ཟླ་བ་གཞོན་ནུ།
འུ་ཅག་བོད་ལ་མཛད་རྗེས་ཅན་གྱི་བུད་མེད་སུ་ཞིག་ཡོད། ཅེས་འདི་ལྟར་དྲིས་ན། མང་པོ་ཞིག་གིས་ཡོངས་གྲགས་དེབ་ཐེར་སོགས་ན་ཡོད་པའི་མ་ཅིག་ལབ་སྒྲོལ་དང་འབྲོ་བཟའ་ཁྲི་མ་ལོད་སོགས་རེད་ཅེས་ལན་བསྐྱོན་ངེས། འོ་ན་འུ་ཅག་གི་མཛད་རྗེས་ཅན་གྱི་སྐྱེས་པ་དང་བུད་མེད་སུ་ཡིན་ཡང་གྲགས་ཅན་དེབ་ཐེར་སོགས་ལ་མ་བཀོད་པ་མེད་དམ། ཡང་ན་དེབ་ཐེར་དེ་དག་ན་ཡོད་པ་ལས་གཞན་མཛད་རྗེས་ཅན་མེད་དམ། འདི་ནི་རང་བཞིན་གྱིས་ལྷག་པའི་དྲི་བ་ཞིག དེ་ནི་མ་ཡིན་ཏེ་གཏན་ནས་མིན། ང་ཚོར་མཛད་རྗེས་ཅན་གྱི་སྐྱེས་པ་དང་བུད་མེད་ཧ་ཅང་མང་མོད། ཡོད་ཚད་གྲགས་ཅན་དེབ་ཐེར་སོགས་སུ་གསལ་མི་གསལ་ཅི་རིགས། དཔེར་ན་ང་དགུ་ལོའི་དེ་རིང་གི་ཉིན་མར་བུད་མེད་སྒེར་ལངས་སྣེ་ཁྲིད་པ་དེ་སུ་ཡིན་ཁྱོད་ཚོས་ཤེས་སམ། ལྷག་པར་དུ་དེ་རིང་བུད་མེད་སྒེར་ལངས་དུས་དྲན་ལ་དངོས་སུ་ཞུགས་པའི་སྐྱེས་མ་དག་ཁྱོད་ཚོས་ཤེས་སམ། ཤེས་ན་སུ་རེད། མཚན་ལ་ཅི་ཟེར། ངས་བལྟས་ན་དེ་རིང་གི་དུས་དྲན་ལས་འགུལ་ལ་ཞུགས་པའི་བུད་མེད་བྱིངས་ཕར་ཞོག་དེ་རིང་གི་དུས་དྲན་ལས་འགུལ་དེའི་སྣེ་ཁྲིད་པ་དག་གིས་ཀྱང་ཕལ་ཆེར་ཤེས་ཀྱི་ཨེ་ཡོད་འདོད། མ་ཟད་དེ་རིང་གི་ལས་འགུལ་དེ་བུད་མེད་རྐྱང་བའི་ལས་འགུལ་ཞིག་ཏུ་ཚུལ་ཇི་ལྟར་ཆགས་པ་ཁྱོད་ཚོས་ཇི་ལྟར་འགྲེལ། བུད་མེད་དག་གིས་ལན་ཅིག
སྐབས་འདིར་ངས་ཁྱོད་ཚོར་དཔའ་མཛངས་ཅན་གྱི་བུད་མེད་ཅིག་མཚམས་སྦྱོར་བྱེད། ཁོ་མོའི་མཚན་ལ་གུར་སྟེང་ཀུན་བཟང་ཟེར། འོ་ན་གུར་སྟེང་ཀུན་བཟང་གིས་འོ་ཅག་ཁ་བ་རི་པ་ཚང་ལ་མཛད་རྗེས་ཅི་ཞིག་བཞག་མྱོང་བ་ཨེ་ཤེས། མི་ཤེས་ན་དེ་རིང་གི་བུད་མེད་སྒེར་ལངས་དུས་དྲན་གྱི་ཐོག་མའི་སྣེ་ཁྲིད་པ་ཁོང་རེད། ཁོ་མོས་ང་དགུ་ལོའི་གསུམ་པའི་བཅུ་གཉིས་ཉིན་རྒྱལ་ས་ལྷ་སའི་བུད་མེད་ཡོངས་ལ་སྐུལ་སློང་བྱས་ནས་བུད་མེད་སྒེར་ལངས་ཀྱི་འབོད་སྒྲ་འཛམ་གླིང་གི་ལོ་རྒྱུས་ཟིན་ཐོ་ལ་བཀོད།
