གྱི་བྱ་སྤྱོད་ཐོག་མར་སྤེལ་བ་ནས་དུས་དེ་རིང་ལ་ཐུག་གི་བར་དུ། བོད་མི་ཚོས་ཁོང་ཚོའི་བྱ་སྤྱོད་གང་གིས་ཀྱང་བོད་མིའི་དགོས་འདུན་ཞིག་སྒྲུབ་བཞག་པར་ངོས་འཛིན་བྱེད་ཀྱི་མེད་པ་དེ་ལྟར་ནའང༌། མི་ལོ་ལྔ་བཅུར་ཉེ་བའི་རིང་འདིར། རྒྱ་ནག་གཞུང་གིས་སྐད་ཆ་ཚིག་གཅིག་ལྟ་བུའི་འགྲེལ་བཤད་ཅིག་གིས་རང་ཉིད་ཀྱི་ལག་འོག་གི་གསར་འགྱུར་བརྒྱུད་ལམ་ཆ་ཚང་བེད་ལོག་ཏུ་སྤྱད་ནས་མི་དམངས་ཀྱི་བདེ་སྡུག་གནས་སྟངས་ངོ་མ་འགེབས་སྲུང་བྱས་ཡོད་པ་སྟེ། དཔེར་ན། རྒྱ་ནག་སྐམ་ས་ཆེན་མོར་ཁྲག་གི་རི་མོ་འབྲི་མཁན་མི་དམངས་བཅིངས་འགྲོལ་དམག་དཔུང་གིས་བོད་ལ་དྲག་པོ་བཙན་འཛུལ་བྱས་པ་ནི་ཞི་བའི་བཅིངས་འགྲོལ་དུ་འགྲེལ་དགོས་པ། ཀྲུང་གོས་བོད་ལ་བཅིངས་འགྲོལ་བྱས་པ་ནས་ཡུལ་ལུང་འཛུགས་སྐྲུན་དང་ཁོར་ཡུག འཕྲོད་བསྟེན། མི་སེར་གྱི་འཚོ་བ་སོགས་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་བ་བྱུང་བར་གླེང་དགོས་པ། ཀྲུང་གོ་སྲིད་གཞུང་གིས་སྔ་བར་ཕྱི་གསུམ་དུ་བོད་ཀྱི་ཆོས་དད་རང་དབང་ལ་ཐེ་གཏོགས་བྱ་རྒྱུ་ལྟ་ཞོག དགོན་སྡེ་གསར་བཞེངས་དང༌། གྲྭ་བཙུན་གྱི་སློབ་གཉེར་ཐད་འགྲོ་གྲོན་ཚད་མེད་བཏང་དང་གཏོང་བཞིན་ཡོད་པར་སྒྲོག་དགོས་པ། དེ་སྔའི་བོད་ས་གནས་སྲིད་གཞུང་ནི་དཔལ་འབྱོར་དང༌། རིག་གནས། སློབ་གསོ་བཅས་ཆེས་རྗེས་ལུས་ཅན་ཞིག་ཡིན་ནའང༌། ཀྲུང་གོས་བོད་ལ་བཅིངས་འགྲོལ་བྱས་པ་ནས་རིམ་པས་འཕེལ་རྒྱས་བྱུང་སྟེ། ད་ལྟའི་ཆར་སྔོན་ཐོན་མི་རིགས་ཀྱི་གྲལ་དུ་ཚུད་ཡོད་པ། བོད་རང་བཙན་དང་ཆོལ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་མཐོའི་རང་སྐྱོང་སོགས་ཀྱི་སྟོང་བསམ་འཆང་མཁན་ཚོ་ནི་ཁ་བྲལ་བ་སྐོར་ཞིག་ལས། བོད་མི་སྤྱི་ཡོངས་མིན་པ་དང༌། ཁོ་ཚོས་དེ་ལྟར་བྱེད་དོན་ཡང་རང་ཉིད་ཀྱི་ལྟོ་གོས་གཏམ་གསུམ་གྱི་ཆེད་ཁོ་ན་ཡིན་པ། ཡུལ་གྱར་སྲིད་གཞུང་ནི་བོད་མི་ཡོངས་ཀྱི་ཚབ་མཚོན་ཁྲིམས་མཐུན་གྱི་གཞུང་ཞིག་མིན་པ་སོགས་གཙོ་འདོན་གྱིས་བོད་ཀྱི་ལོ་རྒྱུས་དོན་དངོས་འཁྱོག་བཤད་བྱས་དང་བྱེད་ཀྱིན་ཡོད་ཅིང༌། དེ་ཡང་ལན་གྲངས་བརྒྱ་ཚར་གྱི་བར་དུ་ཁ་ན་ནར་བཤད་ཅིང་ཡོད། འདི་ནི་རྒྱ་ནག་གི་གནམ་འོག་ནས་བོད་ཀྱི་ལོ་རྒྱུས་གླེང་བའི་ཁོར་ཡུག་གི་ཁྱབ་ཁོངས་དང་ཚད་གཞིའི་ངོས་རེད་ལ། འདི་ནི་བོད་ཁུལ་གྱི་ས་གནས་གཞུང་དང་དབུས་གཞུང་གཉིས་ཐད་ཀྱི་ལངས་ཕྱོགས་གཅིག་གྱུར་གྱི་ངོས་ཀྱང་རེད། བོད་མི་དམངས་ཀྱི་བདེ་སྡུག་དང་བསམ་འདུན་ངོ་མ་གླེང་མཁན་ཞིག་ཡིན་ན། དེ་ནི་ལས་བྱེད་ཅིག་ཡིན་ན་ལས་གནས་ཤོར་རྒྱུ་དང༌། གོ་ས་ཅན་ཡིན་ན་གོ་གནས་ཕབ་རྒྱུའི་ཆ་རྐྱེན་དང་པོའི་གྲས་རེད། ཡིན་ནའང༌། གོ་གནས་ཕབ་པ་ལ་མི་དམངས་ཀྱི་འདོད་འདུན་ངོ་མའི་རྒྱབ་རྩ་བྱེད་མཁན་ཡིན་དགོས་པ་དེ་འདྲ་གང་ཡང་མ་རེད། དཔེར་ན། གུང་ཁྲན་གཞུང་གི་སྲིད་དོན་དགོས་མཁོ་ཁོ་ནའི་ཆེད་པཎ་ཆེན་སྤྲུལ་སྐུ་རྫུན་མ་དང་པོར་ཁྱབ་བསྒྲགས་བྱེད་པོ་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན་རྒྱལ་མཚན་ནོར་བུས་ནི་ཏང་གི་ཆེད་དུ་ལས་ཀ་མང་པོ་སྒྲུབ་ཡོད་ནའང༌། མཐར་ཐུག་གི་བེད་སྤྱོད་རྫོགས་མཚམས་ནས་གོ་མེད་ཚོར་མེད་དུ་གྱུར་སོང་བ་ལྟ་བུའང་མེད་པ་མ་རེད།
ཆེས་ཐག་ཉེ་ནས་མཐོང་བ་ནི། འདི་ལོའི་ཞི་བའི་གྱེན་ལངས་ཆེན་མོར་ཁྲག་དྲི་བྲོ་བའི་དྲག་གནོན་གྱི་སྔ་རྗེས་གང་དུའང༌། བོད་མིའི་དགོས་འདུན་ངོ་མ་དེ་རྣམ་པ་གཞན་ཞིག་ཏུ་བསྒྱུར་བའི་ཐབས་ཤེས་རྩལ་སྤྲུགས་ཀྱིས། རྒྱ་ནག་དབུས་དང་ས་གནས་གང་སར་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང༌། གནས་སྟངས་ངོ་མ་ལོག་འགྲེལ་གྱི་གཏམ་བཤད་དང་རྩོམ་ཡིག་སྤེལ་བའི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་ཏེ། ཁོ་པ་ཚོས་དེ་སྔར་སྤེལ་ཟིན་པའི་འཁྱོད་བཤད་བྱས་རིགས་ཕྱོགས་བསྡུས་ཀྱི་ཚུལ་གྱིས་སླར་ཡང་བཤད་མགོ་ཚུགས་ཤིང༌། དེ་བས་ཀྱང་ྋགོང་ས་མཆོག་ལ་མཚན་སྨད་ཞུ་བ་དང༌། བཙན་བྱོལ་སྤྱི་ཚོགས་དང་ཆབ་སྲིད་ཚོགས་སྡེ་ཁག་གི་ལངས་ཕྱོགས་ལ་ལོག་འགྲེལ་བྱེད་པ་བཅས་བྱས་ཏེ། བོད་ཀྱི་སྤྱི་ཚོགས་བདེ་འཇགས་དང་འཕེལ་རྒྱས་ཀྱི་འགོག་རྐྱེན་ཆེ་ཤོས་ནི་ྋགོང་ས་མཆོག་དང༌། ཁོང་གིས་དབུ་འཁྲིད་པའི་བཙན་བྱོལ་བོད་གཞུང་མང་ཡིན་པ་གཙོ་འདོན་གྱིས་རྒྱལ་སྤྱི་དང་རྒྱལ་ནང་གང་སར་བོད་ཀྱི་གནད་དོན་ཟེར་བ་ཞིག་མེད་ཅེས་བརྒྱ་སྒྲོག་སྟོང་སྒྲོག་བྱས་དང་བྱེད་བཞིན་པ་འདིར། ང་ཚོའི་ངོས་ནས་གདོང་ལེན་བྱེད་དགོས་པ་གནད་འགག་ཆགས་ནས་ཡོད་ཅིང༌། གདོང་ལེན་དེ་བཞིན་བདེན་པ་གཞི་ལ་བཞག་ནས་བྱེད་དགོས་པ་ལས། ཚིག་གི་མཚོན་ཆ་བསྟར་ནས་ལན་འདེབས་བྱེད་པ་ནི་རྣམ་དཔྱོད་ཀྱི་རིན་ཐང་ཅན་མིན་པ་དེ་བས་ན།
༡ ལོ་རྒྱུས་ཀྱི་དོན་དངོས་གཞི་རྩར་འཇོག་པ་ལས་སྐབས་འཕྲལ་གྱི་སྲིད་དོན་དགོས་མཁོའི་ཆེད་དུ་ཁ་བསྒྱུར་དང་ལོག་འགྲེལ་མི་བྱེད་པར་བདེན་པའི་ངོ་རིས་གསལ་འདོན་བྱེད་པ།
༢ དུས་སྐབས་གང་ཞིག་གི་ལོ་རྒྱུས་དོན་དངོས་དེ་དུས་སྐབས་དེ་དང་འབྲེལ་ཆགས་ཡིག་ཆ་གཞི་ལ་བཞག་ནས་དཔྱད་ཞིབ་བྱེད་པ་ལས། ད་ལྟའི་སྲིད་དོན་དགོས་མཁོ་གཞི་ལ་བཞག་ནས་བྲིས་པའི་དཔྱད་གཞིའི་ཡིག་ཆའི་རིགས་ལ་ལོ་རྒྱུས་དོན་དངོས་མཚོན་པའི་རིན་ཐང་མེད་པར་བལྟ་དགོས་རྒྱུ་ཡང༌། བདེན་པ་གླེང་རིགས་ལ་དྲང་བཞག་གི་གདེང་འཇོག་ངེས་པར་དགོས་པ།
༣ ལོ་རྒྱུས་ཀྱི་བདེན་པའི་རང་བཞིན་གཙོ་བོར་འཇོག་པ་ལས། ཕྱོགས་ལྷུང་གི་ངོས་འཛིན་འོག་མ་ཤོར་བ་ཞུ་རྒྱུ་བཅས་གཙོ་འདོན་ཁ་ཕྱོགས་སུ་བཟུང་སྟེ། ང་ཚོས་ལོ་རྒྱུས་ཀྱི་བདེན་པའི་ངོས་ནས་བོད་ལ་བལྟ་ཐུབ་དགོས་པ་དེ་གལ་ཆེན་ནང་གི་དོན་ཆེན་རེད་སྙམ་པ་ནི་ཕྱིར་བལྟའི་འཁྱུག་ཐེངས་ཤིག་གམ་གླེང་སློང་བའི་ཆིངས་ཙམ་མོ།།
གཉིས། ༼བདེན་པ་འཚོལ་སྟངས་དང་བདེན་རྫུན་གྱི་བར་ཁྱད།༽
