གཅན་ཡུ་མོ།
༢༠༡༢་ཟླ་༦་ཚེས་༡༦ཉིན་རྒྱབ་ཨ་མ་ལ་རྒྱལ་གཅེས་པ་རྟ་མགྲིན་ཐར་ལགས་ཀྱི་སྐོར་དྲིས་བའི་རྗེས་སུ།
ང་ཚོ་གུ་ཡངས་ཀྱི་འཇིག་རྟེན་གཅིག་ཏུ་འཚར་ལོངས་བྱུང་ཞིང་།
གངས་ཅན་འདིར་ཁྲག་རིས་གཅིག་ཏུ་འཐིམས་པའི་སྤུན་ཟླ་ཡིན་ཏེ།
ཚང་མས་སྙིང་རྗེ་དང་བྱམས་སེམས་ཐོད་ལ་ཁུར་ཏེ།
མ་ཎི་ཡིག་དྲུག་གཅིག་ཏུ་བཟློ་བཞིན་མི་རབས་ནས་མི་རབས་འདས།
གནའ་སྔ་མོ་ནས་བཟུང་།
ཕ་མས་དག་གིས་སྲོལ་རྒྱུན་བཟང་བོ་སྤོབས་སེམས་དང་གོམ་སྟབས་རེ་རེ་
ཁྲོད་ང་ཚོར་ཕུད་ཀྱང་།
སྙན་འཇེབས་ཀྱི་གླུ་སྒྲ་རེ་རེ་ང་ཚོར་སྒྲོག
འོན་ཀྱང་། དུས་རབས་ཉེར་གཅིག་པའི་ནང་།
ལོ་རྒྱུས་ཀྱི་རྩིགས་ལྡེབས་རེ་རེ་གཏོར་ཚར་འདུག་ལ།
གཟི་བརྗིད་ཀྱི་རྡོ་རིང་འགྲེང་ཡོད་པ་དེའང་ཤོར་ཚར་འདུག
གོ་ཐོས་ལ།
ཁ་སང་ཡང་གངས་ལྗོངས་ཏུ་ཕ་མེས་ཀྱི་གཅེས་ནོར་རྩོད་ཆེད་ཚེ་སྲོག་གི་མཆོད་མེ་སྤར་འདུག་ཟེར།
དེ་ནི་ཤོག་བུ་ཞིག་ག་ལ་ཡིན་ཏེ།
དེ་ནི་རིན་བྲལ་གྱི་ཚེ་སྲོག་གསོན་པོ་ཅིག་ཡིན་ལ།
མྱི་སྐད་རྒྱག་པའི་སྐྱེས་བུ་དར་མ་ཅིག་ཀྱང་ཡིན་སོང་།
སྐབས་དེར།
མྱ་ངན་གྱི་མནར་བཞིན་པའི་ཨ་མས་བཤད་རྒྱུར།
ཁ་བའི་ལྗོངས་ཀྱི་རིག་གནས་ཉམས་ཤིང་།
གངས་ཅན་གྱི་ཡུལ་ལུང་གང་སར་དམར་བོ་ཁྲག་གིས་བརྫིས་འདུག
རོ་དང་རུས་པས་རི་བོ་བརྩེགས་ཏེ་ཧི་མ་ལ་ཡར་མཉམ་ཚར་འདུག་ལ།
འཇིག་རྟེན་འདིར་བྱེས་སུ་འབྱོར་བའི་དྭ་ཕྲུག་མང་པོས་ངུ་སྐད་དགུང་ལ་ཁྱབ་འདུག
འོན་ཀྱང་།
ཧི་མ་ལ་ཡའི་རི་རྒྱུད་མཐོན་པོ་དེའི་ཕ་རོལ་ན་གཉིད་དུ་ཡུར་བའི་སེམས་ཅན་འཚོགས་འདུག་ལ།
རང་དབང་དང་འཐབ་རྩོད་ཆོག་པའི་ས་ཆ་དེ་རུ་ཁྱི་སྐད་མ་གཏོགས་སྐྲག་གི་མི་འདུག་ཟེར་བཞིན་ལས་བདའ་བྱེད།
རེད་ཡ།
མི་རིགས་འདིའི་གཉའ་གནོན་དང་བདེ་སྡུག་ཁུར་བཞིན།
དྲང་བདེན་དང་རང་དབང་ཆེད།