ཁོ་མོ་སྔོན་ཆད་ཀུན་བདེ་གླིང་གི་གཞིས་ཀར་བཞུགས་མྱོང་ལ་རྗེས་སུ་རྒྱ་མིའི་བཙོན་འོག་ཏུ་ཚུད་ནས་འཐབ་རྩོད་དང་བཙོན་འཇུག་ལོ་མང་རིང་བྱས། རྗེས་སུ་ཡང་སྐྱར་གསང་ཐབས་ཀྱི་སྒོ་ནས་ངོ་རྒོལ་བྱས་པས་ཁོང་གི་འཐབ་གྲོགས་ལྷོ་ཁ་རྟ་མགྲིན་མཚོ་དང་ཁོང་གཉིས་རྒྱ་དམར་པོ་ཚང་གིས་དམར་གསོད་བཏང་། དེས་ན་ང་ཚོས་ཁོང་དང་ཁོང་འདྲ་བ་མང་པོ་ཞིག་ཤེས་དགོས་ལ་བརྗེད་དེ་བས་མི་ཉན། དེ་རིང་ངས་དཔའ་མོ་ཁོང་དང་ཁོང་གི་མཛད་རྗེས་ལ་དྲན་གསོ་ཞིག་གི་ཆེད་དུ་མལ་ས་ནས་སྟོད་ལངས་བྱས་ནས་བྲིས།
༢༠༡༥/༣/༡༢
དཔའ་མོ་ཁོའི་ཕ་ཡུལ་ལྷོ་ནས་ཡིན་ཟེར་བ་ལས་ལོ་གསལ་བོ་གང་ཡང་མེད་པས། བོད་ཀྱི་ལོ་རྒྱུས་ཀྱི་སྟོང་ཆ་གཅིག་རེད།
ལོ་རྒྱུས་ཟེར་བ་དེ་མིང་བསྒྲགས་པ་ཙམ་གྱིས་འགྲིག་གི་མ་རེད། བུད་མེད་དེ་ཡུལ་གང་ནས་ཡིན། གང་དུ་སྐྱེས། ཕ་མིང་དང་མ་མིང་གང་རེད། ཕ་མ་གཅིག་གི་སྤུན་ཟླ་ག་ཚོད་ཡོད་རེད། ལོ་དང་ཟླ་བ་ཚེས་པ་གང་ལ་སྐྱེས་པ་རེད། ཕྱི་ལོ་ཟླ་ཚེས་ག་དུས་འདས་གྲོང་དུ་ཕྱིན་པ་རེད། བུད་མེད་དེ་ཡིས་བུད་མེད་སྒེར་ལངས་ཇི་ལྟར་བྱས་མིན་དེ་སུས་གོ་བ་རེད། ལོ་རྒྱུས་ཀྱི་དེབ་ཐེར་དུ་བཀོད་པ་ལ་དེ་ཚོ་མེད་ན་མེད་ཐབས་རེད། དེ་མིན་ངེད་ཚོའི་གྲུབ་ཆེན་བརྒྱད་ཅུ་བཟོ་འདྲ་བོ་གྲུབ་རྟགས་བསམ་གྱིས་མི་ཁྱབ་པར་བསྟན་རབས་ལུང་པ་གང་བཤད་ནས་ཐ་ན་དེ་ཚོའི་ཕ་མའི་མིང་ཙམ་ཀྱང་ཡོད་པ་མ་རེད། དེའི་རིགས་ལ་ཚན་རིག་ལོ་རྒྱུས་སྨྲ་བས་ལོ་རྒྱུས་ཀྱི་གྲལ་དུ་འཇོག་མི་སྲིད།