ལོ་རྒྱུས་གླེང་མཁན་གྱི་མི་སྒེར་དང་ཚོགས་སྡེ་སུ་དང་གང་གིས་ཀྱང་དངོས་བྱུང་གི་ངོས་དེ་གཞི་འཛིན་གཙོ་བོར་འཇོག་དགོས་པ་ལས། གནས་སྐབས་ཀྱི་སྲིད་དོན་དགོས་མཁོ་ཉི་ཚེ་བའི་ཆེད་ལོ་རྒྱུས་ཀྱི་དོན་དངོས་འཁྱོག་བརྗོད་དང༌། ཁ་བསྒྱུར། ཡང་ན། ད་ལྟའི་དགོས་མཁོའི་ཆེད་འདས་པའི་དོན་དངོས་དེ་མཐོ་བཤད་དམའ་བཤད་ཀྱིས་དོན་དངོས་ལས་རིང་དུ་བརྒལ་བའི་རྣམ་པར་བསྒྱུར་མི་རུང་བ་ཡིན་ནའང༌། བོད་ཀྱི་ལོ་རྒྱུས་གླེང་རིམ་གྱི་ད་ལྟའི་གནས་སྟངས་འདིས་ནི། སྐབས་འབྲེལ་གྱི་དགོས་མཁོ་དེ་གཙོ་བོར་བཟུང་བ་ལས། ལོ་རྒྱུས་ཀྱི་དོན་དངོས་གླེང་རྒྱུར་དེ་ཙམ་གྱི་དོ་སྣང་བྱེད་ཀྱིན་མེད་པའི་གནས་སྟངས་ཤིག་ཚུར་སྟོན་བྱེད་ཤུགས་ཆེ་བ་ཡིན། མ་གཞི་ནས་ལྟ་སྟངས་སམ་དཔྱད་ཞིབ་ཀྱི་དགོས་འདུན་མ་འདྲ་བའི་དབང་གིས། བོད་ཀྱི་ལོ་རྒྱུས་གླེང་དཔྱད་ཀྱི་གྲུབ་འབྲས་མང་ཆེ་བའི་མཐའ་མའི་འབབ་ས་དག་བསྡུར་ནས་བལྟས་པ་ཡིན་ན། བོད་ཀྱི་ལོ་རྒྱུས་གླེང་སྟངས་འདི་ནི་བདེན་རྫུན་བར་གྱི་འཐབ་རྩོད་ལྟ་བུ་ཞིག་ཆགས་ཡོད། འདི་ནི་ང་ཚོས་ལྟ་སྟངས་ཡང་དག་ཅིག་དང་འགན་ལེན་ཡང་དག་ཅིག་བྱེད་མ་ཐུབ་པའི་བྱས་ཉེས་ཀྱི་ངོས་རེད།
འདིར་དཔེ་མཚོན་ཅིག་བཀོད་པ་ཡིན་ན། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་བར་བརྒལ་སྲིད་འཛིན་སུང་ཀྲུང་ཧྲན་གྱིས། ལོ་ངོ་སྟོང་ཕྲག་འགའི་རིང་རྒྱ་ནག་ལ་ཆབ་སྲིད་ཀྱི་བཙན་གནོན་ཐེངས་གཉིས་བྱུང་སྟེ་རྒྱལ་ཁབ་རྦད་དེ་འཐོར་བརླག་ཏུ་སོང་བ་རེད། ཐེངས་དང་པོ་ནི་ཡོན་སོག་པོ་རྒྱལ་རབས་དང༌། གཉིས་པ་ནི་ཆིང་མན་ཇུ་རྒྱལ་རབས་ཀྱི་འོག་ཏུ་ཤོར་བ་རེད། འོན་ཀྱང་དེ་གཉིས་ཀ་གྲངས་ཉུང་མི་རིགས་ཀྱི་འོག་ཏུ་ཤོར་བ་ལས། གྲངས་མང་བའི་མི་རིགས་ཀྱི་འོག་ཏུ་ཤོར་མེད་སྟབས། གྲངས་ཉུང་མི་རིགས་དེ་དག་ཀྱང་མཐའ་མ་ང་ཚོ་གྲངས་མང་བའི་མི་རིགས་ཀྱི་ངོ་བོར་བསྒྱུར་ཐུབ་པ་བྱུང་བར་བརྟེན། རྒྱ་ནག་གི་ཆབ་སྲིད་དབང་ཆ་ཐེངས་གཉིས་ཤོར་ཡང༌། མི་རིགས་རང་ལ་དེ་ཙམ་གྱི་དོ་ཕོག་བྱུང་མེད། ཅེས་དང༌། དེ་བཞིན་ཅང་ཅེ་ཧྲིས་ཀྱང༌། མན་ཇུ་ནི་ང་ཚོ་རྒྱ་ནག་མི་རིགས་ཀྱི་དགྲ་པོ་ཡིན་པ་དང༌། ལོ་སུམ་བརྒྱའི་གོང་དུ་ང་ཚོའི་རྒྱ་ནག་ནང་བཙན་འཛུལ་བྱས་ཏེ་ང་ཚོའི་རྒྱ་ནག་གི་ས་ཆ་བཙན་བཟུང་དང༌། ང་ཚོ་ཀྲུང་ཧྭ་སྤུན་ཟླ་དུང་ཕྱུར་བཞི་ཙམ་ལ་གཉའ་གནོན་བྱས་ཡོད་པ་རེད། ཅེས་དང༌། རྒྱ་ནག་གུང་ཁྲན་གཞུང་གི་གཙོ་འཛིན་དང་པོ་མའོ་ཙེ་ཏུང་གིས། ལྕགས་ཕག་ལོའི་གསར་བརྗེ་ནི་བཙན་རྒྱལ་རིང་ལུགས་ལ་གསར་བརྗེ་བྱས་པ་ཞིག་རེད། ཀྲུང་གོའི་མིས་ཆིང་རྒྱལ་རབས་ལ་གསར་བརྗེ་བྱེད་དོན་ནི་ཆིང་རྒྱལ་རབས་དེ་བཙན་རྒྱལ་རིང་ལུགས་ཀྱི་རྒྱུག་ཁྱི་ཡིན་པའི་རྐྱེན་གྱིས་རེད། ཅེས་བཤད་ཡོད་པ་འདི་དག་ནི་རྒྱ་ནག་གི་གཙོ་འཛིན་རིམ་པས་རྒྱ་ནག་རང་གི་ལོ་རྒྱུས་དོན་དངོས་གླེང་བའི་ངོས་རེད་ལ། ལྟ་སྟངས་འདི་དག་གིས་སོག་པོ་ཡོན་རྒྱལ་རབས་ཀྱིས་རྒྱ་ནག་ལ་དབང་བསྒྱུར་བའི་དུས་སྐབས་དང༌། མན་ཇུ་ཆིང་རྒྱལ་རབས་ཀྱིས་རྒྱ་ནག་ལ་དབང་བསྒྱུར་བ་ཚང་མ་ཕྱི་རྒྱལ་ནས་སླེབས་པའི་དབང་ཤུགས་སམ་མི་རིགས་གཞན་ནས་རྒྱ་ནག་ལ་བཙན་འཛུལ་དབང་བསྒྱུར་བྱས་པ་ཞིག་དང༌། ཆིང་རྒྱལ་རབས་མགོ་རྟིང་སློག་ཐུབ་པ་བྱུང་ནས་མི་སེར་རྒྱལ་ཁབ་བཙུགས་པ་ནི་གཞི་ནས་རྒྱ་ནག་རང་ཉིད་བྲན་གཡོག་ལས་ཐར་བ་དང༌། དེ་ནི་རྒྱ་མི་རིགས་ཀྱི་ལོ་རྒྱུས་གལ་ཆེན་ཞིག་ཡིན་པའི་ངོས་འཛིན་གནང་ཡོད་པ་དེ་ལྟར་ནའང༌། ཕྱིས་ན་ནོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་གནང་མཁན་དག་དང༌། ལྷག་དོན་དུའང་བོད་ཀྱི་ལོ་རྒྱུས་དོན་དངོས་དང་བདག་དབང་གླེང་རིམ་ནང༌། དོན་དངོས་གནས་སྟངས་ཀྱི་ངོས་འདི་ཁ་བསྒྱུར་སྣ་ཚོགས་བྱས་དང་བྱེད་བཞིན་པ་ལྟ་བུ་རེད། འདི་ནི་དགོས་མཁོ་གཙོ་བོར་གླེང་ཤུགས་ཀྱིས་རེད།
མ་གཞི་ནས། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོ་གླེང་རྒྱུ་དང༌། ལོ་རྒྱུས་ཀྱི་བདེན་པ་གླེང་རྒྱུ་གཉིས་ནི་ཁོར་ཡུག་མི་འདྲ་བ་གཉིས་ཡིན་སྟབས། ཅི་ཙམ་གྱིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང་གནས་སྟངས་ངོ་མ་རྫུན་བཟོ་བྱེད་པ་ནི་རྒྱ་ནག་གི་སྲིད་དོན་དགོས་མཁོ་དང༌། ཅི་ཙམ་གྱིས་བོད་ཀྱི་ལོ་རྒྱུས་དོན་དངོས་གླེང་སློང་བྱེད་པ་ནི། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོར་གཏོར་བརླག་གི་ལས་ཀ་ཡིན་པ་འདི་ནི། བོད་ཀྱི་ལོ་རྒྱུས་ལ་ལྟ་སྟངས་ཁོ་ན་མ་རེད། རྒྱ་ནག་རང་གི་ལོ་རྒྱུས་ཀྱང་འཁྱོག་བཤད་བྱས་དང་བྱེད་ཀྱི་ཡོད་པ་རེད། འདི་ནི་རྒྱ་ནག་གཞུང་དང་དེའི་གནམ་འོག་ལ་མཚོན་ན། རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད། གང་གིས་ན། དེ་ནི་ཁོ་པ་ཚོའི་དགོས་མཁོ་ཡིན་པས་རེད།
ཕྱི་ལོ་ ༡༩༥༩ ལོ་ནི། བོད་དང་རྒྱ་ནག་གཉིས་ནས་དུས་ཡུན་ལོ་དགུའི་རིང་མཉམ་ལས་ཀྱི་མཐའ་མར་མཉམ་གནས་ཡོང་ཐབས་མེད་པའི་གནས་སྟངས་ཕྱིར་མངོན་བྱས་ཐེངས་ཐོག་མ་རེད། དུས་ཡུན་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་གྱི་ཆ་རྐྱེན་གཞི་ལ་བཞག་པ་ཞིག་རེད་དེ། གྲོས་མཐུན་གྱི་འབྲུ་དོན་རེ་རེ་བཞིན་རྒྱ་ནག་གཞུང་གི་ངོས་ནས་རྩིས་མེད་བཏང་དབང་གིས། མཐའ་མ་དེར་བོད་གཞུང་དམངས་གཉིས་ངོས་ནས་མཐའ་མའི་འཕག་འཚག་ཅིག་བརྒྱབ་པ་རེད། དེ་ལ་བོད་མིའི་ངོས་ནས་རང་དབང་སྒེར་ལངས་ཟེར་གྱི་ཡོད་ནའང༌། ངོ་ལོག་ཟིང་འཁྲུག་ཅེས་ཤོད་ཀྱི་ཡོད། གང་ལྟར་ལོ་འདིར་བོད་ཀྱི་དབུ་ཁྲིད་སྐྱབས་མགོན་ཏཱ་ལའི་བླ་མས་རྒྱལ་སྤྱིའི་ཁྱོན་ལ་གྲོས་མཐུན་དོན་ཚན་རྩིས་མེད་བཏང་ཟིན་པའི་ཁྱབ་བསྒྲགས་མཛད་པ་དེ་ཤེད་ནས་གྲོས་མཐུན་དེའི་ནུས་པ་ཡོངས་སུ་ཤོར་ཚར་བ་རེད། ཡིན་ནའང༌། རྒྱ་ནག་གཞུང་གི་ངོས་ནས་ད་དུང་ཡང་གྲོས་མཐུན་དེ་ཡང་དང་བསྐྱར་དུ་གླེང་བཞིན་ཡོད། འདི་ཡང་སྲིད་དོན་དགོས་མཁོ་རེད།
རྒྱ་ནག་གཞུང་གི་གནམ་འོག་དང་དམ་དྲག་གི་གནས་སྟངས་འོག་ན་ལོ་རྒྱུས་ཀྱི་བདེན་པ་གླེང་བའི་ས་ཁོད་ཀྱོན་ནས་མེད་པ་དང་དེ་འབྲེལ་གྱི་གླེང་མཁན་ཞིག་ཁྱོན་ནས་མེད་སོང་བ་མ་རེད། ཤེས་བྱེད་ཅིག་བཀོད་པ་ཡིན་ན། དབྱིནབོད་ཆིངས་ཡིག་ནི་རྒྱལ་དབང་བཅུ་གསུམ་པའི་སྐབས་ཀྱི་བོད་ཀྱི་ཕྱི་འབྲེལ་གནས་བབ་དང་བདག་དབང་མཚོན་བྱེད་ཅིག་ཡིན་ནའང༌། ཕྱིས་ན་ལོ་རྒྱུས་ཀྱི་དོན་གནད་འདི་གླེང་དཔྱད་གནང་མཁན་ཁག་མང་ཆེ་བས། དབྱིན་བོད་གཉིས་ནས་དབང་ཚད་འདྲ་མཉམ་ཐོག་བཞག་པའི་ལྷ་སའི་ཆིངས་ཡིག་དེར་འགྲེལ་བཤད་སྣ་ཚོགས་བཟོས་ཡོད་པས་མཚོན། གནས་སྟངས་མང་པོ་ཞིག་འཁྱོག་བརྗོད་བྱས་ཡོད་ནའང༌། གནས་སྐབས་འགའ་ཞིག་ཏུ་བདེན་པ་སྒྲོག་མཁན་ཁ་ཤས་ཡོད་པའི་ནང་གི་དཔེ་མཚོན་ཅིག་ནི་རྒྱ་རིགས་ཡ་ཧན་ཀྲང་རེད། ཡ་ཧན་ཀྲང་གིས་སྲིད་དོན་དགོས་མཁོའི་ཆེད་ཡིན་པའི་གསལ་བཤད་དང་བཅས་ཏེ་བརྩམས་པའི་དེབ་གཞི༼ཏཱ་ལའི་བླ་མའི་རྣམ་ཐར༽ནང༌། སྐབས་དེའི་བོད་ཀྱི་བདག་དབང་གསལ་བཤད་བྱེད་སྐབས། འགྲེལ་བཤད་གཞན་པ་མང་པོ་ཡོད་པ་དག་གི་ནང་ནས། མཐའ་མཚམས་ལས་དོན་གྱི་བློ་སྒོ་འབྱེད་མཁན་ཨ་ཡོན་ཧོ་ཁྲང་རུང་གིས་སི་ཁྲོན་ཙུང་ཏུའུ་ལ་སྙན་ཞུ་ཞིག་བཏང་བའི་ནང་གང་གསལ་བ་དེ་རྒྱུ་མཚན་མཐར་ཐུག་པར་བགྲངས་ཡོད་པ་སྟེ། དེའི་ནང༌། ཏཱ་ལའི་བླ་མ་རང་ཉིད་ཀྱིས་གཞུང་གནས་ཀྱི་ལས་དོན་འཁུར་འཛིན་བྱེད་ཀྱི་ཡོད་པ་རེད། ཅེས་དང༌། ཁོང་རྒྱུན་དུ་རྩེ་ཕོ་བྲང་དུ་བཞུགས་ཡོད་པས་བོད་བཞུགས་ཨམ་བན་ཁོང་ཐུག་པར་འགྲོ་རྒྱུའང་ལས་སླ་པོ་མ་རེད། གལ་སྲིད་ཁོང་ཐུག་ནའང་ཁོང་གིས་ཁེངས་དྲེགས་ཀྱིས་སྣང་མེད་དུ་བལྟས་སྡོད་པ་ལས་ཁ་ཡ་བྱེད་ཀྱི་མ་རེད། ཅེས་གསལ་བ་ལུང་འདྲེན་གནང་འདུག་པ་འདི་ལྟ་བུ་ནི་བཤད་སྟངས་བདེན་འབྲེལ་གྱི་ངོས་རེད། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོ་གླེང་མཁན་གྱི་རྒྱ་རིགས་མཁས་པ་འདིས། གནད་འགག་གི་སྐབས་སུ་་བདེན་པའི་ཚིག་སྣེར་འཇུས་དང་འཇུ་བཞིན་པ་ནི། ལོ་རྒྱུས་གླེང་མཁན་གྱི་ངོས་ནས་ལོ་རྒྱུས་ཀྱི་རིན་ཐང་རྩིས་མེད་གཏོང་རྐྱང་བྱེད་པར་ཕངས་སེམས་སྐྱེས་པའི་ངོས་རེད་ལབ་ནའང་མ་འགྲིག་པ་མེད་པ་ལྟ་བུ་རེད། འོན་ཏེ། བོད་ཀྱི་མཁས་པ་དང་ཞིབ་འཇུག་པ་ཡིན་པར་ཁས་འཆེ་བ་ཁག་ཅིག་ནས་རང་ཉིད་ཀྱི་ལྟོ་རྒྱབ་ཁོ་ན་གཙོ་འདོན་གྱིས་ལོ་རྒྱུས་ཀྱི་བདེན་པ་ལ་ལོག་འགྲེལ་བརྩམས་དང་རྩོམ་བཞིན་ཡོད་པ་འདི་ཚང་མར། རྒྱ་ནག་གཞུང་གིས་གཡས་གཅུན་གཡོན་གཅུན་གྱིས་ལམ་འདིར་བཙན་གྱིས་དེད་དང་མ་དེད་ཀྱི་གནས་སྐབས་སྣ་ཚོགས་ཤིག་ཡོད་ནའང༌། མང་ཆེ་བ་ནི་དྭང་བླང་གིས་སླེབས་པ་རེད། ཚུལ་འདི་ལ་བསམས་ནས། འབའ་བ་ཕུན་ཚོགས་དབང་རྒྱལ་མཆོག་ནས། བོད་རིགས་ལས་བྱེད་དང་མགོ་བྱེད་ཁག་ཅིག་ནས་ཁ་བྲལ་ལ་དགག་པ་བརྒྱབ་སྟེ། ཕོགས་ཐོབ་ལེན་པ་དང༌། གོ་གནས་འཚོལ་བ་ལ་ཞུགས་ཀྱི་ཡོད་སྐོར་གསལ་བཤད་བྱས་ཡོད་པ་རེད། མི་རིགས་ཀྱི་བླ་བཙོང་ནས་རང་ཉིད་ཀྱི་ཕོགས་ཐོབ་དང་གོ་གནས་ཙམ་ལ་ཤི་འཐམ་བྱེད་པ་ནི་གནས་ལུགས་དང་མཐུན་པའི་ལས་ཀ་བྱེད་སྟངས་ཤིག་མ་རེད་དེ། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོར་གཞོགས་འདེགས་ཀྱི་ནུས་པ་སྤེལ་བབ་འདིས། བོད་མིའི་བདེ་སྡུག་ངོ་མ་མཐོང་བ་དང༌། གླེང་བ་གཉིས་ཀར་ཤུགས་རྐྱེན་ངན་པ་འཇོག་གིན་ཡོད་པ་དེ་ངེས་དགོས་པར་སྣང༌།
ད་དུང་དཔེ་མཚོན་གཞན་ཡང་ཡོད་པ་སྟེ། ཕྱི་ལོ་ ༡༩༠༩ ལོའི་བོད་ཟླ་ ༡༡ ཚེས་ ༡༡ ཉིན་བོད་ཁམས་ལྷ་སྡེ་མི་སྡེ་ཐུན་མོང་ནས་¿འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའ་ལུང་ྋརྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་ཀུན་ཁྱབ་རྒྱལ་བསྟན་ཡོངས་ལ་མངའ་དབང་སྒྱུར་བ་ཐམས་ཅད་མཁྱེན་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ། ལྷ་མི་ཡོངས་ཀྱི་སྤྱི་བོས་མཆོད་པའི་ཡིད་བཞིན་དབང་གི་རྒྱལ་པོའི་ཕྱག་རྒྱ།” ཞེས་འཁོད་གསེར་ཐམ་ཆེན་མོ་ཕུལ་བའི་དོན་སྙིང་དང་བཅས་པར་ཡང་དཔྱད་གླེང་བ་མང་དག་ཅིག་ནས་ལོག་འགྲེལ་བརྩམས་འདུག་ནའང༌། ༼བོད་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ༽ཅེས་པའི་ནང༌། ¿དོན་དེས་ཆིང་གོང་མའི་ཏཱ་ལའི་བླ་མར་གནང་བའི་གསེར་ཐམ་ཁས་ལེན་མ་བྱས་པ་དང་གོ་མི་ཆོད་པ་བཟོས།”ཞེས་འཁོདའདུག་པ་ནི་ཡང་དག་པའི་ལྟ་སྟངས་ཀྱི་གྲས་རེད། འདི་ལྟར་ཤོད་ཆོག་པའི་ས་ཁོད་ཅིག་ནི་ངེས་པར་ཡོད་མཆི་བའི་ངོས་འཛིན་བྱེད་ཀྱི་མེད་དེ། རྒྱ་ནག་གཞུང་འབྲེལ་གྱིས་རྩོམ་སྒྲིག་དང་དཔར་སྐྲུན་བྱས་པའི་དེབ་གཞིའི་ནང༌། འདི་ལྟར་བདེན་པ་གླེང་ཆོག་གི་ཡོད་པའི་གནས་སྐབས་ཀྱང་མཐོང་དུ་ཡོད་པའི་ངོས་ནས་བལྟས་ན། རྒྱ་ནག་གུང་ཁྲན་གཞུང་གི་གནམ་འོག་ནས་བོད་ཀྱི་ལོ་རྒྱུས་གླེང་མཁན་གྱི་བོད་པ་ཚོས་དོ་སྣང་བྱེད་དགོས་པ་མང་དུ་མཆིས་ཤིང༌། ད་ཕན་བོད་རང་གི་ལོ་རྒྱུས་ལ་རང་ཉིད་ནས་འཁྱོག་བཤད་ཀྱི་རྩོམ་ཡིག་དང་དེབ་གཞི་མང་པོ་དཔར་འགྲེམས་བྱས་པ་དེ་དག་གིས་ཕན་གནོད་གང་འདྲེན་ལའང་དགོངས་པ་ཞིག་བཞེས་དགོས་པར་འདུག
གསུམ། ༼རྒྱ་ནག་གིས་གླེང་བཞིན་པའི་བོད་དོན།༽
མི་ལོ་ལྔ་བཅུར་ཉེ་བའི་རིང༌། རྒྱ་ནག་གཞུང་གིས་བོད་ཀྱི་སྤྱི་ཚོགས་རྙིང་པ་ནི་ཆེས་མུན་ནག ཆེས་ཀླ་ཀློ། ཆེས་གདུག་རྩུབ་བཅས་ཤིག་ཡིན་པའི་རྗོད་ཚིག་རྐྱང་སྤེལ་ནས་བོད་ཀྱི་སྤྱི་ཚོགས་རྙིང་པ་དང༌། དེ་རིང་ཁ་སང་གི་བོད་ལྗོངས་གསར་པ་གཉིས་བསྡུར་ནས་གླེང་ཞིང༌། དེ་ཡང་གུང་ཁྲན་ཏང་གི་ཉི་འོད་བོད་ལ་འཕྲོས་པ་ནས་བོད་འདིར་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འཕོ་འགྱུར་བྱུང་ཡོད་སྐོར་གླེང་དང་གླེང་གིན་ཡོད་ནའང༌། བོད་མི་དམངས་ཀྱིས་བོད་རང་ལ་ལྟ་སྟངས་དང་རྒྱ་ནག་གཞུང་གིས་བོད་ཀྱི་གནས་བབ་གླེང་སྟངས་གཉིས་ནི་རྣམ་པ་མི་འདྲ་བ་གཉིས་རེད། རྒྱ་ནག་གཞུང་གིས་ཟེར་ན། དེ་རིང་ཁ་སང་གི་བོད་ནི། མིའི་ཐོབ་ཐང་དང༌། འཚོ་གནས་གང་ཅི་ལོ་རྒྱུས་སྟེང་གི་ཚད་གཞི་མཐོ་ཤོས་ཤིག་ཡིན་པ་དང༌། དེ་ནི་བརྟན་བརླིང་དང༌། འཆམ་མཐུན། འཕེལ་རྒྱས་བཅས་ཀྱི་སྤྱི་ཚོགས་ཤིག་ཡིན་པ་དང༌། འཕེལ་རྒྱས་དང་འཆམ་མཐུན་གྱི་འགོག་རྐྱེན་གཙོ་བོ་ནི་ཏཱ་ལའི་ཁ་བྲལ་རུ་ཚོགས་ཡིན་པའི་ངོས་འཛིན་བྱས་ཏེ། བོད་ས་སྟོད་སྨད་ཀྱི་དགོན་གྲོང་གང་སར་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཡང་ནས་བསྐྱར་དུ་སྤེལ་བཞིན་ཡོད་ནའང༌། བོད་མི་དམངས་ཀྱི་སེམས་པ་ནི་སྐྱབས་མགོན་ཏཱ་ལའི་བླ་མའི་དགོངས་གཞི་དང༌། བཙན་བྱོལ་བོད་གཞུང་གི་བཞེངས་ཕྱོགས་ཀྱི་རྗེས་སུ་བློ་ཐག་རྦད་ཆོད་ཀྱི་འབྲངས་བཞིན་ཡོད་ཅིང༌། ཐུན་མོང་ལ་བསམ་ཚུལ་གཅིག་དང༌། རེ་བ་གཅིག་ཉིད་ཡོད་པ་ནི། བོད་ལ་སྐྱིད་པའི་ཉི་མ་མྱུར་དུ་འཆར་ཞིང༌། རྒྱལ་བ་ཡིད་བཞིན་ནོར་བུ་བོད་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་དེ་ཁོ་ན་ཉིད་ཡིན་སྟབས། རང་ཉིད་མི་སྒེར་གྱི་ལྟོ་གོས་གཏམ་གསུམ་ཁོ་ན་དོན་དུ་གཉེར་མཁན་བོད་རིགས་ཁ་ཤས་ལས། དེམིན་བྱིངས་ཀྱིས་ནི་ད་ལྟའི་རྒྱ་ནག་གི་སྲིད་དབང་འདིའི་འོག་ནས་བདེ་སྐྱིད་ཀྱི་ཉི་མ་ཞིག་མཐོང་བར་ཡིད་ཆེས་བྱེད་མཁན་ཞིག་བཙལ་ནས་རྙེད་དུ་མེད་པ་ལྟ་བུ་རེད། འདི་ནི་ད་ལོར་བོད་ས་སྟོད་སྨད་གང་ས་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་རྩ་བའི་རྒྱབ་ལྗོངས་དང་ཤེས་བྱེད་གཉིས་ཀ་རེད། ཡིན་ནའང༌། རྒྱ་ནག་གཞུང་གིས་ནི། དེ་ནི་ཁ་བྲལ་བ་ཉུང་ཤོས་ཀྱིས་བསླངས་པའི་དོན་རྐྱེན་ཅིག་རེད་ཟེར། བོད་མི་ས་ཡ་དྲུག་གི་བརྒྱ་ཆ་མང་ཤོས་ཀྱིས་སྡུག་ནད་མ་ཐེག་ནས་ངོ་རྒོལ་བྱས་པ་འདི། རྒྱ་ནག་གཞུང་གིས་བོད་མིའི་དགོས་མཁོ་ལས་རིང་དུ་བརྒལ་བའི་སྲིད་བྱུས་མང་པོ་ཞིག་ལག་བསྟར་བྱས་པའི་མཇུག་འབྲས་ཕྱིར་མངོན་བྱས་པར་ངོས་འཛིན་བྱ་རྒྱུའི་ཚབ་ཏུ། དེ་ནི་ཁ་བྲལ་བ་ཉུང་ཤོས་ཀྱི་བྱ་སྤྱོད་ཅིག་རེད་ཟེར། ཟེར་རྒྱུས་ཕོངས་བཞིན་དུའང༌། བསླུ་བྲིད་དང་བཙན་གནོན་གྱི་དབང་ཤུགས་སྤྱད་ནས་བོད་པས་བོད་པར་དགག་རྒྱག་གི་གཏམ་བཤད་དང་རྩོམ་ཡིག་མང་པོ་ཞིག་སྤེལ་འཇུག་གིན་ཡོད་ཅིང༌། དེ་ནི་འཐབ་རྩོད་བྱེད་སྟངས་ཡག་ཤོས་ཤིག་གི་ཚད་དུ་བཞག་ནས་ལས་དོན་སྤེལ་བཞིན་ཡོད་ནའང༌། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་ལ་དོ་སྣང་ཅི་ཡང་མ་བྱས་སྟབས། ད་ནི་སླར་ཡང་རྒྱལ་གཅེས་ཆོས་གཅེས་དང་དམ་དྲག་ཁོ་ནས་བོད་འདི་མུ་མཐུད་དབང་བསྒྱུར་བྱས་དང་བྱེད་ཀྱིན་ཡོད།