ཚེ་སྲོག་གི་མཆོད་མེ་ཕུལ་ཏེ་ཁ་ཆེམས་གསོན་པོ་ཞིག་དང་རེ་བ་ཟབ་མོ་ཅིག་རྒྱབ་ཏེ་བཞུད་ཚར་བའི་རྣམ་ཤེས་དེ་དག
ཁྱོད་གཅིག་པུའི་ན་ཟུག་ག་ལ་ཡིན་ཏེ།
དེ་ནི་གངས་ཅན་གྱི་ཡབ་ཆེན་དག་གི་སེམས་ཁོང་ཏུ་ཟུག་པའི་རྣོ་གྲི་ཡིན་ལ།
བདེ་སྦྱིན་དང་དུངས་སྣང་གིས་བསྩལ་བའི་དགའ་མ་དག་གི་རྫོགས་ཐབས་མེད་པའི་མིག་ཆུའང་ཡིན་སོང་བས།
ང་ཚོས་རྒྱལ་ཕམ་དང་ཐོབ་ཤོར་རྩོད་སའི་འཇིག་རྟེན་གྱི་བཙན་རྫོང་དེ།
གཡུལ་ས་དང་དུར་ཁྲོད་དུ་གྱུར་བའི་རེ་སྒུག་མིན་ལ།
ཡུགས་ས་དང་དྭ་ཕྲུག་ཏུ་ལྷག་པའི་བདེ་སྣང་ཀྱང་ག་ལ་ཡིན།
དེས་ཕྱིར།
གདོང་དམར་བ་ཕམ་པའི་སྐྱོ་གར་ལེན་འདོད་མེད་ལ།
གངས་ལྗོངས་ཤོར་བའི་བྲོས་བྱོལ་ཏུ་སོང་བའི་སྡར་མ་ཞིག་ཀྱང་བྱེད་འདོད་མེད་པས།
ང་ཚོས། འདས་ཟིན་པའི་ལོ་རྒྱུས་གླེང་ཞོར།
ཐོབ་འདོད་པའི་རང་དབང་རྩོད་ཞོར།
རི་རྒྱལ་བཞིན་བརྟན་པའི་ལ་རྒྱ་དང་མཚོ་མོ་བཞིན་འཁྱིལ་བའི་དུང་སེམས་ཁུར་ཏེ་ཕ་ཡུལ་ཏུ་སྙེག་གིན་ཡོད།
དེ་རིང་ནས་བཟུང་། ཁྱེད་ཅག་གིས།
འཇིག་རྟེན་འདིའི་ཡང་རྩེ་ན་ལྷུན་པོ་བཞིན་འགྱིང་བའི་ང་ཚོའི་འཚོལ་སྙེག་ལ་ལྟ་ཞོར།
ལས་དབང་གི་ལམ་ཁ་རུ་དྲོད་སྐྱིད་ཀྱི་ཁྱིམ་གཞི་ཁུར་ཡོང་བའི་ང་ཚོའི་སྙིང་སྟོབས་དེ་གླེང་ཞོར།
བྱེ་ཐང་གི་ཚ་ཁུག་ན་བསིལ་འཇམ་གྱི་རླུང་བུ་སྟེར་ཐུབ་པའི་ང་ཚོའི་བྱམས་བརྩེ་དེར་གཟིགས་ཞོར།
བཙན་རྫོང་གི་རྭ་བ་ན་ཁྲག་ཞགས་དམར་བོའི་ཁུ་ཚུར་སྒྲེང་བཞིན་པའི་ང་ཚོའི་བདེ་སྡུག་དེ་བསམ་ཞོར།
འུ་ཐུག་གི་སྤྱན་ཆབ་དེ་བཞུར་མཚམས་བཞག་ཏེ།
འཁྲེང་སེམས་ཀྱི་ཤུགས་རིང་འབྱིན་པའི་དམུ་རྒོད་དེ་འཇམ་བཞིན།
ཡིད་སྐྱོ་བའི་འདས་དོན་ལ་ཆགས་བཞག་ཏེ།
ཆག་འཇིགས་ཀྱི་ལོ་རྒྱུས་རུམ་ལ་ཉར་ཏེ་སྤྲོ་སྐྱིད་ཀྱི་ཁྱིམ་ཚང་དེའི་དུ་བ་མཚམས་མི་འཇོག་པར་འཕྱུར་ཅིག་དང་།
