འདྲེ་གླེན་པ།
ཕ་ཡུལ་དང་ཁ་བྲལ་ནས་ཏག་ཏག་མི་ལོ་ལྔ་འདས་སོང་། ལོ་སར་སླེབས་ཐེངས་རེར་ཕ་ཡུལ་ཧ་ཅང་དྲན། ཕ་ཡུལ་དྲན་པ་དང་ཏག་ཏག་ལོ་སར་ནི་ཕ་ཡུལ་གྱི་ཁ་དོག་དྲི་མ་ཉམས་པ་ཞིག་ཡིན་པའི་སྣང་བ་སྐྱེས།
རྒྱུ་མཚན། ངའི་ཕ་ཡུལ་ནི་ཞིང་ས་ལག་མཐུལ་ཙམ་ཡང་མེད་པའི་འབྲོག་སྡེ་མཚན་ཉིད་པ་ཞིག་ཡིན་པས། ནམ་རྒྱུན་སྣ་ལམ་དུ་བྲོ་བ་ནི་འོ་དྲི་དང་ཞོ་དྲི། མར་དྲི། རྩམ་དྲི། ལྕི་དྲི། ཚིལ་དྲི། ཤ་དྲི་སོགས་ཡིན། འོན་ཀྱང་། ལོ་སར་སླེབས་ཐེངས་རེར་ཕ་རྒན་གྱིས་རྟ་ཞོན་ནས་ཕལ་ཆེར་ལེ་བར་སུམ་བཅུ་ལྷག་གི་སར་ཡོད་པའི་གྲོང་བརྡལ་ཆུང་ཆུང་དེར་སོང་ནས་ཀ་ར་དང་སིལ་ཁུ། སྔོ་ཚལ་དང་ཇ་སྣུམ་སོགས་ནམ་རྒྱུན་གྱི་རྒྱུན་ཟས་མིན་པའི་བཟའ་བཅའ་(ད་ལེན་)གང་ཉོས་ནས་ཕྱིར་ཐོན་ཡོང་། དེ་ནི་ངེད་ཚང་གི་ལོ་སར་སྐབས་ཀྱི་སྡེར་ཁ་གཅིག་པུ་དེ་ཡིན་པས་ནམ་རྒྱུན་གྱི་དྲི་མ་དག་ལས་ཡོངས་སུ་བརྒལ་ཡོད།
ཕ་རྒན་ཕྱིར་སླེབས་རྗེས་མ་རྒན་གྱིས་ཀྱང་མང་པོ་ཞིག་གྲ་སྒྲིག་བྱས་ཡོད། ཞོ་བསྙལ་ཡོད། ཐུད་དང་ཞུན་བླུགས་ཡོད། མཆོད་མེ་བཅས་ཡོད། སྒོ་ཕྱི་ནང་གཙང་མ་བཟོས་ཡོད། གཟའ་མི་གང་པོའི་གྱོན་པ་དག་གཙང་མ་བཀྲུས་ཡོད། ད་དུང་འབུད་ཤིང་འབུད་ཆོག་ཆོག སྣོད་ཁ་གཙང་ཤིག་ཤིག མདོར་ན་མོ་རང་གིས་ཐེག་ཚད་ཅིག་གྲ་སྒྲིག་ཨང་གསར་བྱས་ནས་གཟའ་མི་གང་པོས་ཕ་རྒན་གྱི་ཉོ་བཅའ་དང་བཀོད་འདོམས་ལ་བསྒུག་ནས་བསྡད་ཡོད། སྐབས་དེར་ཕ་ཡུལ་དུ་བརྡ་འཕྲིན་དར་མེད་པ་མ་ཟད་གླག་ཀྱང་མེད། འོན་ཀྱང་། ལོ་སར་ནི་ངོ་མ་མེ་ཏོག་དྲི་བསུང་ཐུལ་བའི་བདེ་སྐྱིད་ཀྱི་ཞིང་ས་ཞིག་ཡིན།
ལོ་ཟླ་སྐད་ཅིག་ཏུ་འཁོར་བ་དང་ལྷན་ཕ་ཡུལ་གྱི་ལོ་སར་ཡང་སྐད་ཅིག་སྐད་ཅིག་དུ་འགྱུར་སོང་། བར་སྐབས་ཤིག་ནས་ནམ་རྒྱུན་གྱི་ལོ་སར་སྟབས་བདེ་དེ་གོང་ཚད་འཕར་ཏེ་ངའི་ཕ་ཡུལ་ནས་ལོ་སར་གཡག་རིན་མ་དང་འབྲི་རིན་མ་སོགས་གཏོང་སྲོལ་དར།
དུས་དེར་ལོ་སར་སླེབས་ལ་ཉེ་སྐབས་གཡག་ཡོད་ཚེ་གཡག་རེ་བཙོང་དགོས་ཤིང་གཡག་མེད་ན་འབྲི་རེ་བཙོང་དགོས་པས་ལོ་སར་གྱི་འཚོ་བ་ཉོག་ཉོག་ཏུ་གྱུར་སོང་། ལོ་སར་གྱི་སྔོན་ལ་ཕ་མ་གཉིས་ཀྱིས་ལོ་སར་སྐོར་ལ་གྲོས་བསྡུར་མང་པོ་བྱེད་པ་མ་ཟད། མཚམས་རེར་གྲོས་ཁ་མ་འཆམས་པར་ཁ་རྩོད་རྒྱག་བཞིན་པ་ཡང་མང་པོ་ཐོས་རྒྱུ་ཡོད། མ་མཐའ་ཡང་ཟོག་ཅིག་མ་བཙོང་ཚེ་ལོ་སར་སྐྱིད་པོ་ཞིག་མི་འཁྱོང་བས་འབྲི་གཡག་གང་རུང་ཞིག་རིན་གོང་སླ་མོ་བྱས་ཏེ་བཙོང་དགོས།