དེ་ནི་འདི་འདྲ་སྟེ། རྒྱ་ནག་གཞུང་གི་ངོས་ནས་རང་ཉིད་ཁོ་ནར་བོད་ཀྱི་བདག་དབང་ཆ་ཚང་ཡོད་པར་ཤོད་ཀྱི་ཡོད་པ་དང༌། བོད་གཞུང་མང་གི་ངོས་ནས་བོད་ཀྱི་བདག་དབང་ནི་ལོ་རྒྱུས་གོ་བབ་ཀྱི་ངོས་དང༌། སྲིད་དོན་གནས་བབ་ཀྱི་དོན་གང་ནས་བཤད་ཀྱང༌། བོད་པ་རང་ཉིད་ལས་སུ་གང་ལའང་མེད་པར་ཤོད་ཀྱི་ཡོད། འདི་ལྟར་རྒྱ་ནག་གཞུང་ཕྱོགས་ནས་རང་ཉིད་ཀྱི་དགོས་མཁོ་གང་ཞིག་གི་ཆེད་དུ་བོད་ཀྱི་ལོ་རྒྱུས་དོན་དངོས་འཁྱོག་བཤད་དང༌། རྫུན་བཟོ་བྱེད་པ་བརྒྱུད་ནས་ཁུངས་སྐྱེལ་གྱི་ཐབས་ཤེས་བྱས་དང་བྱེད་ཀྱི་ཡོད་པ་དང༌། བོད་གཞུང་མང་གིས་ངོས་ནས་ལོ་རྒྱུས་ཀྱི་དོན་དངོས་ཁོ་ནར་འཇུས་ནས་བདེན་དོན་ར་སྤྲོད་བྱས་དང་བྱེད་ཀྱི་ཡོད། རྒྱུ་མཚན་འདི་ནི། བོད་དང་རྒྱ་ནག་བར་གྱི་འཐབ་རྩོད་ནི་བདེན་རྫུན་བར་གྱི་འཐབ་རྩོད་ཅིག་ཡིན་པའི་རྒྱབ་ལྗོངས་དེ་རེད། དོན་དངོས་ཀྱི་ཆ་ནས་བྱས་ན། ཉེ་བའི་ལོ་ངོ་ལྔ་བཅུའི་རིང་བོད་རྒྱ་གཉིས་ཀྱིས་བདེན་རྫུན་བརྩད་པ་རེད། འདི་ནི་ད་ལྟ་ང་ཚོས་གླེང་བཞིན་པའི་བོད་དོན་རེད།
རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་དོན་དངོས་དང་གནས་སྟངས་ངོ་མའི་རིགས་ལ་ཕྱིན་ཅི་ལོག་གི་འགྲེལ་བཤད་བྱེད་པའི་འབབ་ས་གཙོ་བོ་དང༌། གསལ་བཤད་དག་འབུད་བྱ་འདོད་ཀྱི་ལྟེ་བ་ནི། བོད་ཀྱི་བཅིངས་འགྲོལ་དང༌། གསར་བརྗེ། འཛུགས་སྐྲུན་བཅས་ཐད་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་བསྐྱོད་བཅིངས་བཀྲོལ་དམག་མི། ཆེད་དུ་མངགས་པའི་རྒྱ་རིགས་ལས་བྱེད་བཅས་ནས་གྲུབ་འབྲས་བླ་ན་མེད་པ་ལེགས་སྐྱེས་སུ་ཕུལ་ཡོད་པར་ཤོད་ཀྱི་ཡོད་ཅིང༌། བོད་གཞུང་མང་གི་ངོས་ནས་ནི་རྒྱ་ནག་དབུས་གཞུང་གི་དབང་ཤུགས་དང༌། དམག་དཔུང༌། ལས་བྱེད་བོད་དུ་འབྱོར་བ་ནི་བཙན་འཛུལ་བྱ་སྤྱོད་ཅིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། རྒྱ་ནག་གཞུང་འབྲེལ་ཡིག་ཆ་དང་ཆེད་སྐུལ་རྩོམ་ཡིག་ཕལ་མོ་ཆེ་བས་དོན་དག་མང་པོ་ཞིག་རྩལ་འདོན་བྱས་ཡོད་པའི་ནང་གི་མངོན་གསལ་ཆེ་ཤོས་ནི་བོད་ལ་ཞི་བའི་བཅིངས་བཀྲོལ་བཏང་བ་ནི་བོད་མི་རིགས་དང་བོད་ཀྱི་རྒྱལ་གཅེས་མི་སྣ་ཐུན་མོང་གི་རེ་འདུན་དང་འཚམ་པ་ཞིག་ཡིན་སྐོར་ཁོ་ན་ལོག་བཤད་བགྱིས་ཏེ། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་མི་རིགས་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཁྱོན་ཡོངས་ལ་མགོ་སྐོར་གྱི་ཐབས་ཤེས་གཙོ་དོན་དུ་བཟུང་ཡོད་པ་དེ་རེད། ཕྱི་ལོ་ ༡༩༩༡ ལོའི་བར་གྱི་ཤོད་སྟངས་སྤྱི་བབ་ཕྱོགས་བསྡོམས་ཀྱི་ཆེད་དུ་མིན་ནའང༌། དེའི་ཚབ་མཚོན་ལྟ་བུར་རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོ་ཁོ་ནའི་ཆེད་བརྩམས་པ་༼བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ༽ནི་དུས་རབས་སྔ་མའི་ལོ་རབས་བརྒྱད་ཅུ་པའི་དཀྱིལ་ཙམ་ནས་རྩ་འཛུགས་རང་བཞིན་གྱི་སྟོབས་ཤུགས་ཅན་དུ་གོམ་བགྲོད་བྱས་པའི་རྒྱ་ནག་དབུས་དང་བོད་ཁུལ་གྱི་སྲིད་གཞུང་ཁག་གི་བཀོད་འདོམས་སྟངས་འཛིན་གྱི་རྨང་གཞིའི་སྟེང་བོད་རིག་པའི་ཞིབ་འཇུག་ལས་ཁུངས་ཁག་ཅིག་ཆེད་འཛུགས་བྱས་ཏེ། བོད་ཀྱི་ལོ་རྒྱུས་དོན་དངོས་འཁྱོག་བརྗོད་དང༌། རྫུན་བཟོའི་ལས་དོན་ཞིག་གཙོ་བོར་གཉེར་གྱི་ཐོན་འབྲས་ཤིག་ཆགས་ཡོད། དེ་ནི་ཁོ་པ་ཚོའི་ཡིག་ཆའི་ནང་ཧ་ཅང་གསལ་བོ་བཀོད་ཡོད་པ་སྟེ། བོད་རིག་པའི་ཞིབ་འཇུག་པ་རྣམས་སྔ་ས་ནས་བོད་རང་བཙན་ལ་དགག་པ་རྒྱག་པའི་ལམ་དུ་ཞུགས་ཡོད་ཟེར་བ་ནི་གནད་དོན་འདི་འདྲས་རེད།
འདི་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་གཙོ་འདོན་དང་བོད་གཞུང་མང་གཉིས་ཀྱི་ངོས་ནས་ནམ་ཞར་ཡང་བདེན་དོན་ཁོ་ནར་འཇུས་ནས་བོད་ཀྱི་གནད་དོན་ཡང་ནས་བསྐྱར་དུ་གླེང་དང་གླེང་གིན་ཡོད་པའི་ཕྱོགས་དང་ངོས་ཙམ་རེད། འཐབ་རྩོད་འདིའི་ཁྲོད་ནས་རྒྱ་ནག་གཞུང་གིས་སྔ་རྗེས་སུ་ཕམ་ཁ་མང་པོ་ཞིག་མྱངས་ཡོད་པ་ནི་ཕྱི་ལོ་ ༡༩༩༡ ལོར་གཡུ་ཡི་ཕྲེང་བ་རྩོམ་སྒྲིག་དཔར་འགྲེམས་དང༌། ༡༩༩༨ ལོར་༼བོད་ཀྱི་ལོ་རྒྱུས་གོ་བབ་དཔྱད་ཞིབ༽་གཉིས་སྔ་རྗེས་སུ་འདོན་འགྲེམས་ཀྱིས་བོད་ཀྱི་གནད་དོན་ནི་རྒྱ་ནག་གི་ནང་སྲིད་ཅིག་ཏུ་ཁ་བསྒྱུར་བྱེད་གང་ཐུབ་བྱས་ཡོད་ནའང༌། འདི་ལོའི་ནང་བོད་ཀྱི་གནད་དོན་འདི་བཞིན་རྒྱལ་སྤྱིའི་དོ་སྣང་བྱ་ཡུལ་གྱི་གནད་དོན་ཅིག་ལ་འཕོ་འགྱུར་བྱུང་སྟབས། དོན་དངོས་འཁྱོག་བཤད་དང༌། རྫུན་བཟོའི་སྟོབས་ཤུགས་ཀྱིས་བདེན་པའི་སྟོབས་ཤུགས་ལ་འགྲན་དུ་མེད་པའི་གནས་ལུགས་ཀྱི་མདུན་ནས་ཡོངས་སུ་ཕམ་ཉེས་ཕྱིན་པའི་གནས་སྐབས་སུ། རྒྱ་ནག་གི་དམག་དོན་སྟོབས་ཤུགས་དེ་བོད་སྟོད་སྨད་ཀྱི་མི་དམངས་ཀྱི་གཉའ་བ་གནོན་པར་བེད་སྤྱོད་བྱས་ཡོད་པ་དང༌། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་དཔུང་གཙོས་པའི་དྲག་པོའི་དཔུང་དམག་གི་བྱེད་སྟངས་འདིས། དུས་རབས་སྔ་མའི་དུས་དཀྱིལ་གྱི་བཙན་འཛུལ་བྱ་སྤྱོད་དང་དེའི་གདོང་རིས་ངོ་མ་བསྐྱར་སྟོན་ཐེངས་གཅིག་བྱས་ཤིང༌། གདོང་རིས་སྟོན་ཐེངས་འདིས། བོད་མི་རིགས་ཀྱི་སེམས་ངོར། ཁ་བྲལ་ལས་གཞན་གྱི་འདེམས་ཀ་ཞིག་རྙེད་དུ་མེད་པའི་ལྟ་བ་ཇེ་བརྟན་དུ་བཏང་ཡོད། བཤད་སྟངས་བསྒྱུར་ནས་བཤད་ན། རྒྱ་ནག་གཞུང་གི་བྱེད་སྟངས་འདིས་བོད་མི་ཚོ་ཁ་བྲལ་གྱི་ལམ་དུ་བཙན་འདེད་བྱས་ཡོད་པའང་ཡིན་སྟབས། དོན་དངོས་ཀྱི་ཆ་ནས་བྱས་ན། ཁ་བྲལ་གྱི་སྲིད་བྱུས་དང་བྱ་སྤྱོད་མཐའ་དག་གི་ཡོང་ཁུངས་ནི། རྒྱ་ནག་སྲིད་གཞུང་ལས་གཞན་གྱི་མཛུབ་མོ་འཛུགས་ས་ཞིག་མེད། ཡིན་ནའང༌། རྒྱ་ནག་གཞུང་གིས་ནི། བོད་མིའི་སེམས་འདུན་སྟོན་ཐེངས་འདི་ནི་ཁ་བྲལ་གྱི་ལས་ཀ་རེད་ཟེར།