ང་ཚོས་ཚེ་སྲོག་གི་མཆོད་མེ་ཕུལ་བའི་དཔའ་བོ་དག་གི་མཛད་རྗེས་ཁུར་ཏེ།
འཛམ་གླིང་འདིར་དྲང་བདེན་འཚོལ་སའི་སྟེགས་བུ་དེ་ན།
ཁྱེད་ཅག་ལ་གཏམ་བཟང་ཅིག་ཁུར་ཐུབ་པའི་རེ་ལྟོས་བྱེད་བཞིན་ཡོད།
དེ་བས། ཁྱེད་ཚོས་མགོ་བོ་སྔས་ལ་མི་འབྱར་བར།
དམར་ལྷོག་ལྷོག་ཏུ་བཞུར་གྱིན་པའི་ཟུངས་ཁྲག་དེ་དག་གི་ཆེད་མི་ཎི་ཡིག་དྲུག་རེ་འདོན་བཞིན།
བདེ་སྐྱིད་ཀྱི་ཉི་འོད་མཐོང་བའི་སྨོན་འདུན་ཞུ་རོགས།
དེ་ནི་ཁ་བ་བོད་པ་ཚང་གི་གཅིག་གྱུར་གྱི་གཞི་རྟེན་ཡིན་ལ།
སྔོན་གཤེགས་དཔའ་བོ་དག་གི་བླ་ན་མེད་པའི་མཛད་རྗེས་དེའི་རེ་འདུན་ཀྱང་ཡིན་སོང་།
ཨ་ཅེ་ཡུ་མོ་ལགས།ཁྱེད་ཀྱིས་དཔའ་བོ་རྟ་མགྲིན་ལགས་ཀྱི་ཨ་མ་སྐད་ཆ་དྲིས་རྗེས་ཀྱི་གནས་ཚུལ་སྙན་ངག་གི་ལམ་ནས་གསལ་ཁ་ཐོན་དཀའ་བ་ཞིག་རེད།དེ་ལས་ཚིག་ལྷུག་གིས་གནས་ཚུལ་ཇི་བཞིན་བྲིས་ན་ཧ་ཅང་ལེགས་སྙམ།
སྙན་ངག་ཡག་པོ་བྲིས་འདུག
དྲ་གྲོགས་ཁ་བ་འཚོ་ལགས། འདི་ངས་ཁོང་ཉིད་ཀྱི་ལོ་རྒྱུས་གསལ་འདོན་བྱས་བ་མིན་ལ། རང་ཉིད་ཀྱི་ཨ་མས་ཚིག་འགའ་ཤོད་པའི་རྗེས་སུ་སེམས་ལ་དྲན་པའི་སྡུག་སྣང་ཞིག་བྲིས་བ་ཡིན། འདི་ང་རང་ཉིད་ཀྱི་ཨ་མས་ཁྱེད་ཚོར་གྲག་འགུལ་མི་འདུག་ཞེས་པའི་ཚིག་འགའ་བཤད་པ་དེ་དང་སྐྱོ་གདུང་གི་མིག་ཆུ་ཤོམ་ཤོམ་དུ་བཞུར་བའི་སྐྱོ་གདུང་དེ་ལས་སེམས་སུ་ཤར་བ་ཅིག་བྲིས་བ་ལགས་ན། ཁྱེད་ཅག་གི་གོ་ནོར་མི་ཐེབས་པའི་རེ་སྐུལ་ཡོད། ཐུགས་རྗེ་ཆེ།
སྙན་ཚིག་ཡག་པོ་འདུག་ལ་བརྗོད་གཞི་ནི་དེ་བས་ཧ་ལས་པ་ཞིག་རེད། གངས་ཅན་པ་ཚོ། རྣོ་བསམ་ཡག་པོ་བཞེས་དང་། ང་ཚོར་དགོས་པ་ནི་རང་དང་བདེ་སྐྱིད་རེད། མི་དགོས་པ་ནི་སྡུག་བསྔལ་དང་མནར་གཅོད་རེད་མ་གཏོགས་་་་དལ་འབྱོར་མི་ལུས་རིན་པོ་ཆེ་མ་རེད། ཐུགས་རྗེ་གཟིགས། དེ་ལྟ་བུའི་བློས་གཏང་མ་གནང་དང་། ནང་ཆོས་ལ་བློ་ཁ་བསྒྱུར་དང་གཏན་གཏན་བདེ་སྐྱིད་ཡོང་གི་རེད།།