ཁྲོ་གཏུམ།
གླེང་གཞི།
སྟོད་ལྷ་རབས་ཀྱི་དུས། བར་མངའ་ཐང་དར་བའི་དུས།བོད་སིལ་བའི་དུས། དགའ་ལྡན་ཕོ་བྲང་གི་དུས། གཞིས་བྱེས་གཉིས་བཀྱེས་ཀྱི་དུས། བོད་ཀྱི་ལོ་རྒྱུས་ཀྱི་སྒྲོམ་གཞི་བསྒྲིགས་ན་འདི་དག་ནི་གནད་ཚིག་ཏུ་བབས་པའི་སྙིང་བོ་འཚོལ་བྱེད་རེད་འདུག ང་ཚོས་སྤྱི་ཚོགས་བསམ་ཏེ་ལོ་རྒྱུས་ཀྱི་རིན་དོད་དེ་གླེང་དགོས་ན། གོང་གི་མིང་འདི་དག་གཞི་བྱས་ནས་བོད་ཀྱི་རྒྱལ་རབས་འདིའི་ས་བཅད་ཆེ་ཤོས་སུ་གྱུར་བ་དང་བོད་སྤྱི་ཚོགས་ཀྱི་དུས་འགྱུར་རེ་རེ་ཡི་བརྙན་ངོས་ཡང་འདི་ནས་འཚོལ་དགོས་པ་རེད། དེ་བས་ངས་འདི་དག་གིས་ས་བཅད་བྱས་ནས་བོད་ཀྱི་ཡིག་ཐོག་དང་ཁ་ཐོག་ཏུ་བཤད་ཀྱིན་པའི་སྣེ་མཐུད་ནས་ཉུང་ཙམ་ཞིག་འབྲི་འདོད་སོང་།
དང་པོ། སྟོད་ལྷ་རབས་ཀྱི་དུས།
འདི་ལ་ལ་ཤས་ཀྱིས་ཡ་ཐོག་སྤྱི་ཚོགས་ཡང་ཟེར་ལ། ད་དུང་ཡ་ཐོག་བོད་སིལ་མའི་སྐབས་ཟེར་མཁན་འགའ་ཤས་འདུག གང་ལྟར་སྤྱི་ཚོགས་འདི་ནི་ང་ཚོའི་ས་ཆ་འདིར་གདོད་མ་ནས་བྱུང་ཞིང་གཅིག་གྱུར་གྱི་རྒྱལ་བོ་མེད་པ། མིའི་རིགས་ཀྱི་རྣམ་དཔྱོད་ཀྱི་རྩལ་ཐོག་མར་རང་བྱུང་ཁམས་སུ་བཏོན་དེ་ཡར་རྒྱས་སུ་བྱིན་པའི་སྐབས་ཤིག་ཏུ་གོ་དགོས་པར་སྙམ། གོ་ལ་གྲུབ་ཚུལ་དང་མི་བྱུང་ཚུལ་གྱི་ལོ་རྒྱུས་ལ་གསལ་ཁ་ཆོད་པའི་གཏམ་བཟང་དཀོིན་པས་ན། རྒྱ་ཡེ་བཀྲ་བྷོའི་གཏམ་བཤད་ཅིག་ཏུ། “སྔོན་བྱུང་ལོ་རྒྱུས་གླེང་བ་ནི་ད་ལྟའི་དངོས་མང་བཤམས་སྟོན་ཁང་གི་གནའ་རྫས་ཆག་པོ་དེ་དག་དང་འདྲ། རྫ་ཆག་དེ་དག་ལ་ལས་སྣོན་བྱས་ཏེ་རྣམ་པ་ཙམ་བཞེངས་བ་མ་གཏོགས། སྔོན་གྱི་ཆ་ཚང་བ་དེ་ལྟར་དུ་གྲུབ་པར་ཁག་པས། ལོ་རྒྱུས་ཡང་ཡ་ཐོག་ནས་ཡ་ཐོག་ཏུ་ནག་འདེད་བྱས་ན་མཐུས་ཚང་བྱུང་བར་དཀའ་བ་རེད།”ཞེས་གསུངས་པ་ལྟར་གྱིས་ཚན་པ་གསུམ་དུ་བགོས་ནས་བལྟས་པ་ཡིན་ན།
ཤིང་ལོ་གྱོན་པ་དང་ལོ་ཏོག་ཟོས་པར་བལྟས་པ།
འཚོ་བའི་མཁོ་དངོས་བསྡུ་ལེན་བྱེད་པའི་ཐབས་ཤེས་ཁྲོད་ནས་དུག་ལོག་གི་ཐོག་མ་ནི་ཤིང་ལོ་ཡིན་པ་དང་། སྐབས་དེར་ལུས་ཀྱི་དངོས་པོ་གང་རུང་ཞིག་བསྒྲིབ་བྱེད་གཅིག་པུ་མིན་ལ་རྒྱན་ཆའི་རིགས་སུ་མི་གཏོགས་པར་རང་གི་ལུས་ཀྱི་གྲང་རག་འགོག་ཆེད་ཞིག་རེད། ལོ་ཏོག་ཁ་ཟས་སུ་བྱེད་ཤེས་པའི་རིག་པ་འདི་ལས་གྲོད་ཁོག་གི་དགོས་མཁོ་དང་བསྟུན་ནས་བྱུང་ལ། འདི་རིམ་གྱིས་རི་དྭགས་རྔོན་ཤེས་པ་དང་རི་ཆུར་བརྒལ་བའི་ཐབས་ཤེས་རྙེད་པ། ཤིང་བསྲེགས་པ་དང་རི་དྭགས་གསོད་པ་སོགས་ཀྱིས་མིའི་ཐོག་མའི་བཀག་འགོག་རི་དང་གཙང་བོ་ཡིན་པ་ལས་བརྒལ་ནས་གསར་གཏོད་ཀྱི་ལམ་བུའི་སྒོ་ཕྱེ་བ་རེད། ཤ་གཡུང་དུ་ཕབ་ནས་ལུག འབྲོང་གཡུང་དུ་ཕབ་ནས་ནོར། རྐྱང་གཡུང་དུ་ཕབ་ནས་རྟ་ཟེར་བའི་བཤད་རྒྱུན་ལྟར་ཕར་བལྟས་ན་མི་ཡིས་རང་བྱུང་ཁམས་བཀོད་སྤྱོད་བྱེད་པའི་ཐབས་དང་ཤེས་རབས་ནི་ཧ་ཅང་བཟང་ལ། ད་ལྟའི་འཛམ་གླིང་གི་ཤ་བཅུད་ཆེ་ཤོས་དང་ཟས་བཅུད་མང་ཤོས་ཀྱི་མར་ཆུར་རྩམ་གསུམ་གྱི་ཐོན་ཁུངས་ཡང་འདི་ན་ཡོད་པ་དེ་ས་འདི་ནས་སྐྱེས་ཤིང་འཚར་ལོང་བྱུང་སྟེ་ཡུལ་གྱར་བྱེད་མཁན་རིགས་ཀྱིས་གསལ་བོ་ཤེས་སོ། འཚོ་བའི་ཐོན་བསྐྱེད་ཀྱི་ངོས་ནས་ཡང་འདི་དག་ནི་ད་ལྟ་ད་དུང་ཡང་མེད་དུ་མི་རུང་བ་ཞིག་ཏུ་ཆགས་འདུག་ལ། ས་ཆའི་གནས་བབས་ཀྱི་དབང་གིས་ཡང་འདི་དག་ས་ཆ་འདིའི་གནམ་གཤིས་དང་མཁའ་དབུགས་ཀྱི་ལྡིང་ཚད་ལ་བལྟས་ནས་གྲུབ་པ་ཞིག་རེད།
རྡོ་ཆས་གསར་རྙིང་གི་རྣམ་དཔྱོད་ལ་བལྟས་པ།
སྐབས་འདིར་མིའི་རིགས་ཀྱི་དགོས་མཁོ་ཆེ་ཤོས་ཏེ་རྡོ་ཡི་རིགས་ཡིན་པ་དཔེ་ངོས་དང་ཁ་ཐོག་གང་རུང་དུ་བཤད་ཀྱིན་འདུག་ལ། རྡོ་བེད་སྤྱོད་བཏང་བ་དང་རང་བྱུང་གི་རྡོ་ཆས་བཀོད་ཤེས་པ་ནི་རྡོ་ཆས་དུས་སྐབས་ཀྱི་མིའི་རིགས་ཀྱི་རྣམ་དཔྱོད་དེ་ཚད་མཐའི་ངང་ནས་ཡར་རྒྱས་སུ་ཐོན་པའི་རྟགས་མཚན་དུ་ཤེས། བདེན་དབང་ཞིག་བསྟན་ན། ཀོང་པོ། ཆབ་མདོ། (ཁ་རུལ) ཙོང་ཁ་སོགས་སུ་ཅ་ལག་མི་འདྲ་བ་༢༧བྱུང་།(རྡོ་ཆས་གསར་རྙིང་ཉིས་ཆ) རྡོ་ཡི་ཁབ། ཇ་སྐོ། གྲི། སྐྱིག་ཅེས་པ་སོགས་<<བོན་པོའི་བསྟན་པའི་རྣམ་བཤད་དར་རྒྱས་གསལ་བའི་སྒྲོན་མེ>>ལས་གསལ། འདི་ལྟ་བུའི་ལག་རྩལ་རིག་གནས་དག་གིས་ཡང་མདོ་དབུས་མཐོ་སྒང་ན་ལོ་རྒྱུས་རིང་ཞིང་རྫོང་མཐུག་པའི་རིག་གནས་ཤིག་གི་རྒྱབ་ལྗོངས་མངོན་ཡོང་ལ། ང་ཚོའི་མེས་པོ་དག་གིས་ས་འདི་ནས་རྣམ་དཔྱོད་ཀྱི་རྩེད་ར་ཞིག་བཙུགས་ཤིང་། རང་བྱུང་ཁམས་ཀྱིས་མིའི་རིགས་བསྐྲུན་པ་དང་། འདི་ལས་མིའི་རིགས་ཀྱི་བསམ་བློ་བྱུང་བའི་གནད་ཅིག་མཐོང་ཐུབ་འགྲོ་བ་མ་ཟད། ད་དུང་ཁོ་ཚོ་རང་བྱུང་ཁམས་སུ་འཇུག་པའི་སྙིང་སྟོབས་དང་དཔའ་རྩལ་ཡང་བསྐྱར་སློག་རྒྱགས་ཐུབ་འགྲོ།
ལྷ་གཤིས་སུ་གྱུར་ཚུལ་ལ་བལྟས་པ།
འཚོ་ཐབས་འབད་འབུངས་ཀྱི་ཁྲོད་ནས་རང་བྱུང་གི་འཇིག་པ་གང་མང་ཞིག་གིས་གཙེས་ཤིང་། ཚེ་སྲོག་སྲོང་སྐྱོབས་ཀྱི་ཆེད་དུ་དགྲ་ལས་རྒྱལ་དགོས་པའི་ཐབས་ཤེས་ཁྲོད་ནས། མཚན་གུང་སྟག་གཟིགས་སོགས་ཀྱི་འཇིགས་སྐྲག་ལས་བློ་སེམས་བདེ་ལ་འབབ་མ་ཐུབ་པས་ན། ཉིན་མོར་འཇིགས་དངངས་དེ་ལས་ཡོལ་ཐུབ་པ་སོགས་ཀྱིས་ཉི་མ་ནི་མགོན་དུ་བརྟེན་པ་ཞིག་དང་། ཆར་རླུང་དྲག་པོའི་འཇིགས་སྐྲག་ལས་སྐྱོབས་ཕྱིར་བྲག་སྐྱིབས་དང་སྡོང་འོག་ཏུ་ཡིབ་པ་ལས་ནགས་ཚལ་དང་བྲག་རི་མགོན་དུ་བརྟེན་པ། ཕོ་མོ་ལུས་འབྲེལ་བྱུང་བ་ལས་མངལ་ཆགས་ཏེ་བུད་མེད་རིགས་ཀྱིས་ཟས་འཚོལ་བར་དཀའ་ངལ་ཡོད་པས་ས་གནས་གཅིག་ཏུ་བསྡད་ནས་ཁྱོ་ཀའི་ལག་ཡོང་དག་ལ་རེ་སྒུག་བྱས་ཏེ་ཁྱིམ་གཞིས་ཆགས་པ། དེ་ནས་ཚོགས་པ་གྲུབ་ཅིང་མི་འཇོན་ནུས་ཅན་ཞིག་འཚོ་དཔོན་དུ་གདམས་པའི་དམངས་གཙོའི་སྲོལ་ལྟ་བུ་བྱུང་ཡོད་པ་ཡང་གཏན་ཁེལ་རེད། ཚོགས་པའི་འཁྲུགས་རྩོད་བྱུང་བ་ནས་འཐབས་འཛིང་གི་ཐབས་ལམ་བཙལ་ཞིང་བློ་ཁོག་ཆེ་ཞིང་ཐབས་ཤེས་མང་བ། གཡུལ་ལས་གང་མང་རྒྱལ་བའི་བུ་རབས་དག་རྒྱུ་རྐྱེན་གང་རུང་གིས་གང་དུ་ཤི་བའམ་གསལ་བ་ཡིན་ན་ས་དང་རི་དེ་རུ་མཚོན་ཆའི་རྒྱན་དེ་ལབ་རྩེ་ཟེར་བ་འདི་བརྩིགས་པའི་སྲོལ་འདི་ཡང་དཔའ་བོ་ཞིག་གི་རྗེས་དྲན་ཡུལ་སྲོལ་དུ་གྱུར་བ་མ་ཡིན་ནམ།