ཕྱོགས་ངོས་གཞན་ཞིག་ནས་བཤད་ན། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོ་ཁོ་ནའི་ཆེད་བོད་ཀྱི་ལོ་རྒྱུས་གླེང་མཁན་གྱི་རྒྱ་རིགས་དང༌། བོད་རིགས་མཁས་པ་དང་ཉམས་ཞིབ་པ་དག་གིས། བོད་ཀྱི་བདེན་པའི་གནས་བབ་ཀྱིས་དག་པ་བྱིན་པའི་བོད་རང་བཙན་གྱི་ལོ་རྒྱུས་གོ་བབ་གླེང་མཁན་དག་ནི་ཁ་བྲལ་རིང་ལུགས་པ་དང༌། ཁ་བྲལ་རིང་ལུགས་པ་དེ་དག་ནི་རྒྱ་ནག་གི་སྲིད་དོན་དགོས་མཁོ་སྒྲུབ་པར་བར་ཆད་གཏོང་མཁན་དུ་ངོས་འཛིན་དང་འབྲེལ། བོད་ཀྱི་ལོ་རྒྱུས་དོན་དངོས་གླེང་མཁན་དག་ནི་བོད་ཀྱི་འཕེལ་རྒྱས་ལ་འགོག་རྐྱེན་བར་ཆད་བཟོ་མཁན་དང༌། བོད་རིགས་མི་དམངས་ཀྱི་རེ་འདུན་དང་རྒྱབ་ཀྱིས་ཕྱོགས་པའི་ལས་དོན་སྒྲུབ་མཁན་ཡིན་པའི་རྒྱུ་མཚན་དུ། དེ་དག་ནི་ཆེས་ཀླ་ཀློ། ཆེས་མུན་ནག ཆེས་གདུག་རྩུབ་བཅས་དང་ལྡན་པའི་སྤྱི་ཚོགས་རྙིང་པ་རོ་ལངས་ཀྱི་སྒྲུབ་ཤུགས་ཡིན་པར་རྫུན་བཟོ་བྱས་ཏེ། མེས་རྒྱལ་གྱི་བརྟན་བརླིང་དང་ཆིག་སྒྲིལ་མུ་མཐུད་གནས་པའི་རྨང་གཞི་གཙོ་བོ་ནི། བོད་ཀྱི་ལོ་རྒྱུས་དང་གནས་སྟངས་ཀྱི་དོན་དངོས་གླེང་སློང་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་ནི་ཏང་དང་སྲིད་གཞུང་གི་ཆབ་སྲིད་དགོས་མཁོ་གཙོ་བོར་བཞག་སྟེ། དེ་ལས་བརྒལ་བའི་འགྲོ་ལམ་འདེད་མཁན་ལ་རྒྱལ་ཁྲིམས་ཀྱི་ཉེས་པ་གཅོད་ཀྱི་ཡོད། དོན་འདིས། རྒྱ་ནག་གཞུང་གི་བཙོན་ཁང་དུ་མནར་གཅོད་མྱངས་དང་མྱོང་བཞིན་པའི་བོད་རིགས་བཙོན་པ་ཕལ་མོ་ཆེ་བ་ནི་བོད་ཀྱི་བདེན་དོན་འཐབ་རྩོད་པ་ཡིན་པའང་གནད་འདིས་རེད།
རྒྱ་ནག་གཞུང་གིས་ལབ་སྟངས་ལྟར་བྱས་ན། བོད་ཀྱི་བདེན་དོན་གླེང་སློང་དང་འཐབ་རྩོད་ཀྱི་སྟོབས་ཤུགས་ནི་རྒྱ་ནག་གཞུང་མང་གི་མདུན་བསྐྱོད་དང༌། བོད་འདི་གོང་འཕེལ་འགྲོ་བར་བཀག་འགོག་དང་འགོག་རྐྱེན་བཟོ་མཁན་ཡིན་སྟབས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱིས་བོད་ཁམས་འཛུགས་སྐྲུན་ཕྱི་རྨང་གཞི་གཙོ་བོ་ནི། བོད་ཀྱི་ལོ་རྒྱུས་དང་གནས་སྟངས་ཀྱི་བདེན་པ་གླེང་བའི་སྟོབས་ཤུགས་ཕམ་ཉེས་སུ་གཏོང་བ་དེ་ལས་དོན་ཡོངས་རྫོགས་ཀྱི་གནད་འགངས་ཡིན་པར་ཤོད་བཞིན་དུའང༌། བོད་ཀྱི་གནད་དོན་ཟེར་བ་ཞིག་མེད། ཅེས་དང༌། ཏཱ་ལའི་ཡུལ་གྱར་སྲིད་གཞུང་ནི་ཁྲིམས་དང་མི་མཐུན་པ་དང༌། ཐོག་མ་ཉིད་ནས་ཨེ་ཤ་ཡའི་བརྟན་བརླིང་ལ་གནོད་པའི་རྒྱུ་རྐྱེན་ཞིག་རེད། ཅེས་རང་ཉིད་ཀྱི་སྲིད་དོན་དགོས་མཁོ་ཁོ་ན་དོན་དུ་གཉེར་བ་ལས་བོད་མིའི་བདེ་སྡུག་གནས་སྟངས་ནི་དུས་ནམ་ཡང་སྣང་མེད་བསྐྱུར་འཇོག་བྱས་དང་བྱེད་ཀྱིན་ཡོད། འདི་ནི་སྤྱིར་བཏང་གི་གནད་དོན་ཅིག་མ་རེད། ད་ལྟའི་བར་ཁ་བྲལ་རིང་ལུགས་པ་ཉུང་ཤོས་ཀྱིས་མེས་རྒྱལ་གྱི་བརྟན་བརླིང་ལ་འགོག་རྐྱེན་བཟོས་དང་བཟོ་བཞིན་པར་ཤོད་བབ་དེས། འདི་ལོ་ནས་ཁུངས་མ་འཁྱོལ་བར་ཡོད་ནའང༌། རང་ཉིད་ཁོ་ནའི་སྲིད་དོན་དགོས་མཁོ་སྒྲུབ་པའི་ལངས་ཕྱོགས་གཙིགས་འཛིན་བྱེད་པའི་རྒྱ་ནག་གཞུང་གི་ངོས་ནས། ད་དུང་ཡང་ཁ་བྲལ་བ་ཉུང་ཤོས་ཞེས་ལབ་སྟངས་དེ་ས་འཕྱར་གནམ་འཕྱར་བྱེད་ཀྱི་ཡོད།
བཞི། ༼ཡིད་ཆེས་ཀྱི་གཞི་རྩ་བརླག་པའི་རེ་བ།༽
པཎ་ཆེན་སྐུ་ཕྲེང་བཅུ་པ་དང་འབའ་བ་ཕུན་ཚོགས་དབང་རྒྱལ་གཉིས་ནི། རྒྱ་ནག་གུང་ཁྲན་ཏང་ལ་རྒྱུས་མངའ་ཆེ་ཤོས་དང༌། མཉམ་ལས་རྒྱུན་རིང་གནང་མྱོང་མཁན། བཙན་འོག་གི་བོད་མིའི་བདེ་སྡུག་འཚོ་གནས་དང༌། རིག་གཞུང་གནས་བབ་གང་ཅིར་ཐུགས་འཚབ་དང་བཅས་ཏེ་གསོན་གནས་ཁོར་ཡུག་འཚོལ་མཁན་གྱི་དཔེ་མཚོན་ཡག་ཤོས་གཉིས་རེད་ལ། རྒྱ་ནག་གུང་ཁྲན་ཏང་གི་གནམ་འོག་འདི་ནས་བོད་མི་རིགས་དང་རིག་གཞུང་ལ་གསོན་གནས་ཀྱི་རེ་བ་མེད་པར་གཟིགས་མཁན་ངོས་ཀྱི་དཔེ་མཚོན་ཡང་རེད། གཞིས་ལུས་མི་མང་གི་ཁྲོད་ནས་རང་ཉིད་ཀྱི་གཞི་རྩའི་ལངས་ཕྱོགས་ལ་འགྱུར་བ་མ་སོང་བའི་མཐོ་རིམ་རྒྱལ་གཅེས་པ་གཉིས་དང༌། ལྟ་གྲུབ་མི་གཅིག་པ་གཉིས་འཁྱེར་ནས་བོད་མི་རིགས་ཀྱི་བདེ་སྡུག་ལ་ཕུགས་རྒྱང་རིང་པོའི་དགོངས་པ་བཞེས་མཁན་གྱི་ངོས་ནས་ཀྱང་དཔེ་མཚོན་དུ་རུང་བ་ནི་ཁོང་གཉིས་རེད།
བཤད་སྟངས་གཞན་ཞིག་གིས་བཤད་ན། བོད་མི་ས་ཡ་དྲུག་གི་ནང་ནས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་དང༌། འབའ་བ་ཕུན་ཚོགས་དབང་རྒྱལ་གཉིས་ནི། རྒྱ་ནག་གཞུང་དང་མཉམ་ལས་ཡུན་རིང་གནང་མྱོང་མཁན་དང༌། བོད་མིའི་སེམས་ཁམས་ཕྱོགས་གཉིས་ཀྱི་ཚབ་མཚོན་མི་སྣ་གཉིས་རེད། ཁོང་གཉིས་ནི་རྒྱ་ནག་གཞུང་གི་མནར་གཅོད་དང༌། རྒྱ་ནག་གཞུང་གི་གུ་ཡངས་གནས་སྐབས་གཉིས་ཀ་བརྒྱུད་མྱོང་མཁན་ཡིན་པའི་ཆ་ནས། རྒྱ་ནག་གཞུང་ལ་རྒྱུས་མྱོང་ཆེ་ཤོས་དང༌། འདས་དང་ད་ལྟའི་རྒྱ་ནག་གཞུང་གི་སྲིད་བྱུས་ཀྱི་གཏིང་ཟབ་ཤོས་མཐོང་མཁན་ཡིན་པར་ཤོད་ཆོག་གི་རེད། ཁོང་རྣམ་པ་གཉིས་ལ་མཚོན་ན། རྒྱ་ནག་གཞུང་གི་གནང་སྟངས་དེར་གོ་སྐབས་ཡོད་ཚད་སྤྱད་ནས་ཐེར་འདོན་བྱས་ཡོད་པའི་ངོས་ནས་བཤད་ན། ཁོང་གཉིས་ནི་རྒྱ་ནག་གཞུང་གི་སྲིད་བྱུས་སྤེལ་རིམ་སྤྱི་དང༌། ཡང་སྒོས་བོད་དོན་གྱི་གནད་འགག་རང་བཞིན་ངོས་འཛིན་དང༌། བོད་མིའི་ཆོས་དང་རིག་གཞུང༌། འཚོ་གནས་གང་ཅིར་བོད་ཀྱི་གནས་སྟངས་ངོ་མ་ལས་རིང་དུ་བརྒལ་བའི་ལྟ་སྟངས་འཛིན་མཁན་རྒྱ་ནག་གཞུང་གི་སྲིད་བྱུས་ལག་བསྟར་བྱེད་རིམ་ཕལ་མོ་ཆེ་བ་ནི། བོད་མི་རིགས་རིག་གཞུང་དང་བཅས་པ་རྩ་མེད་གཏོང་བའི་གོ་རིམ་ཞིག་ཏུ་ངོས་འཛིན་ཡང་དག་གནང་མཁན་རེད། འདི་ནི་རྒྱ་ནག་གཞུང་གི་བྱེད་སྟངས་མང་པོ་ཞིག་གིས་བོད་མི་ཚོའི་ཡིད་ཆེས་རྩ་བ་ནས་བརླག་པའི་མཐོང་སྣེ་གསལ་ཤོས་གཉིས་ཀྱང་རེད།
དཔེར་ན། རྒྱ་ནག་གི་དགོས་མཁོ་གླེང་བའི་ཁོར་ཡུག་ནང་གཏན་འཁེལ་རང་བཞིན་གྱི་ས་ཁོད་ཅིག་ཡོད་པ་དེ་ནས།
