ཐེ་བོ་ཤེས་རབ་རྒྱ་མཚོ།
ཝང་སྲས་མོས་བྲིས་པའི༼ངའི་རྒྱ་ནག ངའི་བོད། བར་སྡུམ་བྱས་ཀྱང་རྒྱལ་ཚོང་པར་གྱུར།༽ ཞེས་པའི་རྩོམ་ཡིག་དེར་ལོ་རྒྱུས་དངོས་དོན་གྱི་ཐོག་ནས་བལྟས་ན། དངོས་ཡོད་ལས་བརྒལ་བའི་ཧམ་སེམས་ཀྱི་ཆ་ཞིག་ཡོད་པ་དང༌། དེ་ནི་ཝང་སྲས་མོས་མཚོན་པའི་རྒྱ་ནག་གི་གཟུར་གནས་ཀྱི་རྩོམ་པ་པོ་ཀུན་ལ་གཅིག་མཐུན་དང་རང་ཆས་སུ་ཡོད་པ་ཞིག་ཡིན། མ་གཞི་རྒྱ་ནག་ནི་ཁྱེད་ཀྱི་ཡིན་ཞིང༌། བར་སྡུམ་བྱས་པའང་བདེན། འོན་ཀྱང་བོད་ནི་ཁྱེད་ཀྱི་ཡིན་པའི་ཁྱེད་རང་གི་ལྟ་ཚུལ་དེ་ལ་ང་ནམ་ཡང་འཐད་པ་མིན་ནའང༌། ངས་ཁྱེད་ལ་བསམ་ཤེས་བྱེད་ཐུབ་ཀྱི་འདུག དེ་ནི་ཕྱོགས་གཅིག་ནས་ཝང་སྲས་མོ་རང་ཉིད་ཀྱིས་གསུང་པ་ལྟར་ཝང་སྲས་མོ་རང་ཉིད་ཀྱང་བོད་ཀྱི་སྐོར་ལ་ཤེས་རྟོགས་བྱས་པ་འདང་གི་མེད་པས་ཡིན་པ་དང༌། ཕྱོགས་གཅིག་ནས་བཤད་ན། ཝང་སྲས་མོ་ལའང་མངོན་ཆུང་དང་སྦས་པའི་ཚུལ་གྱིས་རྒྱ་རིགས་ཆེན་པོ་རིང་ལུགས་པ་ཚོའི་སེམས་ཁོང་དུ་ཡོད་པའི་ཧམ་སེམས་ཀྱི་ཆ་དེ་ཡོད་པས་ཡིན། ཝང་སྲས་མོ་ལ་མཚོན་ན་དེ་ནི་ཡོད་འོས་པ་ཞིག་ཡིན། འོན་ཀྱང་ལོ་རྒྱུས་ངོ་མའི་ཐོག་ནས་བོད་ལ་བལྟ་ཙམ་བྱས་ཚེ། བོད་ནི་རྒྱ་རིགས་ཆེན་པོའི་རིང་ལུགས་འཛིན་མཁན་ཚོའི་འདོད་པ་ལྟར་རྒྱ་ནག་གི་ཁོངས་སུ་གཏན་ནས་གཏོགས་མྱོང་མེད་ལ། དེ་ལྟར་ཁོངས་སུ་གཏོགས་མ་མྱོང་བའི་རྐྱེན་གྱིས་ཆ་ཤས་སུའང་གཏན་ནས་གྱུར་མྱོང་མེད།
དེང་སྐབས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པ་ལྟར་བོད་ལ་ཡོན་རྒྱལ་རབས་ཀྱི་དམག་ཤུགས་སླེབས་པ་རྒྱུ་མཚན་དུ་བྱས་ནས་བོད་འདི་རྒྱ་ནག་གི་དབང་འོག་ཏུ་གཏོགས་ཚུལ་བཤད་པ་དེ་ནི་ལོ་རྒྱུས་ཀྱི་ཐོག་ནས་གཞི་འཛིན་ས་གཏན་ནས