འདི་ལྟར་སྤྱི་ཚོགས་འཚོ་བའི་འཕེལ་རིམ་དང་། མི་དང་མིའི་བར་གྱི་མཛའ་འབྲེལ་ལ་འདུ་ཤེས་འཛིན་སྟངས། ཚོགས་ཁག་དང་ཕྱོགས་ཁག་གྲུབ་པ་ལ་བརྟེན་ནས་སོ་སོའི་མགོན་སྐྱབས་སུ་འཛིན་པའི་མི་མཐོང་མི་མངོན་པའི་ལྷ་གཤིས་ཀྱི་འདུ་ཤེས་ཤིག་གྲུབ་པ་ནི་ད་ལྟ་ཡང་སྤྱི་ཚོགས་སུ་མཚན་རྟགས་གང་མང་རིག་རྒྱུ་མང་ལ། ལྷ་གཤིས་ནི་འཛམ་གླིང་གི་རྒྱལ་ཁབ་ཡོང་རྫོགས་ཀྱི་གདོད་མའི་ལོ་རྒྱུས་སུ་ཡོད་པས། མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་དང་མཁོ་སྤྲོད་ཀྱི་བྱ་དངོས་དག་ལ་བརྟེན་ནས་ལྷ་གཤིས་ཀྱིས་ཁོ་ཚོའི་ལས་དབང་ལ་ཁ་ལོ་བསྒྱུར་ཐུབ་པ་ཞིག་གི་འདུ་ཤེས་གཏིང་ཟབ་བསྐྲུན་འདུག འདི་ལྟར་གཅིག་གྱུར་གྱི་རྒྱལ་བོ་མེད་པར་ཡར་ཀླུང་གི་ཉེ་འཁོར་ནས་ཚོགས་ཆུང་རེའི་གཡུལ་འགྱེལ་གྱི་རྒྱལ་ཕམ་མ་འཁོར་བར་འཚོ་བ་དང་། དེ་བས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་མ་སང་སྤུན་དགུ། སྐྱ་སེང་བུ་ལྔ་སོགས་ཀྱི་རྣམ་གྲངས་འདི་ཡང་མི་རྒྱུད་གཅིག་གམ་ཡང་ན་ཉེ་ས་ནས་གྲུབ་པའི་ཚོགས་ཁག་རེ་ལོས་ཡིན་བསམ་པ་ཞིག་གདོད་མའི་སྤྱི་ཚོགས་ཀྱི་འགྲོས་རིམས་སུ་ཤེས་ངེས་སོ།།
གཉིས་པ། བར་མངའ་ཐང་དར་བའི་དུས།
གཉའ་ཁྲི་ནས་གླིང་དར་མའི་བར་དུ་མངའ་ཐང་དར་བའི་དུས་ཟེར་ལ། སྐབས་འདི་ནས་རྒྱལ་རྒྱུད་རིང་ལུགས་ཀྱི་མགོ་བཟུང་འདུག་པ་དང་།གཉའ་ཁྲི་ནས་རིམ་པར་བོད་ཀྱི་ཡུལ་ས་ཡོངས་སུ་རྒྱལ་རྒྱུད་ཀྱིས་དབང་བསྒྱུར་བྱས་བའི་མགོ་བརྩམས་ཤིང་། མི་མང་གི་བློ་ཁ་ལྷ་གཤིས་སུ་གྲུབ་ཚར་བའི་སྐབས་སུ་‘བོན’ཞེས་བའི་མིང་ཞིག་ཐོན་འདུག་པ་དང་། བོན་གྱི་མཁས་པ་བཅུ་གཉིས་ཀྱིས་གཉའ་ཁྲི་ཕྲག་པར་འཁུར་ནས་ཡོང་བའི་བཤད་སྲོལ་དེ་ཡོངས་གྲགས་སུ་ལོ་རྒྱུས་དང་མི་ཁ་ན་རྒྱུ་བཞིན་འདུག་པ་མ་ཟད། <<ཏུན་ཧོང>>ལས་བོད་ནི་དམ་པར་སྙམ། ཕྱག་བཅོལ། ཕོ་བྲང་ལའང་བོན་གྱིས་སོ། ཅེས་གསལ་བ་འདི་ལས་ཤེས་ནུས། སྤྱི་ཚོགས་ཤིག་ལ་གནམ་ནས་འོངས་བའི་ལྷ་ཞིག་ཏུ་འགྲེལ་བརྗོད་བྱས་ཏེ་མི་མང་གི་བློ་ཁ་བསྒྱུར་ནས་གཉའ་ཁྲི་རྒྱལ་བོར་བསྐོས་པ་དང་གཅིག རྒྱལ་ཕྲན་བསིལ་མ་བཅུ་གཉིས་(བཞི་བཅུ་ཡང་ཟེར)དང་མ་སྲང་སྤུན་དགུ། སྐྱ་སེང་བུ་ལྔ་སོགས་འཚོ་བའི་མིང་གྲུབ་འདུག་པ་ལས་གཉའ་ཁྲི་རྒྱལ་བོར་བསྡད་སྐབས་སུ་སྐབས་དེར་སྤྱི་ཚོགས་སུ་ཆོས་ལུགས་གང་རུང་ཞིག་གི་ཤུགས་རྐྱེན་ཟབ་པ་ཧ་གོ་བར་འདུག་པ་དང་གཉིས། བོན་མཁས་བ་བཅུ་གཉིས་ནི་སྐབས་དེའི་རྒྱལ་བོ་ལྷ་རུ་བསྒྱུར་མཁན་དང་ཁོ་ཚོས་སྤྱི་ཚོགས་ཀྱི་འདོད་བློ་འཚིམས་པའི་བློས་ཁེལ་གྱི་རྒྱ་བོ་འཚལ་ཐུབ་པ་དང་གསུམ་གྱིས་མངའ་ཐང་དར་བའི་དུས་མགོ་ནི་ལྷ་སྒྲུང་ཞིག་ནས་བྱུང་བ་རེད། ཡིན་ནའང་སྐབས་འདི་ནས་སྲོང་བཙན་བར་གྱི་མངའ་ཐང་འཚོལ་བ་ཡིན་ན། གསར་གཏོད་ཀྱི་ཆ་དང་འཚོ་བ་ལ་འཇུག་པའི་བློ་མོས་ཀྱི་ཆ་དག་ནི་བློན་པོའི་རིགས་ཀྱི་ནང་བྱུང་འདུག