བོད་ཆེན་པོ་ཟེར་བ་ཞིག་ལོ་རྒྱུས་ཐོག་བྱུང་མྱོང་མེད་པ་དང༌། ད་ལྟ་རྒྱལ་སྤྱིའི་ཁྱོན་ན་གླེང་བཞིན་པའི་བོད་དོན་ཟེར་བ་ནི། འགྲོ་བ་མིའི་ཐོབ་ཐང་དང༌། ཆོས་ལུགས། མི་རིགས་བཅས་ཀྱི་གནད་དོན་ཅིག་གཏན་ནས་མ་ཡིན་པར། དེ་ནི་རྒྱལ་ཁབ་ཀྱི་བདག་དབང་དང་འབྲེལ་བ་ཡོད་པའི་གནད་དོན་ཅིག་ཏུ་བཤད་དེ། མདོ་དོན། བོད་ཀྱི་གནད་དོན་ཟེར་བ་ཁ་ལ་འཁྱེར་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་སྲིད་ལ་ཐེ་བྱུས་བྱེད་པ་དེར་མཐའ་གཅིག་ཏུ་གདོང་ལེན་བྱེད་དགོས་པར་གཏན་འཁེལ་བྱས་ཡོད། འདི་འདྲ་དག་གིས་བོད་དོན་ཞེས་པ་ནི་རྒྱ་ནག་གཞུང་གིས་སྐབས་མཚམས་འགའ་ཞིག་ཏུ་རྒྱལ་སྤྱིའི་གནོན་ཤུགས་དང་བོད་མི་མང་གི་ངར་ཤུགས་གཅོག་ཆེད་ཁོ་ནར་གླེང་བཞིན་པ་ལས། གནད་འགག་ཅན་དུ་མཐོང་ཞིང་དེ་འབྲེལ་གྱི་ངོས་འཛིན་ཐོབ་པ་དང་ཡིད་ཆེས་རྙེད་པའི་གླེང་སྟངས་ཀྱི་རྣམ་འགྱུར་གསལ་པོ་ཞིག་བསྟན་མྱོང་མེད། རྒྱ་ནག་གཞུང་གི་སྲིད་བྱུས་སྤེལ་རིམ་ནང༌། བོད་ལ་རེ་བ་ཙམ་འབུས་པ་ནི། ཕྱི་ལོ་ ༡༩༨༤ ལོ་ནས་རེད་དེ། རེ་བ་དེ་བཞིན་ཧུའུ་ཡའོ་པང་འདས་གྲོངས་ཕྱིན་པ་དང་མཉམ་དུ་མེད་སོང་བ་རེད། རེ་བ་ཆ་ཚང་བརླགས་པ་ནི་ཕྱི་ལོ་ ༡༩༩༥ ལོ་རེད། འདི་འདྲ་དག་ནི་བོད་མིའི་སེམས་ངོར་རྒྱ་ནག་གཞུང་ལ་འཁོན་འཛིན་གྱི་མྱུ་གུ་འབུས་ཤིང་སྟོབས་ཤུགས་རྒྱས་པའི་རྒྱུ་མཚན་ནམ་གནས་ལུགས། རྒྱབ་ལྗོངས་བཅས་རེད།
དཔེར་ན། འདི་ལོའི་ཞི་བའི་འོས་ལངས་ཆེན་མོ་འདི་བཞིན། ཏཱ་ལའི་རུ་ཚོགས་དང༌། ཕྱི་རྒྱལ་གྱི་ཁ་བྲལ་སྟོབས་ཤུགས། དྲག་སྤྱོད་འཇིགས་སྐུལ་རིང་ལུགས་པ་བཅས་སུ་ལྟ་བའི་ཕྱིར་སྡོད་བོད་མི་དང་སྒྲིག་འཛུགས་ཁག་ནས་བྱུས་འགོད་དང༌། ངན་སྐུལ་བྱས་པའི་མཇུག་འབྲས་ཤིག་ཏུ་འགྲེལ་བཤད་རྒྱག་པ་ལས། རྒྱ་ནག་གཞུང་གི་སྲིད་བྱུས་སྤེལ་སྟངས་དེས་བོད་མིའི་ཆོས་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་དང༌། སྲིད་བྱུས་སྤེལ་སྟངས་དེས་རྒྱ་ནག་གཞུང་ལ་ཡིད་ཆེས་ཀྱི་གཞི་རྩ་ཆ་ཚང་བརླག་བཞིན་པའི་ངོས་འཛིན་དང་འབྲེལ་བའི་གསལ་བཤད་ཚིག་གཅིག་ཀྱང་བྱས་མེད་ལ། བོད་མི་མང་ལ་མཚོན་ནའང༌། རྒྱ་ནག་གཞུང་གིས་བོད་ལ་ཕན་པའི་ལས་དོན་ཞིག་སྒྲུབ་པའི་ཡིད་ཆེས་བྱེད་མཁན་མེད་པར་གྱུར་པ་སྟེ། རིག་གནས་གསར་བརྗེའི་རླུང་འཚུབ་དེ་མི་བཞི་ཚོགས་ཁག་གི་མགོར་དཀྲིས་པ་དང༌། རྒྱ་ནག་གི་སློབ་མའི་མང་གཙོའི་འོས་ལངས་དེ་ལོག་སྤྱོད་པ་ཉུང་ཤོས་ཀྱི་མགོར་དཀྲིས་ནས་ཡོད་པ་ལས། གནས་སྟངས་ངོ་མར་ངོས་འཛིན་ཡང་དག་དང་འབྲེལ་བའི་གསལ་བཤད་ཅི་གང་བྱས་མེད་པ་དེས་རྒྱ་ནག་གཞུང་དང་མང་ཚོགས་དབར་འགལ་བ་ཆེན་པོ་ཞིག་བཟོས་དང་བཟོ་མུས་སུ་ཡོད་ནའང༌། དེར་རྒྱ་ནག་གཞུང་ནས་ངོས་ལེན་གྱི་རྣམ་འགྱུར་ཅི་ཡང་བསྟན་མྱོང་མེད། འདི་ལྟ་བུའི་བྱེད་སྟངས་དེར། རྒྱ་ནག་མི་མང་ནས་ངོ་རྒོལ་བྱས་མྱོང་ཡོད་པ་རེད་ལ། དེ་བཞིན་བོད་དང་ཞིན་ཅང་མི་མང་ནས་མི་ལོ་བཅུ་ཕྲག་ལྔར་ཉེ་བའི་རིང་ཞུ་འབོད་དང་ངོ་རྒོལ་སྤེལ་མར་བརྩམས་ཡོད་ནའང༌། དྲག་གནོན་ཁོ་ནའི་འོག་ནས་ཕམ་ཉེས་ཀྱི་ལམ་དུ་དེད་ཡོད། དོན་དངོས་ཀྱི་ཆ་ནས་བྱས་ན། ད་ལྟའི་རྒྱ་ནག་གཞུང་གིས་གནད་དོན་འདི་ངོས་ལེན་བྱེད་པའི་ཚབ་ཏུ། བདེན་རྫུན་གོ་ལྡོག་གི་གླེང་ཤུགས་ཆེ་རུ་བཏང་སྟེ། རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་བོད་ཀྱི་གནས་སྟངས་ནི། དཔལ་འབྱོར་དང་རིག་གནས། སྤྱི་ཚོགས་འཛུགས་སྐྲུན་གང་ཅིར་གྲུབ་འབྲས་ཚད་མཐོ་སོན་ཡོད་པའི་དུས་སྐབས་ཤིག་ཡིན་ཚུལ་བཤད་དེ། རྒྱལ་སྤྱིའི་དྲང་བདེན་སྟོབས་ཤུགས་ལ་གདོང་ལེན་དང༌། གསར་འགྱུར་བརྒྱུད་ལམ་ཁག་ལོག་ལམ་དུ་འཁྲིད་ནས་རང་ཉིད་ཀྱི་སྲིད་དོན་དགོས་མཁོ་གཉེར་རྒྱུ་གཙོ་བོར་འཛིན་བཞིན་ཡོད་པ་ཡིན་སྟབས། བདེན་པ་བདར་ནས་བདེན་པ་བདེན་སར་འཁྱོལ་དགོས་པ་ཡིན་ན། དེ་ནི་རྒྱ་ནག་གཞུང་འདི་སྲིད་དོན་གྱི་དགོས་འདུན་ཁོ་ན་གཉེར་མཁན་ཞིག་ནས་བདེན་པ་དང་མང་གཙོ་གཙོར་ཕྱོགས་པའི་གཞུང་ཞིག་ཏུ་འཕོ་འགྱུར་འགྲོ་རག་བར་དུ་རེ་བ་དེ་ཙམ་མེད་པ་ཡིན་སྟབས། བདེན་དོན་དེ་ཡང་མུ་ནས་མུ་མཐུད་དེ་གླེང་དགོས་པ་ནི། མཚམས་འཇོག་མི་རུང་བའི་ལས་དོན་གལ་ཆེན་ཞིག་ཆགས་ཡོད།
འདི་ལྟར་ཛ་དྲག་ཏུ་གྱུར་པའི་གནས་སྐབས་སུ། རྒྱ་ནག་གི་མ་འོངས་པར་བསམ་གཞིགས་ཡང་དག་གནང་མཁན་གྱི་རྒྱ་རིགས་མཁས་པ་ཚོས། རྒྱ་ནག་གཞུང་གི་ད་ལྟའི་བྱེད་སྟངས་འདི་བཞིན། མེས་རྒྱལ་གཅིག་གྱུར་གྱི་འགོག་རྐྱེན་ཡོད་ན་མེད་ན་དེ་ཡིན་པའི་ངོས་འཛིན་གསལ་བསྒྲགས་དང༌། བྱེད་སྤྱོད་དེ་རིགས་མཚམས་འཇོག་བྱེད་དགོས་པའི་རེ་འདུན་འདོན་དགོས་བྱུང་བ་རེད་དེ། དེ་ཡང་རྒྱ་ནག་གཞུང་གིས་སྣང་མེད་བསྐྱུར་འཇོག་བྱས་པ་རེད། གནད་དོན་འདི་དག་གི་ངོས་ནས་བོད་ཀྱི་གནད་དོན་སེལ་ཐབས་ཐད་རྒྱ་ནག་གཞུང་གིས་ངོས་འཛིན་ཡང་དག་ཅིག་བྱེད་ཀྱི་མེད་པ་མཐོང་ཐུབ།
ལྔ༌། ༼བདེན་པས་བསྒྱེལ་བའི་རྫུན་མཁར།༽
འདི་ལོའི་ཞི་བའི་གྱེན་ལངས་ལ་མཚོན་ན། མགོ་ཚུགས་པ་ནས་ཉན་འཇོག་གི་ཚབ་ཏུ་དྲག་གནོན་ཕོག་རྒྱུ་ཡིན་པ་དང༌། རྒྱ་དམག་གི་མེ་མདས་ཚེ་སྲོག་མང་པོ་ཞིག་བསྒྱེལ་རྒྱུ་ཡིན་པ། འཛིན་བཟུང་དང་བཙོན་འཇུག རྡུང་རྡེག་དང་མནར་གཅོད། དམར་གསོད་བཅས་ཀྱི་བརྙས་བཅོས་གཟེད་དགོས་པའི་གནས་སྐབས་བཅས་ནི་ལས་འགུལ་འདིའི་ནང་གོམ་པ་སྤོ་མཁན་ཚང་མས་ངེས་ཤེས་མ་འདྲོངས་པ་མེད་ནའང༌། དཔའ་ངར་ཞུམ་མེད་ཀྱིས་མདུན་བསྐྱོད་ཀྱི་གོམ་པ་སྤོ་མཚམས་བཞག་མེད། འདི་ཚོར་ཞེད་སྣང་གང་ཡང་མེད་པ་ཡིན་ནམ། འདི་ཚོའི་ཚེ་སྲོག་ལ་རིན་ཐང་མེད་སོང་བ་ཡིན་ནམ། མ་རེད།
འདས་པའི་མི་ལོ་བཅུ་ཕྲག་ལྔར་ཉེ་བའི་རིང༌། རྒྱ་ནག་གཞུང་དང་མཉམ་གནས་བྱས་པ་ཡིན་ནའང༌། མཐའ་མ་དེར་མཉམ་གནས་མི་ཐུབ་པའི་གནས་སྟངས་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་དུ་མཐོང་ནས་ཡོང་ཐེངས་རེར། བཙན་དབང་གི་འོག་ནས་མགོ་བོ་སྨད་ནས་འདུག་པ་ལས། རང་ཉིད་ཀྱི་འདོད་འདུན་མཐར་ཐུག་པ་དེ་དབྱངས་སུ་གྱེར་ནས་བདེན་པའི་འབོད་སྒྲ་སྒྲོག་པ་དང༌། གོམ་པ་གཅིག་ལས་མ་བྱུང་ནའང༌། བདེན་པའི་ཕྱོགས་སུ་སྤོ་དགོས་པའི་ངར་ཤུགས་འཕེལ་བ་དེས་ད་གཟོད་བདེན་པའི་སྟོབས་ཤུགས་འདི་མེ་བཞིན་འབར་བའི་རྐྱེན་རྩ་བྱས་ཡོད་ལ། འདི་ནི་ཐེངས་གཅིག་ཕམ་ཉེས་ཀྱིས་ཤི་འགྲོ་རྒྱུ་མ་ཡིན་པར་མུ་མཐུད་འབར་ངེས་ཀྱི་སྟོབས་ཤུགས་དང་མེ་ལྕེ་ཞིག་ཀྱང་རེད།
བོད་མི་ཚོས། བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ཀྱི་བདག་པོ་ཡིན། ང་ཚོར་རང་དབང་སྤྲོད་རོགས། ཞེས་སྐད་འབོད་བྱས་འབྲེལ། རང་ཉིད་ཀྱི་འདོད་འདུན་ངོ་མ་དེ་ཕྱིར་མངོན་བྱས། འདི་ནི་ལོ་རྒྱུས་ཀྱི་བདེན་པའི་ངོས་དང༌། གནས་བབ་ཀྱི་བདེན་པའི་ངོས། གནས་སྟངས་ཀྱི་བདེན་པའི་ངོས་བཅས་ཀྱི་རིན་ཐང་དང་གནད་འགག་མཐར་ཐུག་པ་དེ་རེད།