་མེད་པ་ཞིག་རེད། ཁྲིམས་ཐོག་ནས་བལྟས་ན་དེ་བས་ཀྱང་བོད་མི་ས་ཡ་དྲུག་གིས་དུས་ནམ་ཡང་རང་ཉིད་ལ་རྒྱ་ནག་གཞུང་གིས་དབང་སྒྱུར་བྱེད་རྒྱུར་ཁས་ལེན་བྱས་པ་གཏན་ནས་བྱུང་མེད། ཝང་སྲས་མོས་ངའི་བོད་ཅེས་བཤད་ཡོད་པ་དང་སྐབས་འདིར་འབྲེལ་གཞིའི་ང་དེ་ཝང་སྲས་མོའི་ང་དེ་མ་ཡིན་པར་རྒྱ་མི་རིགས་ཡོངས་རྫོགས་ཀྱི་ང་དེ་ཡིན་ལ། ཧ་ཅང་གི་མངོན་ཆུང་ཡིན་པའི་ཝང་སྲས་མོའི་ཧམ་སེམས་ཀྱི་ཕུགས་དམིགས་ངོ་མ་ནི། བོད་འདི་རྒྱ་ནག་གི་ཆ་ཤས་ཤིག་ཏུ་འདོད་པ་དེ་ཡིན། རྒྱ་མི་རིགས་ཀྱི་འདོད་ཚུལ་ཚབ་མཚོན་བྱེད་ཀྱིན་པའི་ཝང་སྲས་མོའི་ཞེ་འདོད་ལ་ངས་མོས་མཐུན་གཏན་ནས་བྱེད་མི་ཐུབ། ཝང་སྲས་མོ་ལ་ཁ་ཞེ་གཉིས་མེད་ཀྱིས་བོད་ཀྱི་དངོས་ཡོད་གནས་ཚུལ་སྐོར་ལ་རྒྱུས་ལོན་བྱ་འདོད་ཡོད་ཚེ། དེ་ནི་ཧ་ཅང་དགའ་འོས་པའི་དོན་བཟང་ཞིག་ཡིན་པས། ཆེས་ཐབས་ལམ་ཡག་ཤོས་ནི་བོད་མི་རེ་རེ་ལ་རང་དབང་གི་སྒོ་ནས་བཅར་འདྲི་བྱས་པ་བརྒྱུད་བོད་མིའི་སེམས་ཁམས་ལ་རྒྱུས་ལོན་ཡང་དག་པ་ཞིག་བྱ་རྒྱུ་དེ་རེད་ལ། དོན་ངོ་མ་བཤད་ན། བོད་ནི་དུས་རྒྱུན་རྒྱ་ནག་ནང་ཁུལ་གྱི་བརྙན་འཕྲིན་དང་ཚགས་དེབ་སོགས་ཀྱི་ངོས་སུ་ཐོན་བཞིན་པའི་གྲ་རྒྱས་ཤིང་ཕུན་སུམ་ཚོགས་པའི་བོད་གསར་པ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་རྒྱ་ནག་ནང་ཁུལ་གྱི་བརྙན་འཕྲིན་དང་ཚགས་དེབ་སོགས་སུ་གཏན་ནས་ཐོན་མྱོང་མེད་པའི་བོད་མིའི་སེམས་ཀྱི་ཁོང་གསེང་ན་རྒྱུ་བཞིན་པའི་འ་ཆད་འུ་ཐུག ཆག་གྲུམ་དང་རྙིང་ཧྲིལ་གྱི་བོད་ཟད་པོ་དེ་ད་གཟོད་བོད་ངོ་མ་ཡིན་པ་དང༌། འདི་ནི་ཝང་སྲས་མོས་མཚོན་པའི་རྒྱ་མི་རིགས་ཡོངས་ཀྱིས་ངེས་པར་དུ་ཤེས་དགོས་པ་ཞིག་ཀྱང་ཡིན།