སྔ་བ་རྣམས་ལྔ་སྟེ་རྒྱལ་བོ་ལ་སྔ་བ་གཉའ་ཁྲི་བཙན་པོ། མཁར་ལ་སྔ་བ་ཡུམ་བུ་བླ་མཁར། ཞིང་ལ་སྔ་བ་ཡར་ཀླུང་སོག་ཁ། གྲོང་ལ་སྔ་བ་འཕྱིང་བ་སྟག་རྩེ། འདི་དག་ནི་བོད་ཀྱི་གསར་གཏོད་ཀྱི་འབྲས་བུ་གཟི་བརྗིད་ལྡན་པ་ཞིག་དང་སྤྱི་ཚོགས་འཚོ་བའི་མཁོ་དངོས་ལ་བལྟས་ཏེ་སྐབས་བབས་ཀྱི་ཁེ་ཕན་འགྲུབ་པ་ཞིག་རེད། ད་དུང་རྒྱལ་རབས་དག་ལས་བཤད་ཚོད་ལྟར་ན་སྐུ་གཤེན་ཟེར་བ་ཞིག་གིས་རྒྱལ་བོར་བཀོད་འདོམས་བྱེད་པའི་སྲོལ་འདིར་བལྟས་ན་སྐབས་འདིར་ལྷ་གཤིས་ཀྱི་འདུ་ཤེས་གལ་ཆེན་ཞིག་ཡིན་པ་ཤེས་ཐུབ་ཀི།
ད་དུང་ཕྱུག་ཁྲལ། ཞིང་ཁྲལ། ཞིང་ས་བོག་མར་གཏོང་བ་སོགས་ཀྱི་རྒྱལ་བློན་གྱི་ལྟོ་གོས་ཆེད་དུ་དང་། གཉའ་ཁྲིའི་སྐབས་<<མཆེད་རྣམ་བཞེད་ལྔ>>ཟེར་བ་འདི་ངའི་དགེ་རྒན་གྱིས་བོད་ཀྱི་ཁྲིམས་ལུགས་ཐོག་མ་རུ་ངོས་འཛིན་པར་འདུག གནམ་གྱི་ཁྲི་བདུན་གྱི་སྤུར་གནམ་ལ་བཏབ་པའམ་ཡང་ན་གནམ་ལ་འཕུར་བའི་ལྷ་སྒྲུང་འདི་ནི་ལྷ་གཤིས་ཤིག་གི་འབྲེལ་སྟངས་དང་སྐབས་འདིར་སྤྱི་ཚོགས་ཀྱི་བསམ་བློ་ལྷ་དང་ཐག་ཉེ་རུ་སོང་ཡོད་པ་ཤེས་ཐུབ། དེ་ནས་རྗེས་ཀྱི་སྟོད་ཀྱི་སྟེང་གཉིས་ཏེ་གྲི་གུམ་བཙན་པོ་ནས་བཟུང་བང་སོའི་སྲོལ་བཙུགས་པའི་བཤད་སྟངས་ལས་ལྷ་གཤིས་ཀྱི་འདུ་ཤེས་དེར་ཅུང་ཙམ་འགྱུར་བ་ཐེབས་ཡོད་པ་འདྲ། བར་གྱི་ལེགས་དྲུག ས་ཡི་སྡེ་བརྒྱད། ཚིགས་ཀྱི་བཙན་ལྔ། བར་གྱི་སྟེངས་གསུམ། འདི་དག་རེ་རེ་ལ་ཁྱད་ཆོས་རེ་མངའ་བས་འདི་ནི་སྐབས་འདིར་སྤྱི་ཚོགས་ཀྱིས་རྒྱལ་བོར་གདེངས་འཇོག་བྱས་པ་ཞིག་ལས་ཐོན་པ་ཞིག་ཡིན་པར་སྙམ། བར་ལོག་འདི་བར་དུ་བོད་ཀྱི་མངའ་ཐང་ལ་གསར་གཏོད་ཀྱི་ཆ་དང་འགྱུར་ལྡོག་གི་ཆ་གསལ་བོ་རེད།
མིའི་འཚོ་བའི་དགོས་མཁོ་དང་ཁ་ཕྱོགས་དག་ལ་འགྱུར་ལྡོག་བྱུང་སྟེ་ལྷ་གཤིས་ཀྱི་རྟོགས་པ་ཅུང་སེལ་ནས་མི་ཡི་རིན་ཐང་དངོས་ཏེ་རྙེད་པའི་ཆ་ཞིག་ཡང་མཐོང་ལ། རྒྱལ་བོ་སྐུ་དྲོང་ན་སྤུར་ལས་བྱེད་སྟངས་ཀྱི་འགྱུར་འགྲོས་འདི་ལས་སྤྱི་ཚོགས་ཀྱི་དངོས་གཞིའི་སྤུས་ཀ་ག་འདྲ་ཞིག་ཡིན་མིན་ཤེས་ངེས། ད་དུང་པུ་དེ་གུང་རྒྱལ་འདི་སྟོད་ཀྱི་སྟེང་གཉིས་ཀྱི་གཉིས་པ་དེ་ཡིན་ལ། མཛངས་བློན་བདུན་གྱི་ཐོག་མ་ཡང་འདི་ནས་བྱུང་འདུག བློན་པོ་རུ་ལས་སྐྱེས་ཀྱིས་ཁོས་སྤང་བརྐོས་ནས་ཞིང་ཁ་བཟོས་པ། ཕུ་ཆུ་མདའ་ལ་དྲངས་བ། ཤིང་བསྲེགས་ནས་སྲོལ་བ་བཟོས་པ། གཏེར་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན། ཤིང་ལ་མིག་ཕུག་ནས་གཉའ་ཤིང་བཟོས། ཕོ་བྲང་འཕྱིང་བ་སྟག་རྩེ་བཞེངས། ཆུ་ལ་ཟམ་པ་བཙུག་པའི་གསར་གཏོད། བར་གྱི་ལེགས་དྲུག་གི་སྐབས་ཀྱི་ཨེ་ཤོ་ལེགས་ཀྱི་བློན་པོ་ལྷ་བུ་མགོ་དཀར་གྱིས་ཞིང་ལས་དང་འབྲོག་ལས་ཡར་རྒྱས་སུ་འགྲོ་བ་དང་བསྟུན་ནས