ངས་བསམས་ན། འདི་ལོའི་ཞི་བའི་གྱེན་ལངས་ཆེན་མོས་བདེན་པའི་ངོས་ཤིག་སླར་ཡང་གསལ་སྟོན་བྱས་སོང་ལ། སྟོབས་ཤུགས་འདིས་རྒྱ་ནག་གཞུང་གི་བྱེད་སྟངས་མང་པོ་ཞིག་དང༌། འཆར་གཞི་མང་པོ་ཞིག་ནུས་མེད་དུ་བཏང་སྟེ། འགྱེལ་དུ་བཅུག་སོང་སྟབས། རྒྱ་ནག་གཞུང་གིས་འགྱེལ་ས་ནས་ལངས་རྒྱུའི་སྟ་གོན་དེ་བཞིན། བདེན་རྫུན་གོ་ལྡོག་ཏུ་སྤྱད་ནས་སྤྱི་ཚོགས་ལ་སྣེ་འཁྲིད་བྱེད་པ་དང༌། དྲག་སྤྱོད་སྤེལ་བ་ཟུང་འབྲེལ་གྱིས་བྱེད་པ་ནས་མགོ་བཙུགས་སོང༌། དེ་ནི་འདི་འདྲ་སྟེ། ཕྱོགས་གཅིག་ནས་བོད་ཀྱི་ལོ་རྒྱུས་འཁྱོག་བཤད་དང༌། ཕྱོགས་གཞན་ཞིག་ནས་དྲག་སྤྱོད་སྤེལ་ཏེ་སྟོབས་ཤུགས་ཀྱི་མགོ་གནོན་པ་གཉིས་ལག་བསྟར་བྱས་དང་བྱེད་ཀྱིན་ཡོད་ཅིང༌། ལག་བསྟར་བྱེད་ཕྱོགས་འདི་གཉིས་ཀའི་དམིགས་ཕྱོགས་གཙོ་བོ་ནི། ྋསྐྱབས་མགོན་ཏཱ་ལའི་བླ་མ་དང་བཙན་བྱོལ་བོད་གཞུང༌། གཞིས་བྱེས་གཉིས་སུ་གནས་འཁོད་བོད་རིགས་མི་མང་བཅས་རེད།
རྒྱ་ནག་གཞུང་གིས་ཤོད་སྟངས་ལྟར་བྱས་ན། འདི་ལོའི་འོས་ལངས་ནི་ཁ་བྲལ་བ་ཉུས་ཤོས་ཀྱིས་བྱས་པ་ཞིག་ཡིན་ནའང༌། དེའི་ནང་བོད་མི་ས་ཡ་དྲུག་གི་བརྒྱ་ཆ་དགུ་བཅུ་ཐམ་པ་ཞུགས་ཡོད་སྟབས། ཁོང་ཚོས་ཉུང་ཤོས་སུ་ཚད་འཛིན་པ་ནི། བོད་ཁུལ་དུ་གཞིས་སྤོར་ནས་ཡོད་པའི་རྒྱ་རིགས་མི་མང་རྣམས་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་མེད་པ་དེར་གོ་ན་ལས། གཞན་གྱི་གོ་ཡུལ་ཞིག་རྙེད་དུ་མེད། ཡིན་ནའང༌། རྒྱ་ནག་གཞུང་གིས་ནི་བོད་ཁམས་ཡོངས་ཞི་བདེ་ལྷིང་འཇགས་ཀྱི་གནས་སྐབས་ཤིག་ཏུ་ཡོད་སྐོར་སྔ་བསྒྲགས་དགོང་བསྒྲགས་བྱེད་ཀྱི་ཡོད།
དྲུག ༼ཚོས་གཞི་འགྱུར་བཞིན་པའི་བོད་རྒྱ་ཞི་མོལ།༽
རྒྱ་ནག་གཞུང་གིས་བོད་ལ་ཉམས་སད་ཐོག་མ་བྱས་པ་ནི། ཕྱི་ལོ་ ༡༩༧༩ ལོ་སྟེ། ཏིང་ཞོ་ཕིན་གྱིས། བོད་རང་བཙན་སྐོར་གླེང་ཐབས་མེད་ཅིང༌། དེ་མིན་གནད་དོན་གང་འདྲ་ཞིག་གི་ཐོག་ཏུའང་གྲོས་མོལ་བྱས་ན་མ་འགྲིག་པ་མེད། ཅེས་བཤད་པ་དེ་ནས་རེད། ད་དུང་སྐབས་དེར་ཏིན་གྱིས་བློ་ཐག་ཆོད་པོས་བཤད་པ་ཞིག་ནི། བོད་ཀྱི་གནས་ཚུལ་དངོས་ཤེས་རྟོགས་ཆེད། ཏཱ་ལའི་བླ་མས་ལྟ་སྐོར་མི་སྣ་བཀོད་སྒྲིག་གིས་གཏོང་ཆོག་སྐོར་བཤད་ཡོད་པ་རེད། འདི་ནི་བཙན་བྱོལ་བོད་དང་རྒྱ་ནག་གཞུང་བར་གྱི་འབྲེལ་ལམ་སྒོ་མོ་ཕྱེས་པའི་ངོས་རེད། ཆ་རྐྱེན་ནམ་གོ་སྐབས་འདི་བརྒྱུད་ཕྱི་ལོ་ ༡༩༧༩ ལོར་གཟིགས་སྐོར་སྐུ་ཚབ་ཐེངས་གཉིས་བཏང་ཞིང༌། ཕྱི་ལོ་ ༡༩༨༠ ལོར་གཟིགས་སྐོར་སྐུ་ཚབ་ཐེངས་གསུམ་པ་བཅས་ཆེད་གཏོང་གིས་བོད་ནང་གི་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་དང་མང་ཚོགས་ཀྱི་བསམ་འདུན་ངོ་མའི་ཕྱི་ནང་མང་པོ་ཞིག་མཐོང་ཐུབ་པ་བྱུང་ཡོད།
ཕྱི་ལོ་ ༡༩༨༢ ལོར་འབྲེལ་མོལ་སྐུ་ཚབ་ཚོགས་པ་ཞིག་རྒྱ་ནག་ཏུ་བཏང་བ་དང༌། སྐབས་དེར། རྒྱ་ནག་གཞུང་གི་ངོས་ནས་བོད་རང་བཙན་དང་ཁ་བྲལ་གྱི་སྐོར་བཤད་མི་ཆོག་པའི་ཆ་རྐྱེན་བཏོན་ཡོད་ལ། བོད་ཆེན་པོར་ཚད་མཐོའི་རང་སྐྱོང་གི་བསམ་ཚུལ་དེ་ནི་དངོས་ཡོད་གནས་ཚུལ་དང་མི་མཐུན་པ་ཞིག་ཡིན་སྐོར་གསལ་སྟོན་བྱས་ཡོད། ཕྱི་ལོ་ ༡༩༨༤ ལོར་འབྲེལ་མོལ་སྐུ་ཚབ་ཐེངས་གཉིས་པ་པེ་ཅིན་དུ་ཕེབས་ཤིང༌། སྐབས་དེར་རྒྱ་ནག་གཞུང་གསལ་སྟོན་བྱས་པའི་དོན་དག་གཙོ་བོ་ནི། རྒྱ་ནག་གཞུང་གི་སྲིད་དོན་དགོས་མཁོ་ཁོ་ནའི་བབ་ལ་བལྟས་ཏེ། བོད་དོན་ནི་སྐྱབས་མགོན་ཏཱ་ལའི་བླ་མ་སྐུ་སྒེར་གྱི་གནད་དོན་ཅིག་ཡིན་སྐོར་རྩལ་འདོན་གྱིས་བཤད་ཡོད། འདི་ནི་བོད་དང་རྒྱ་ནག་བར་གཟིགས་སྐོར་ནས་འབྲེལ་མོལ་བར་བརྒྱུད་པའི་ལོ་རྒྱུས་ཀྱི་ངོས་རེད་ལ། ལོ་རྒྱུས་ཀྱི་ངོས་དེ་ནས་རྒྱ་ནག་གཞུང་གིས་བོད་ལ་ཉམས་སད་ཐེངས་འགའ་བྱས་པའི་ངོས་ཀྱང་རེད།
ཉམས་སད་དེའི་མུ་ནས། བོད་རྒྱའི་བར་གྱི་འབྲེལ་ལམ་དེ་རྦད་དེ་ཆད་པ་རེད། ཆད་པ་སླར་མཐུད་ཀྱིས་འབྲེལ་བའི་མགོ་འཛུགས་བྱས་རིམ་ནི། ད་ལྟའི་ཞི་མོལ་སྐུ་ཚབ་ཐེངས་བདུན་པའི་བར་གྱི་བརྒྱུད་རིམ་རེད། ཐེངས་བདུན་ལ་ཞི་མོལ་བྱས་པའི་བརྒྱུད་རིམ་ནང༌། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་དགོས་འདུན་བཏོན་པ་ལྟར། བོད་ཆོལ་ཁ་གསུམ་སོགས་ལོ་རྒྱུས་ཀྱིས་དག་པ་བྱིན་པའི་ཐ་སྙད་ལ་འགྱུར་བ་གཏོང་བ་ཚུན་ལག་བསྟར་བྱས་པའི་ལན་དུ། རྒྱ་ནག་གཞུང་གིས་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་གཞི་མེད་བསྙོན་འཛུགས་ཀྱིས་མཚན་སྨད་ཞུ་བ་དང༌། གཞིས་ལུས་རྒྱ་ཆེའི་མི་མང་ལ་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོས་བཙན་གཅུན་བྱེད་ཤུགས་ཆེ་རུ་བཏང་ཡོད་པ་དང༌། དེ་བས་ཀྱང་ཞི་མོལ་ཐེངས་བདུན་པའི་མཇུག་འབྲས་སུ། ཨོ་ལིམ་ཕིག་ལ་དཀའ་རྙོག་བཟོ་བའི་ལས་འགུལ་ལ་རྒྱབ་སྐྱོར་མི་བྱེད་པ་དང༌། གཞོན་ནུ་ཚོགས་པའི་ཁྲིམས་འགལ་དྲག་སྤྱོད་ལ་རྒྱབ་སྐྱོར་མི་བྱེད་པ། རྒྱལ་ཁབ་ཁ་བྲལ་གྱི་ལས་དོན་ལ་རྒྱབ་སྐྱོར་མི་བྱེད་པ། རང་བཙན་གྱི་བགྲོ་གླེང་དང་ལས་དོན་ལ་རྒྱབ་སྐྱོར་མི་བྱེད་པའི་ཁས་ལེན་བྱེད་དགོས་ཟེར། འདི་ཚང་མ་གོང་ས་མཆོག་དང་བོད་གཞུང་གིས་མ་བརྩམས་ཤིང་སྤེལ་མ་མྱོང་བའི་ལས་དོན་གྱི་རིགས་སུ་གཏོགས་ནའང༌། ངེས་པར་དུ་ཁས་ལེན་གསལ་པོ་དང་ཁྱབ་བསྒྲགས་རྒྱ་ཆེ་བྱེད་དགོས་ཟེར། མ་གཞི་བྱས་ན། བོད་རྒྱ་ཞི་མོལ་ནི་བོད་དང་རྒྱ་ནག་གཞུང་དབར་གོ་བསྡུར་ཡང་དག་བྱེད་པ་བརྒྱུད་ནས། བོད་མི་དམངས་ཀྱི་འདོན་འདུན་ལ་ཐག་གཅོད་ཡང་དག་ཅིག་ཡོང་བ་བྱ་རྒྱུ་དེ་ཡིན་ནའང༌། རྒྱ་ནག་གཞུང་གི་ངོས་ནས་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ཆ་རྐྱེན་གང་ཡང་མེད་པར་རྒྱ་ནག་དབུས་གཞུང་གི་བཀའ་བཀོད་གང་ཞིག་དྭང་ལེན་བྱེད་དགོས་ཟེར། གཟིགས་སྐོར་སྐུ་ཚབ་དང༌། འབྲེལ་མོལ་སྐུ་ཚབ། ཞི་མོལ་སྐུ་ཚབ་སོགས་ཀྱི་མིང་ཐོག་ནས་བོད་རྒྱའི་ཐེངས་གྲངས་ཉི་ཤུ་བརྒལ་བའི་ཐུག་འཕྲད་བརྒྱུད་ཡོད་ལ། དེ་བཞིན་སྐུ་ངོ་རྒྱ་ལོ་དོན་འགྲུབ་མཆོག་གིས་གཙོས་པའི་མི་སྒེར་དང་རྒྱ་ནག་གཞུང་བར་དུའང་ཐུག་འཕྲད་ལན་མང་བརྒྱུད་ཡོད་པ་རེད། རྒྱ་ནག་གཞུང་གིས་དམར་ཤོག་ཚོགས་པ་གསར་འཛུགས་ཀྱི་དུས་དྲན་ཉིན་མོར་འཁེལ་བཅུག་པ་ཡིན་མིན་གང་ཤེས་ཏེ། འབྱོར་ལྡན་རྒྱལ་ཁབ་ཁག་གི་དབུ་འཁྲིད་ལྷན་ཚོགས་ཀྱི་སྔོན་ཏག་ཏག་འདིར། རྒྱ་བོད་རྒྱའི་སྐུ་ཚབ་ཐུག་འཕྲད་ཀྱི་གོ་སྐབས་སྤྲད་པ་རེད། དེ་ནི་བོད་གཞུང་ལྟར་ན་ཞི་མོལ་ཐེངས་བདུན་པ་དང༌། རྒྱ་ནག་གཞུང་ལྟར་ན་ཞི་མོལ་ཐེངས་བརྒྱད་པ་རེད། རྒྱ་ནག་གཞུང་གིས་ད་རེས་ཀྱི་ཞི་མོལ་བརྒྱུད་པའི་གྲུབ་འབྲས་གླེང་རིམ་ནང༌། ཏཱ་ལའི་ཕྱོགས་ཀྱི་སྐུ་ཚབ་ནས་ཀྲུང་དབྱང་གི་སྐུ་ཚབ་ལ་གུས་བཀུར་དཔེ་མེད་བྱས་པ་དང་གཅིག