བཙན་འཛུལ་གྱི་ཐོག་ནས་དབང་སྒྱུར་བྱས་པ་ནི་ཆ་ཤས་ཡིན་པ་དང་བདག་དབང་ཡོད་པའི་རྒྱུ་མཚན་དུ་ཝང་སྲས་མོ་རང་ཉིད་ཀྱིས་ཀྱང་གཏན་ནས་བགྲང་གི་མེད་པ་ང་ལ་ཡིད་ཆེས་གཙང་མ་ཡོད། དཔེ་མཚོན་ཆུང་ཆུང་ཞིག་གི་སྒོ་ནས་གསལ་སྟོན་བྱས་ན། ལོ་རྒྱུས་ཀྱི་ཐོག་ནས་ངེད་གཉིས་རྦད་དེ་ཁྱིམ་ཚང་ཁ་ཁ་གཉིས་ཡིན་ནའང༌། ངའི་ཁྱིམ་ཚང་ཉམས་རྒུད་ཀྱི་སྐབས་དང་བསྟུན་ནས་ཁྱེད་ཚང་གིས་ང་ལ་རྒྱུན་དུ་སུན་གཙེར་བྱས་པ་མ་ཟད། བཙན་དབང་གིས་ངའི་ཁྱིམ་ལ་ཡོང་ནས། ངའི་ནང་མི་ལ་བརྙས་བཅོས་དང༌། ཐུབ་ཚོད། ཟུར་འབུད། ཐ་ན་ངའི་ནང་མི་རྣམས་ལ་བྲན་གཡོག་གི་འདུ་ཤེས་ཀྱང་འཛིན་བཞིན་ཡོད། འོན་ཀྱང་ངས་ད་དུང་འདི་ལྟར་བསམ་ཤེས་བྱེད་ཀྱི་ཡོད་དེ། ངའི་ནང་མིའི་མི་གྲངས་ཉུང་ཉུང་ཡིན་ཡང་སྡོད་ཁང་ཆེན་པོ་ཡིན་པ་དང༌། ཁྱེད་ཚང་ལ་མི་གྲངས་མང་ཡང་སྡོད་ཁང་ཆུང་ཆུང་ལས་མེད་སྟབས། ལོ་རྒྱུས་ལ་གཙི་འཇོག་བྱས་ནས་ཁྱེད་ཚོའི་ཁྱིམ་ཚང་གི་ང་ཚོས་ཁྱིམ་ཚང་ལ་འདྲ་མཉམ་གྱི་ལྟ་ཚུལ་འཛིན་པ་དང༌། མ་མཐའ་ཡང་ངའི་ནང་མི་ཚོར་འགྲོ་བ་མི་ཞིག་གི་འདུ་ཤེས་བཟུང་ནས་ངའི་ཁྱིམ་ཚང་གི་སྒྲིག་སྲོལ་ལ་གཙི་འཇོག་གནང་ཚེ། ངས་ངའི་ཁྱིམ་དུ་ཁྱེད་ཚང་གི་ནང་མི་སྡོད་དུ་བཅུག་ནས་ང་ཚོ་འཆམ་མཐུན་མཉམ་གནས་བྱ་འདོད་ཡོད་ནའང༌། དེ་ལ་བརྟེན་ནས་ངས་ང་ཚོའི་ཁྱིམ་ཚང་འདི་ཁྱེད་ཚང་གི་ཆ་ཤས་ཤིག་དང༌། ཁྱེད་ཚང་གི་ཁོངས་གཏོགས་ཤིག་ཏུ་གྱུར་པར་གཏན་ནས་ཁས་ལེན་བྱེད་ཀྱི་མེད་ལ། དེ་ནི་དུས་ནམ་ཡང་འབྱུང་མི་སྲིད་པ་ཞིག་ཡིན་ནོ།། ༠༩། ༠༦། ༢༠༠༨
hahahahahaaaaaaaaaaaaa
གོང་གསལ་མཆན་བུ་འདེབས་མཁན་དཀོན་མཆོག་རྒྱ་མཚོ་ཟེར་བས་ཕལ་ཆེར་མི་སྐད་མི་མཁྱེན་པ་འདྲ། ཅི་སྟེ་མིན་ན་
མི་སྐད་ལབ་འཚལ།