་ཞིང་ལ་དོར་ཁ། འབྲོག་ལ་ཐུལ། མདའ་ལ་ཆུ་མ་རྨོ་བའི་ལུགས་སྲོལ་རྒྱ་ཆེར་མཛད་པའི་གསར་གཏོད་འདི་ནི་ཡར་རྒྱས་རྣམ་པར་རིག་ཐུབ་པ། བར་གྱི་སྟེངས་གསུམ་སྐབས་སུ་སྟག་རི་གཉན་གཟིགས་ཀྱི་བློན་པོ་ཁྲི་དོར་སྣང་བཙན་མོང་གི་བུ་ཡིས་བྲེ་དང་སྲང་གི་འཇལ་བྱེད་དང་། ལས་སྡེབ་དང་ཚོང་ལས་སོགས་ཀྱི་མཁོ་དངོས་གསར་གཏོད། མངའ་ཐང་གི་སྟོབས་ཤུགས་ཆེ་ཤོས་ཏེ་འདི་ནས་བྱུང་འདུག་གོ།།
གནམ་རི་སྲོང་བཙན་སྐུ་བཀྲོངས་ནས་ཁོའི་བུ་སྲོང་བཙན་སྒམ་པོ་ནས་བོད་ཀྱི་ཡུལ་ལ་ཆོས་ལུགས་གསར་བ་ཞིག་དར་མགོ་བཙུགས་ཤིང་། ཁོང་གི་མེད་ཐབས་མེད་པའི་བློན་པོ་གསུམ་གྱི་སྙན་པ་ད་ལྟ་ད་དུང་ཡང་ཆུང་བྱིས་པ་ནས་རྒན་མཁས་བའི་བར་གྲགས་ཀྱིན་འདུག དཔེར་ན། མགར་སྟོང་བཙན་གྱིས་མཐའ་ཡི་ས་མཚམས་སྲོང་བ། ཐོན་མི་སམ་བྷོཊ་ཡིས་ཡི་གེ་ཡི་རྣམ་བཞག་དང་ལོ་ཙ་བྱས་ཏེ་གཞན་གྱི་རིག་གནས་ནང་འདྲེན་གྱི་མགོ་བཙུགས་པ། འབྲི་སེ་རུ་གུང་སྟོན་དང་ཉང་ཁྲི་བཟང་ཡང་སྟོན་གཉིས་ཀྱིས་རི་ཁྱིམ་ཀློང་དུ་ཕབ་སྟེ་གྲོང་ཁྱེར་བཅོས་པ་སོགས་འཚོ་གནས་ཀྱི་དཔལ་ཡོན་ཡར་རྒྱས་སུ་སོང་འདུག རྒྱལ་བོ་འདིའི་རིང་ལ་བོད་ཁམས་གཅིག་གྱུར་བྱས་ཏེ་རྒྱལ་ས་ལྷ་སར་སྤོས་པ། དམག་གི་སྒྲིག་གཞི་བཙུགས་ཏེ་རྒྱལ་ཁབ་བདེ་འཇགས་སྲུང་བ། ཆོས་ཁྲིམས་དང་སྲིད་ཁྲིམས་བཙུགས་ཏེ་རྒྱལ་ཁམས་ཁྲིམས་ཀྱིས་སྐྱོང་བ། རྒྱ་བལ་གཉེན་དུ་ལྡེབ་སྟེ་ཕྱི་འབྲེལ་མཛའ་མཐུན་བྱུང་བ་སོགས་ཀྱི་མཛད་རྗེས་བླ་མེད་བཞག་པ་དང་། སྐབས་འདི་ནི་དུས་རབས་བདུན་པ་ཞིག་ཏུ་ཁེལ་འདུག
རྒྱལ་ཁབ་ཞིག་གི་སྒྲོམ་གཞི་བསྐྲུན་ནས་བོད་ཁམས་གཅིག་གྱུར་གྱི་ཐ་སྙད་འདི་ཡང་དོན་དང་མཐུན་པས། <<ཏུན་ཧོང>>ལས་གནམ་བློན་བཙན་ནི་ཡབ་ལ་དེངས། ཡབ་ཀྱི་འཕྲིན་ལས་མུ་ཐོག་གཉེར་དགོང་ན་གཞོན་ཡང་གཡུལ་ལ་བཀོད་པ་བྱས། དབྱི་ཚབ་དང་བཅས་མགུ་བར་གྱུར།བཙན་པོ་དང་མ་ཉིད་ལ་དམའ་ཆས་པར། ཀུན་ནི་བློ་མི་བདེ་བ་བྱུང་། ཅེས་པ་འདི་ལས་སྲོང་བཙན་ཁོང་ལ་སྙིང་སྟོབས་བསྐྱེད་བྱེད་ཀྱི་ཕའི་ཁ་ཆེམས་དང་དགྲ་ཤ། ཡབ་འབངས་ནི་འཁུས། ཡུམ་འབངས་མི་ལོག གཉེན་ཞང་ཞུང་། མཛོ་སུམ་པ། ཉག་ཉིད་དག་པོ། ཀོང་པོ་མྱུར་པོ་ཀུན་ཀྱང་ལོག ཡབ་གནམ་རི་སློན་བཙན་དུག་གིས་བཀྲོངས་སོ། འདི་ལྟ་བུའི་སྙིང་སྟོབས་ཤིག་མ་བསྐྱེད་རང་སྐྱེད་ཀྱི་བློ་ཁོག་སྦྱང་བྱེད་ཅིག་ཡོད་ལ། དེར་བརྟེན་ནས་མཛད་རྗེས་རླབས་ཆེན་བཞག་ཡོད་པ་འདི་ང་ཚོའི་མིག་ངོགས་སུ་ཡལ་ག་ལ་ཐུབ།
སྲོང་བཙན་རྗེས་ནས་ལོ་ཙྭ་བ་བྱུང་ཞིང་མཁས་པ་གདན་འདྲེན་པའི་སྲོལ་ཞིག་དང་གཅིག བོན་ཆོས་དང་ནང་བསྟན་གཉིས་ཀྱི་རྒྱལ་ཕམ་རྩོད་རེ་དང་གཉིས། ཁྲི་རལ་སྐབས་སུ་སྐད་གསར་བཅད་དང་གསུངས་རབས་ལ་དག་མཐར་མཛད་པ་གསུམ་ནི་བར་སྐབས་འདིའི་སྤྱི་ཚོགས་སུ་ཤུགས་རྐྱེན་ཆེ་ཤོས་སུ་ཆགས་ཡོད་ལ། ནང་བསྟན་ཡར་རྒྱས་ཀྱི་ལུགས་སྲོལ་དང་གཞུང་གི་བྱུས་ཏོ་བྱེད་ས་ཤུགས་ཆེ་ཤོས་རུ་གྱུར་ནས་མི་དམངས་ཀྱི་ངོས་སུ་ཡོན་བདག་གི་འགན་འཁྲི་ཁོ་ན་ལས་ཆབ་སྲིད་དང་དཔལ་འབྱོར་གྱི་གོ་རྟོགས་སེལ་མི་དགོས་བསམ་ཚུལ་ཞིག་ཤར་མར་སྟེར་འགྲོ།