འོན་ཀྱང་། ད་དུང་ཡང་ལོ་སར་ནི་ངོ་མ་སྐྱིད་པོའི་ནང་གི་སྐྱིད་པོ་ཞིག་ཡིན།
ཉེ་བའི་ལོ་འགའ་ནས་ལོ་སར་གྱི་གོང་ཚད་ཧ་ཅང་འཕར་སོང་། རྒྱ་སྒོར་ཁྲི་ལས་བརྒལ་སོང་།
དེ་ཡང་ལོས་ཡིན་ཏེ། ད་ལྟ་ངའི་ཕ་ཡུལ་ལ་གླག་འཐེན་ཡོད། བརྡ་འཕྲིན་དར་ཡོད། བརྡ་འཕྲིན་དང་ལྷན་འགྲན་རྩོད་དར་ཡོད། ད་དུང་རྒྱལ་ཁབ་དྲིན་ཆེན་པོའི་བཀའ་དྲིན་ཆེན་ལ། རི་མཐོན་པོ་རྣམས་གཏོར། ཐང་ཆེན་པོ་ཚོ་གཤགས། སྤང་སྐྱིད་པོ་རྣམས་བཀས་ཏེ་ག་ས་གང་སུ་གཞུང་ལམ་བརྒྱབ་ཡོད། ཡུལ་མི་ཚོས་གཡག་བཅུ་སྐོར་རེ་བཙོང་ནས་རླུངས་འཁོར་ཉོས་ཡོད། ཁ་པར་ཀུ་ཤུ་རྟགས་ཅན་ཏག་ཏག་བཟུང་ཡོད། ཡིག་རྨོངས་བའི་གྲངས་ཀ་ཧ་ཅང་མང་མོད། སྐད་འཕྲིན་བཀོལ་མི་ཤེས་མཁན་ཉུང་ཉུང་ཡིན། ངས་ནི་ད་དུང་ཡང་ཕ་ཡུལ་གྱི་ལོ་སར་ཧ་ཅང་དྲན།
ཕ་ཡུལ་དང་བྲལ་ཏེ་མི་ལོ་ལྔ་པོའི་ནང་དུ་ངས་ཀྱང་ས་ཆ་མེད་རྒྱུས་མེད་མང་པོ་ཞིག་ནས་ལོ་སར་གྱི་རྣམ་གྲངས་མི་འདྲ་བ་མང་པོ་ཞིག་ལ་རོལ། འོན་ཀྱང་། ནམ་ཡང་བརྗེད་མ་མྱོང་བ་ནི་ཕ་ཡུལ་གྱི་ལོ་སར་ཡིན། ལོ་སར་དྲན་པ་དང་གཏམ་རྒྱུད་ཅིག་དྲན། གཏམ་རྒྱུད་ཀྱི་ཕྱི་ནང་དུ་འོ་དྲི་དང་ཞོ་དྲི་ཐུལ། དེ་ནི་ཕ་ཡུལ་ལོ། ། ཕ་ཡུལ་གྱི་ལོ་སར་རོ།།
མཆན། ༼ ད་ལེན་ ༽ནི་ཡུལ་སྐད་ཅིག་སྟེ་རྟ་ལ་འབཀལ་བའི་ཁུག་མ་ཞིག་གི་མིང་ཡིན།
ལོ་མཇུག་གི་ནམ་གང་ཉིན་ཧ་ཅང་མི་ཁོམ་པའི་ལས་ཀའི་བར་སེང་ནས་ཨོ་གླིང་གི་གྲོང་ཁྱེར་བསེའུ་ནཱེ་ནས་དངོས་མིང་ཤེལ་དགེ་འདུན་ཚེ་རིང་དུ་འབོད་པ་དེས་སྦྱར་བ་དགེའོ།།
ཁ་བརྡ་ཚང་གི་བདག་གཉེར་བ་ལགས། འདིར་རྩོམ་རྙོག་རེ་འགོད་འདུན་མངའ་བས་ཐབས་ལམ་རེ་གནང་སྐྱོང་ཡོང་བ་ཞུ།
སྒྲུང་རྩོམ་འགར་ཏ་ལེན་བྲིས་པ་མཐོང་།
ཏ་ལེན་ནི་མིའི་ཕྲག་ལ་ཁུར་རུང་བ་དང་ཕྱོགས་གཉིས་ལ་ཅ་ལག་སྡུད་ཆོག་པའི་སྣོད་ཅིག་གི་མིང་།
ལོ་གསར་དུས་ཀྱི་འཁོརལོ་རེད་།
དུས་ཚོད་འགྲོ་དུས་ཚེ་ཡང་འགྲོ་།
ལོ་གསར་སླེབས་དུས་འཆི་ལམ་ཉེ་།
བྱིས་པ་ཡིན་ན་ཚར་ཡོང་རེད་།
དར་མ་ཡིན་ན་རྒས་འགྲོ་རེད་།
རྒན་འཁོག་ཡིན་ན་རྒུད་འགྲོ་རེད་།
དེ་ཚོ་ལོ་གསར་གྱི་སྔ་འལྟས་རེད་།
དེ་ཚོ་ཤེས་ན་ལོ་གསར་དོན་གོ་ཆོད་།
དེ་ཚོ་མ་ཤེས་ལོ་གསར་སྐྱིད་པོ་གཏོང་།