པེ་ཅིང་ཨོ་ལིམ་ཕིག་ལུས་རྩལ་ར་བར་ལྟ་སྐོར་བྱས་པ་དང་གཉིས། ཀྲུང་གོ་བོད་རིག་པ་ཞིག་འཇུག་ལྟེ་གནས་ཀྱི་ཆེད་ལས་པ་ཁག་ཅིག་དང་ཐུག་འཕྲད་གོ་སྐབས་བླངས་པ་དང་གསུམ་བརྒྱུད་ནས་མདོ་དོན་ཀྲུང་དབྱང་གི་སྲིད་བྱས་ལ་རྒྱུས་ལོན་བྱས་ཟབ་མོ་བྱས་པ་དང་གསུམ་ནི་གྲུབ་འབྲས་སིག་ཏུ་ངོས་འདིན་གྱིས་གླེང་བཞིན་ཡོད་ལ། ཡང་གཅིག་བཤད་ན། ད་རེས་ཀྱི་ཞི་མོལ་སྐབས་ཏཱ་ལའི་ཕྱོགས་ནས་ཨོ་རྩལ་བྱེད་སྒོར་གཏོར་བརླག་མི་བྱེད་པ། དྲག་སྤྱོད་མི་སྤེལ་བ། གཞོན་ནུ་ཚོགས་པས་དྲག་སྤྱོད་འཇིགས་སྐུལ་བྱེད་སྒོ་མི་སྤེལ་བ། བོད་རང་བཙན་དང་མེས་རྒྱལ་ཁ་བྲལ་གྱི་བྱེད་སྒོ་མི་སྤེལ་བ་བཅས་ངེས་པར་དུ་ཁས་ལེན་དང་གསལ་བསྒྲགས་བྱེད་དགོས་པ་དང༌། ཀྲུང་དབྱང་གིས་ཏཱ་ལའི་ལ་འཛིན་པའི་སྲིད་བྱུས་ནི་རྒྱབ་སྐྱོར་མི་བྱེད་པ་འདི་བཞིའི་སྟེང་ནས་ཤེས་དགོས་ཞེས་གསར་འགྱུར་བརྒྱུད་ལམ་ཁག་ཏུ་སྤེལ་ཡོད་པ་དང༌། དེ་བཞིན་ཕྱི་ལོ་ ༡༩༧༩ ལོར་ཏིན་ཞོ་ཕིན་གྱིས་བཤད་པ་སྟེ། གནད་དོན་གྱི་འགག་རྩ་ནི་བོད་ལྗོངས་ཉིད་ཀྲུང་གོའི་ཆ་ཤས་ཤིག་ཡིན་མིན་ལ་ཐུག་ཡོད་པ་རེད། འགྲིག་མི་འགྲིག་གི་ཚད་གཞིའང་དེར་ལྟོས་ནས་འཇོག་དགོས། ཞེས་བཤད་མྱོང་བ་དེ་དང༌། ཕྱི་ལོ་ ༤༩༩༧ ལོར་ཅང་ཙེ་མིན་གྱིས་བཤད་པ་སྟེ། ཏཱ་ལའི་ཡིས་ངེས་པ་དོན་གྱིས་མེས་རྒྱལ་ཁ་བྲལ་གཏོང་བའི་ལངས་ཕྱོགས་དང་བྱེད་སྒོ་མཚམས་འཇོག་དགོས་པ། བོད་ལྗོངས་ནི་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པ། ཐེ་ཝན་ནི་ཀྲུང་གོ་དང་ཁ་བྲལ་ཐབས་མེད་པ་བཅས་ཁས་བླངས་པ་ཡིན་ན། ཏཱ་ལའི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐད་ནས་གླེང་མོལ་བྱས་ཆོག་ཅེས་བཤད་མྱོང་བ་གཉིས་བསྐྱར་བསྒྲགས་དང་བཅས་ཏེ། ཏཱ་ལའི་ཡུལ་གྱར་སྲིད་གཞུང་གི་བྱ་སྤྱོད་མཐའ་དག་ཁྲིམས་འགལ་ཡིན་པ་དང༌། ཀྲུང་དབྱང་གིས་ཁྲིམས་འགལ་གྱི་སྒྲིག་འཛུགས་འདི་དང་མཉམ་དུ་ནམ་ཡང་གླེང་མོལ་བྱེད་ཀྱི་མིན་པ་དང༌། བོད་རྒྱ་ཞི་མོལ་ཟེར་བ་ཞིག་ཀྲུང་དབྱང་གིས་ངོས་ལེན་བྱེད་ཀྱི་མེད་པར། ཀྲུང་དབྱང་གིས་ཤོད་བཞིན་པ་ནི་ཏཱ་ལའི་སྐུ་སྒེར་གྱི་མ་འོངས་པའི་གནས་བབ་སྐོར་ཡིན་ཞེས་གླེང་ཡོད། གཞན་ཡང་ཐེངས་འདིའི་ཞི་མོལ་སྐབས་ཀྲུང་དབྱང་ནས་དམིགས་སུ་བཀར་ནས་གསལ་པོར་གླེང་བ་ནི། བོད་ལྗོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང༌། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་རང་སྐྱོང་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་རྒྱན་འཁྱོངས་བྱེད་པ་ལ་འགྱུར་ལྡོག་རྩ་བས་མེད། ཅེས་བཤད་ཡོད།
མི་ལོ་ཉེར་བརྒྱད་ཀྱི་ལོ་རྒྱུས་ཡོད་པའི་བོད་རྒྱའི་འབྲེལ་མོལ་འདིར། ཆེས་གསལ་ཤོས་ཀྱི་རྣམ་པ་ཞིག་མངོན་ཡོད་པ་ནི། ཀྲུང་དབྱང་གིས་བོད་ཀྱི་གནད་དོན་ཟེར་བ་ཞིག་ཁས་ལེན་མི་བྱེད་པ་དང༌། བོད་ཕྱོགས་ནས་ཆ་རྐྱེན་གང་ཡང་མེད་པར་ཀྲུང་དབྱང་གི་བཀའ་བཀོད་དྭང་ལེན་བྱེད་དགོས་པའི་ལྟ་ཚུལ་འདི་རེད།
བརྒྱུད་རིམ་འདིར་ཕྱིར་བལྟ་བྱས་པ་ཡིན་ན། ད་ལྟ་ང་ཚོས་གླེང་བཞིན་པའི་བོད་རྒྱའི་འབྲེལ་ལམ་འདི་ནི། ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༩ ནས་ཚེས་ ༢༤ བར་ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་དང་སྐལ་བཟང་རྒྱལ་མཚན་གཉིས་རྒྱ་ནག་དང་བོད་དུ་གཟིགས་སྐོར་ལ་ཕེབས་པ་དེ་ཤེད་ནས་མགོ་ཚུགས་པ་ཞིག་རེད། ཐེངས་དང་པོའི་གཟིགས་སྐོར་གྲུབ་འབྲས་གཞོ་ལ་བཞག་སྟེ། བོད་གཞུང་གིས་ལངས་ཕྱོགས་བསྟན་པའི་ནང༌། ཞི་མོལ་བརྒྱུད་བོད་དོན་ཐག་གཅོད་ཐུབ་པའི་རེ་བ་བྱུང་སྐོར་བཀོད་ཡོད། དེ་ནི་ཕྱི་ལོ་ ༢༠༠༢ ཟླ་ ༩ ཚེས་ ༣༠ ཉིན་རེད། རེ་བ་འདིར་འཇུས་ཏེ། བོད་གཞུང་གི་ངོས་ནས་ཕྱི་ལོ་ ༢༠༠༣ ནས་ ༢༠༠༦ བར་ནི་བོད་རྒྱའི་འབྲེལ་ལམ་གོང་འཕེལ་གྱི་བར་བརྒལ་ཁོར་ཡུག་གི་དུས་སྐབས་སུ་གཏན་འབེབས་བྱས་འབྲེལ། རྒྱ་རྒོལ་ཁྲོམ་སྐོར་དང་སྐད་འབོད་སོགས་མི་མང་གི་ལས་འགུལ་སྤེལ་རིགས་མི་ཡོང་བའི་སྐོར་ལས་འཕྲོས་ཏེ། བོད་མི་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་སྡེ་མི་སྒེར་དང་བཅས་པར་ཡོངས་ཁྱབ་འབོད་སྐུལ་གནང་བ་ནས་ལས་ཀ་བྱེད་ཕྱོགས་མང་པོ་ཞིག་ལ་ཁོར་ཡུག་གི་བཀག་རྒྱ་ཐེབས་པ་རེད། དཔེར་ན། ཆོལ་ཁ་གསུམ་སོགས་ཐ་སྙད་ཁག་ཅིག་ཀྱང་ཁོར་ཡུག་དེར་གནོད་གཞིའི་རྒྱུ་མཚན་གྱི་འོག་ནས་འགྱུར་བ་གཏོང་བའི་བཀོད་ཁྱབ་བཏང་ཡོད། བརྒྱུད་རིམ་འདི་དག་གིས། ད་ལྟའི་བར་འབྲེལ་མོལ་རྒྱུན་མཐུད་ཐུབ་པར་རོགས་འདེགས་ག་ཚད་ཅིག་སླེབས་ཡོད་མེད་ལ་མ་ལྟོས་པར། ཞི་མོལ་དེ་ཐེངས་བརྒྱད་ལ་བྱས་པ་རེད། མཐའ་མའི་དུས་འདིར། རྒྱ་ནག་གཞུང་ནས་བོད་དོན་ཟེར་བ་ཞིག་ངོས་ལེན་བྱེད་ཀྱི་མེད་པར། ཏཱ་ལའི་སྐུ་སྒེར་གྱི་མདུན་ལམ་གནད་དོན་ཐད་ནས་གླེང་མོལ་བྱས་དང་བྱེད་ཀྱིན་པའི་གསལ་བསྒྲགས་སྤེལ་ཚར་ཡོད། དོན་ངོ་མར་ང་ཚོའི་འདོད་འདུན་གཞི་ལ་བཞག་པའི་རང་སྲིད་རང་སྐྱོང་དེ་གླེང་ཐབས་མེད་པ་ཡིན་ནམ།
ང་ཚོས་དེ་རིང་བར་གླེང་བའི་བོད་དོན་དེ་ཞི་མོལ་གྱི་བརྒྱུད་རིམ་ནང་ནས་བརླག་པ་རེད་དམ། བརླག་སྟངས་དེ་གསལ་བཤད་བྱེད་ཐབས་མ་རྙེད་པ་རེད་དམ། ཡང་གཅིག་བཤད་ན། རྒྱ་ནག་དང་བོད་བར་གྱི་ད་ལྟའི་འབྲེལ་ལམ་འདི། བོད་པའི་ངོས་ནས་མགོ་འདོགས་སྟངས་ཀྱི་རྣམ་པ་གཞན་ཞིག་འཚོལ་གྱི་ཡོད་པ་རེད་དམ། དྲི་བ་ཇེ་མང་དང༌། རྙོག་དྲ་ཇེ་མང༌། གནད་དོན་གྱི་མཐའ་སྣེ་ཇེ་ཕྲར་འགྱུར་བཞིན་པའི་ཛ་དྲག་གི་དུས་སྐབས་འདིར། བཙན་བྱོལ་བོད་གཞུང་གི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབུ་ཁྲིད་རྣམ་པར་བོད་ཀྱི་གནད་དོན་འགྲིགས་ཆགས་ཡོང་ཐབས་གནང་རྒྱུའི་ལྷག་བསམ་དང་ཆོད་སེམས་ཡོད་མེད་ལ་ཐེ་ཚོམ་སྔར་ལས་ཆེ་བར་གྱུར་པའི་གསལ་བསྒྲགས་སྤེལ་ཡོད། གནས་སྟངས་འདི་འདྲར་བརྟེན། ད་ནི། ང་ཚོས་འཚེ་མེད་ཞི་བའི་སྲོག་ཟུངས་སྙིང་པོར་བྱས་པའི་སྙིང་སྟོབས་དང་བདེན་པ་འདི་ས་འཕྱར་གནམ་འཕྱར་དང་འབྲེལ། རྒྱ་ནག་གུང་ཁྲན་སྲིད་གཞུང་འདི་བཞིན་བོད་ཀྱི་གནད་དོན་གླེང་བའི་ར་སྐོར་ནང་ཚུར་འགུགས་དང་འབྲེལ་བའི་བྱ་ཐབས་མཆིས་སོ་ཅོག་ལག་ལེན་དུ་བསྟར་དགོས་པ་དུས་ཚོད་དང་གནས་སྟངས་གཉིས་ཀས་གཏུགས་ནས་ཡོད་པར་མཐོང་ངོ༌།།
ཕྱི་ལོ་ ༢༠༠༨ ཟླ་ ༧ ཚེས་ ༩ ལ།