གླང་དར་མ་ནི་ཆོས་ལུགས་པས་ངན་པ་ཞིག་ཏུ་བརྩི་ཤིང་། སྲིད་དོན་པས་བཟང་ཆ་ཞིག་ཏུ་བརྩི་དགོས་དོན་དེ་ཡང་མདོར་ན་བོད་ཀྱི་མངའ་ཐང་སྔོན་ལས་ཡར་རྒྱས་སུ་འགྲོ་གིན་མེད་པ་དང་། ད་དུང་ཞན་ཆ་དང་ཉམས་རྒུད་ཀྱི་ཕྱོགས་སུ་བསྐྱོད་པའི་གནས་བབས་སུ་བལྟས་ནས་གླིང་དར་གྱིས་ལས་འགུལ་ཞིག་སྤེལ་ཏེ་གྲྭ་བ་རེར་ཁྱིམ་ཚང་བདུན་གྱིས་ཡོན་བདག་བྱེད་དགོས་པའི་སྲོལ་སྣུབས་ཐུབ་སོང་བ་ཞིག་རེད།
ཡིན་ཡང་ཁོང་གི་ཁ་ཆེམས་སུ་<ལོ་གསུམ་གྱིས་སྔ་སོང་། ལོ་གསུམ་གྱིས་འཕྱི་སོང་།>ཚིག་རྩ་འདི་དེད་ནས་སོང་ན་མི་ཞིག་གི་བློ་མ་འཚིམས་དང་དམིགས་ཡུལ་ལེགས་འགྲུབ་མ་བྱུང་བའི་འགྱོད་གདུང་ཞིག་གི་བརྙན་ངོས་དེ་ཡིན་སོང་། མིའི་རིག་པ་འཕེལ་རྒྱས་ཀྱི་དབང་གིས་ཉེ་འཁོར་གྱི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་ཡང་ཡར་རྒྱས་ཀྱི་རྣམ་པའི་ཐོགས་ནས་མཁྲིས་ཀྱི་རྒྱལ་ཁབ་དག་ཟ་བའི་ཐབས་ཤེས་ཀྱི་རིག་པ་འཚོལ་སྐབས་སུ་ང་ཚོས་རང་གི་རྒྱལ་ཁབ་སྲུང་བའི་ཕྱོགས་སུ་བློ་ཁ་མ་འཁོར་བར་ཆོས་ལུགས་ཡར་རྒྱས་དང་ནང་འདྲེན། དེའི་ཕྱོགས་ཀྱི་བསྒྱུར་རྩོམ་དག་ལ་འབད་འབུངས་ཧུར་ཐག་གིས་རང་གི་ཆབ་དཔལ་རིག་གསུམ་ལ་ངོས་འཛིན་མ་མནོན་པའི་ཕྱིར་ན། གླང་དར་གྱི་མཐོང་རྒྱ་ཡངས་པོས་བོད་སྤྱི་ཚོགས་ཀྱི་དགོས་མཁོ་དང་རྒྱལ་ཁབ་ཀྱི་འགྲོས་རིམ་སོགས་སུ་མིག་ཟུང་འཁོར་བའི་རྒྱལ་བོ་རྟོགས་སེལ་པ་ཞིག་དང་། སྤྱིར་ཀི་རྒྱལ་བོ་ནས་རྟོགས་སད་བྱས་ཏེ་མི་མང་གི་དགོས་མཁོའི་ཆེད་དུ་རིག་གནས་གང་ཞིག་ལ་འགོག་རྒོལ་བྱས་བཏང་བ་ནི་གླང་དར་མ་ལས་གཞན་འཛམ་གླིང་གི་རྒྱལ་ཁབ་གང་ན་ཡང་མེད་པ་རེད། ཁོང་ནི་འཛམ་གླིང་གི་རྒྱལ་བོ་བསམ་བློ་བ་དང་མི་མང་གི་མདུན་སྐྱོད་ཆེད་དུ་བསྐྱོད་ཐུབ་མཁན། རང་གིས་སྨྱོ་ཆུ་མཐོང་བའི་རྒྱལ་བོ་དེ་མ་ཡིན་པར་མི་དམངས་ལ་ཆོས་ལུགས་ཁ་བཤད་ཙམ་གྱིས་དབང་བསྒྱུར་བའི་ལུགས་སྲོལ་ལ་ཐད་ཀར་རྒོལ་བའི་དཔའ་བོ་ཨང་དང་པོ་དེ་ཆགས་འདུག
གསུམ་པ། བོད་སིལ་བུའི་སྐབས་ཀྱི་དུས།
གླང་དར་བཀྲོངས་རྗེས་སུ་སྤུན་མཆེད་མ་འཆམས་པའི་དབང་གིས་བསིལ་བུར་ཐོར་སོང་བ་རེད་ཟེར་བ་འདི་ལ་བདེན་བཞེད་ཞིག་འདུག འོད་སྲུང་སྐྱེས་ཏེ་འོད་སྲུང་གི་མིང་འདོགས་སྟངས། ཡུམ་བསྟན་སྐྱེས་ནས་ཡུམ་བསྟན་ལ་མིང་འདོགས་སྟངས། ཕྱོགས་ཁག་ཆེན་པོ་གཉིས་དེ་འབྲོ་དང་སྦས། འོད་སྲུང་འབྲོ་ཡི་ཕྱོགས་དང་ཡུམ་བསྟན་སྦས་ཀྱི་ཕྱོགས་སུ་ཡོད་པ། འབངས་གྱེན་ལོག་གམ་ཁེངས་ལོག་སོགས་ཀྱིས་སྐབས་འདིར་གཅིག་གྱུར་གྱི་རྒྱལ་བོ་ཆད་སོང་བའི་རྒྱུ་རྐྱེན་གང་མང་འདུག འབྲོ་སྦས་ཀྱི་ཕྱོགས་ཁག་ལས་མདོ་སྟོད་སྨད་བར་གསུམ་དུ་སོ་སོའི་དབང་སྡུད་དང་བསྟུན་དེ་བསྡད་པ་དང་། དེ་ནས་ལྷ་བླ་མ་ཡེ་ཤེས་འོད་ཟེར་བ་ཞིག་གིས་ཇོ་བོ་རྗེ་གདན་འདྲེན་ཆེད་དུ་རང་ལུས་གར་ལོག་རྒྱལ་བོའི་བཙོན་དུ་གྲུང་བ། དེ་ནས་བསྟན་པའི་མེ་རོ་མདོ་སྨད་ཡུལ་ནས་གསོས་བ། དམངས་ཀྱི་ཁེ་ཕན་དང་དམངས་ཡོངས་གཅིག་སྡུད་ཀྱི་ཐབས་ལམ་མ་འཚོལ་བ་ཞིག་ཆགས་འདུག
འགོས་ལོས། བསྟན་པ་སྔ་དར་ལས་ཕྱི་དར་འཕེལ་རྒྱས་སུ་སོང་ཡོད་པའི་བཤད་སྲོལ་འདི་དང་བསྡུར་ན་ཡང་ཆོས་ལུགས་ཀྱི་ཕྱོགས་སུ་གོམ་པ་རིམ་སྤོས་བྱས་བ་མ་གཏོགས་སྤྱི་ཚོགས་ཁེ་ཕན་དང་དཔལ་ཡོན་ཡར་རྒྱས་སུ་སྣང་དོག་མ་བྱས་བར་ལོ་ཙྭ་བ་གསོ་སྐྱོང་དང་རྒྱ་གར་གྱི་སྐད་གྲགས་ཅན་གྱི་མཁས་པ་སོགས་རིག་གནས་སྣ་གཅིག་ལ་འབད་འབུངས་བྱས་ཏེ་མཐའ་མཚམས་ཀྱི་བཀའ་མ་ལོག་སོགས་ཀྱི་སྡེ་ཁག་ཀུན་ནི་དམག་འཁྲུགས་ཀྱི་གཡུལ་ན་ལུས་བསྡད་པ་ཞིག་ཏུ་གྱུར། བོད་ས་ཡོངས་གཅིག་གྱུར་དང་བོད་ཀྱི་མངའ་ཐང་དར་བའི་ཐབས་ལམ་ནི་མ་ཤེས་པ་མ་ཡིན་ཡང་ནང་བསྟན་ཆོས་ལུག་ཀྱི་ཤུགས་རྐྱེན་དེ་མཁས་བའི་ཁྲོད་དུ་ཡོད་པས། དམངས་ཚོགས་ལ་དེ་ལས་བརྒལ་བའི་རིག་གནས་གཞན་གྱི་བརྒལ་བརྟགས་མེད་ལ། ཆོས་ཀྱི་བཤད་རྒྱུན་ཁྲོད་ནས་བསྟན་སྲུང་དམག་ཞིག་ཉན་རྒྱུར་འབད་པ་ལྟ་བུར་མཐོང་གིན་འདུག
བཞི་བ། ས་ཕག་རིན་གཙང་གི་དུས།
ས་སྐྱ་པཎ་ཆེན་གཙོས་བའི་ས་སྐྱ་གོང་མ་རྣམ་ལྔ་དང་། སྐབས་བོད་ཀྱི་རིག་གནས་སྟེང་ལ་ཚ་རླབས་འཕར་བའི་དུས་ཤིག་ཀྱང་རེད་འདུག ལྷག་པར་དུ་རྩོམ་རིག་གི་ཕྱོགས་ནས་དར་ཁྱབ་ཆེ་བ་རེད་མོད། འོན་ཀྱང་རྩོམ་རིག་དང་སྙན་ངག་གི་ཕྱོགས་གང་ཡིན་ཀྱང་རུང་ནང་བསྟན་སྲུང་སྐྱོབས་ཀྱི་ཕྱོགས་སུ་བརྗོད་གཞི་འཚོལ་མཁན་གྱི་རྩོམ་པ་པོ་རྐྱང་རྐྱང་རེད་ལ། ལྷག་པར་དུ་སྙན་ངག་མེ་ལོང་མ་ཡོངས་རྫོགས་བོད་བསྒྱུར་བྱས་ནས་བཟུང་། མེ་ལོང་མའི་འབྲི་ཚུལ་གྱིས་བསྟོད་རྩོམ་དང་ཞལ་འདོན་ལྟ་བུའི་རིགས་ཚིགས་སུ་བཅད་ནས་བྲིས་བ་ཞིག་ལས། གཞན་སྤྱི་ཚོགས་ཀྱི་དམའ་ས་བཟུང་ནས་རྩོམ་རིག་གི་བརྗོད་གཞི་འཚོལ་བའི་གོམ་གཤིས་མི་འདུག སྐབས་འདིའི་བོད་ཀྱི་སྤྱི་ཚོགས་སུ་ཆོས་ལུགས་མི་སྣ་གལ་ཆེ་ཤོས་རིགས་ཀྱིས་ཕྱོགས་ཁག་བཟུང་འདུག་ལ། ཡིན་ནའང་སྟོབས་ཤུགས་ཆེ་ཤོས་དེ་ས་སྐྱ་བའི་སྐབས་རེད་འདུག ས་སྐྱ་ནས་བཟུང་རྙིང་མ་དང་བོན་པོ་མ་གཏོགས་ཆོས་རྒྱུད་གཞན་དག་སྐབས་འདི་ནས་མགོ་བརྩམས། སོག་པོ་ལ་ཆོས་སྲིད་གཉིས་ཀྱི་འབྲེལ་བ་བྱུང་ནས་སོག་པོའི་མངའ་འོག་ནས་བོད་ཆོལ་ཁ་གསུམ་ཚུར་བླངས་བ་དང་། མི་ལ་རས་པའི་ཆོས་མགུར་ཡང་འདི་ནས་ཐོག་མར་བྱུང་བ་རེད། རྗེས་ཙོང་ཁ་བ་དང་བོ་དོང་བ་སོགས་བོད་ཀྱི་མཁས་པ་མང་དག་ཅིག་ཡང་བྱུང་ཡོད་འདུག ཕག་གྲུས་ས་སྐྱའི་སྲིད་ནང་དུ་གོ་གནས་ཆེ་ཞིག་བཟུང་ནས་ལོ་མང་འགོར་བ་ལས་སྲིད་དབང་དེ་ལས་ཕར་བརྒལ་གྱི་མཆོངས་རྩལ་མི་འདུག
གཙང་ཤག་པས་རྐང་བ་གཉིས་འཛུགས་ཀྱིས་ཚུལ་གྱིས་ས་ཕག་གི་སྲིད་གཞུང་མགོ་སྟངས་བསློག་ཏུ་བཅུག་པ་རེ། གང་ལྟར་སྐབས་འདིར་བོད་ཀྱི་སྲིད་དབང་ནི་ཆོས་རྒྱུད་ཁག་གི་སྡེ་གཟིར་ལ་བལྟས་ནས་འགུལ་བསྐྱོད་བྱས་པ་ཞིག་དང་བོད་མཁས་ཆེན་དག་གིས་བོད་དུ་སྤྱི་ཚོགས་རིག་གནས་མ་ལག་ཞིག་འཛུགས་དགོས་བའི་བསམ་བློ་མ་འཁོར་བ་དང་། སྤྱི་ཚོགས་སྐྱོབས་པ་དང་རྨོངས་ཉིད་ལས་སེལ་བའི་སྔོན་ཐོན་གྱི་ཤེས་བྱ་གང་ཡང་བསྡུ་ལེན་བྱས་མེད་པ་མ་ཟད། ད་དུང་ཆོས་སྐྱོབས་པའི་བློ་མིག་གཅིག་པོ་ལས་གཞན་གང་ཡང་མ་འཇོན་ཞིག་ཞེས་བཤད་ཆོག་གོ ཆོས་ལུགས་ཀྱི་ཆོ་གའི་འཐེན་འཁྱེར་ཟེར་བ་ཡང་འདི་ནས་བྱུང་ཚོད་འདུག་ལ། བོད་ཆོལ་གསུམ་གྱི་མིང་ཚིག་འདི་ཡང་འདི་ནས་བྱུང་བ་འདྲ། དེ་བས་སྐབས་འདི་ནི་བོད་ལ་རྒྱུ་རྐྱེན་སྣ་ཚོགས་ཀྱི་འབྱུང་ས་དང་བོད་གཅིག་སྡུད་ལ་ཕྱོགས་པ་ཙམ་གྱི་གནད་ཉུང་རེ་འདུག
ལྔ་བ། དགའ་ལྡན་ཕོ་བྲང་གི་དུས།
སྐབས་འདི་ནི་བོད་ཀྱིས་ཡང་བསྐྱར་བོད་སྤྱི་ལ་དབང་བའི་རྒྱལ་བོ་དེ་རྒྱལ་དབང་ལྔ་བ་ནས་བགོ་བརྩམས་ཤིང་། སྤྲུལ་སྐུ་ངོས་འཛིན་གྱི་ཁྲོད་ནས་རྒྱལ་རྒྱུད་བཟུང་བ་ཞིག་རེད། ལ་ལས་སྤྲུལ་རྒྱལ་ལམ་ལུགས་ཡང་ཟེར། བོད་ཆོལ་གསུམ་ལ་གཅིག་སྡུད་ཀྱི་ནུས་བ་ཞིག་ཐོན་ཡོད་པའི་སྲི་ལུགས་ཤིག་ཡོད་པའི་གསལ་ཁ་དཀའ་ཡང་། ཆོས་བརྒྱུད་སྐོར་ཁག་༡༣–༡༤ཞིག་ཡོད་པ་རེད། དགེ་ལུགས་པའི་སྦྱིན་བདག་སྡེ་བ་དཀྱིལ་ཤོད་པ། ༡༩༤༢ལོར་ཀིར་ཤི་བསྟན་འཛིན་ཆོས་རྒྱལ་གྱིས་བོད་ཆོད་ཁ་གསུམ་ཀ་ཏ་ལའི་བླ་མར་ཕུལ་བ། སྐབས་འདི་ནས་དགའ་ལྡན་ཕོ་བྲང་གི་ཁྲལ་ལག་བསྡུ་སའི་ཡུལ་གསུམ་དག་ཀེར་ཀེར་མི་དང་། ལེབ་ལེབ་ས། སྒུར་སྒུར་ཕྱུགས་ཟེར་བ་སོགས་འདུག གང་ལྟར་བོད་ཀྱི་ཆོས་རྒྱུད་ཞིག་ནས་བོད་ཡོངས་སུ་རྫོགས་པར་གཅིག་གྱུར་གྱི་ཕྱོགས་སུ་གསལ་ཁ་ཞིག་འདུག་པ་ནི་མཆོད་ཡོན་ཕུལ་བ་ཟེར་བ་ཞིག་འདུག དེ་མིན་སྲིད་ཇུས་ཀྱི་ངོས་ནས་མདོ་དབུས་ཁམས་གསུམ་ལ་ཐད་ཀ་ཐད་སོའི་ངང་ནས་ཐོན་འདུག་པ་དོགས་པ་ཡིན།
བར་འདི་ནས་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་བར་དུ་ཕྱིའི་རྒྱལ་ཁབ་གང་མང་གི་དཔལ་ཡོན་ཡར་རྒྱས་སུ་སོང་ནས་རིག་གནས་མེད་པའི་རྒྱལ་ཁབ་དག་ལ་བཙན་འཛུལ་བྱེད་པའི་མགོ་བརྩམས་པ་ནས་བོད་ལ་ཡང་དབྱིན་དམག་གི་བཙན་འཛུལ་བྱུང་མྱོང་ལ། ང་ཚོ་དང་བར་ཐག་ཉེ་བའི་གྲུང་གོའི་དམར་ཤོག་གིས་བོད་བཙན་འཛུལ་བྱེད་པའི་ཐབས་ཤེས་འཐེན་གྱིན་པའི་སྐབས་ཤིག་རེད་འདུག
བོད་ཀྱི་རྒྱལ་ས་ལྷ་ས་ན་སྐུ་དྲག་དག་གི་དབང་ཆ་རྩོད་ལེན་ཆེ་བ་དང་ཁོང་ཚོའི་ཁེ་དབང་ཁོ་ནའི་ཆེད་དུ་བོད་ཀྱི་གནས་བབ་ལ་བསམ་བློ་བཏང་མ་མྱོང་བའི་རྐྱེན་བྱས་ནས་ཕྱིའི་དགྲ་བོ་ལ་ཁ་གཏད་གཅོག་པའི་ཐབས་ལམ་གསར་བ་ཡང་འཐེན་མ་ཐུབ་པར་འདུག བར་ལོག་འདི་ད་ལྟའི་ང་ཚོ་དང་ཐག་ཉེ་བའི་དུས་རིམ་ཞིག་ཡིན་པས་ཚང་མས་བློ་ཁ་སྲིད་ལ་སྐོར་ནས་བལྟས་ན་ཧ་ཅང་གིས་ལྟ་རྒྱུ་དང་ཉན་རྒྱུ་ཡོད་པ་ཞིག་ཏུ་སྣང་ངོ་།།
༢༠༡༥་།༠༥།༢༩ ཉིན་བཅོས་སྒྲིག་བྱས།