ཨེ་མ་ཧོ།
ཀྱེ་མ་ཧོ།
སྔ་འགྱུར་བརྒྱུད་པའི་ཉི་ཟླ་སྐར་གསུམ་འདས།།
ཚ་ཞིང་རྒྱུད་པའི་འདས་གྲངས་རྒུད་པས་མནར།།
ཆོས་ཀྱི་གྲོང་ཁྱེར་ཐལ་བའི་གྲོང་དུ་བསྒྱུར།།
གང་ལ་བསམ་ཡང་ལོ་སར་ཚེས་འདོད་མེད།།
ཀླུ་དབང་གཉིས་པའི་བདེན་ཁ་རྫུན་ལ་གཡུགས།།
ཀླུ་མཁར་བྱམས་པའི་དྲང་བདེན་དོང་དུ་དོར།།
སློབ་བཟང་སངས་རྒྱས་ཉེས་མེད་དམ་ལ་བཞགས།།
ཡང་ཡང་བསམ་ཚེ་ལོ་གསར་འབོད་འདོད་མེད།།
སྤྲུལ་རྫུན་ནག་པོས་འཛམ་གླིང་མགོ་བོ་གཡོགས།།
དཔོན་རྫུན་ཁྲམ་པས་མི་གསོད་རུལ་གསེང་མོད།།
དལ་རྟེན་བཟང་པོ་དམར་པོ་མེ་རུ་སྒྲོན།།
ཅི་ལ་བསམ་ཡང་ལོ་གསར་ཡི་གར་དབེན།།
ཕྱི་ལོ་ཟེར་ནས་སྲོག་ཆགས་སྲོག་ལ་གནོད།།
རྒྱ་ལོ་ཟེར་ནས་ཟིང་འུར་དུས་ཚོད་ཟད།།
བོད་ལོ་ཟེར་བ་གཏན་འབེབས་རྫུན་ཡིན་ཕྱིར།།
ལོ་སར་ཚེས་ཞེས་དགའ་སྟོན་རོལ་འདོད་མེད།།
མདོར་ན་ཕྱི་ལོ་རྩམ་པ་ཁ་གང་དང་།།
བོད་རྒྱ་ལོ་ཡང་ཆུ་ཚ་ཕོར་བ་གང་ལས།།
དགོས་པ་དམ་པའི་ཆོས་ལ་ཕྱོགས་པ་འདི།།
ནང་གི་སེམས་པ་གུ་ཡངས་བློ་བ་དགའ།།
ཞེས་པ་འདི་ཡང་རབ་གནས་མེས་སྤྲེལ་མགོ་ཟླའི་སྟོང་པ་དང་པོར་བྷན་གྷོར་གཙུག་ལག་མཐོ་སློབ་ཀྱི་དཔེ་མཛོད་ཁང་གི་དྭངས་གཙང་ཆུ་ཕོར་གང་གི་ཚེ་ཨེ་མ་ཧོས་བགྱིས་པར་དགེའོ།། །།
བདེན་ཁ་རེད་་་
ཨེ་མ་ཧོ་ཁྱོད་བཙུན་གཟུགས་འདྲ་བ་ལ། །
དབུ་སྐྲ་རིང་ཤིང་ཁ་སྤུ་བཞག་དོན་ཅི། །
མི་ལོ་གསར་པར་ལོ་གསར་ཡིན་པ་ལ། །
ལོ་སར་འབྲི་དགོས་ཁུངས་དག་གང་ཡོད་དམ། །
ཨེ་མ་ཧོ་ཟེར་བ་འདི་རབ་བྱུང་རེད་མི་འདུག་ལ་སྔགས་པ་ཡང་རེད་མི་འདུག་་་་་ཆས་གོས་དང་ཆ་བྱད་ལ་གཟིགས་དང་མྱི་འདི་ཚོས་ལྟོ་གོས་ཆེད་དུ་སངས་རྒྱས་བསྟན་པར་རྨ་འབྱིན་ག་ཚད་ཅིག་བྱས་ཀྱི་ཡོད་འགྲོ་་་་་་་རྣམ་པ་ཚོས་གཟིགས་དང་ཨ།
ཆེད་རྩོམ་འདི་ ༼སྔ་འགྱུར་བརྒྱུད་པའི་ཉི་ཟླ་སྐར་གསུམ་འདས།།…
ཆོས་ཀྱི་གྲོང་ཁྱེར་ཐལ་བའི་གྲོང་དུ་བསྒྱུར།།༽བའི་སྐྱོ་རྡུང་གི་འབོད་སྒྲ་ཞིག་མངོན་ཀྱང་ ཚིག་ཕྲེང་
༼ཀླུ་མཁར་བྱམས་པའི་དྲང་བདེན་དོང་དུ་དོར།།
སློབ་བཟང་སངས་རྒྱས་ཉེས་མེད་དམ་ལ་བཞགས།།༽ཞེས་པའི་ཆོས་མིན་སྲིད་མིན་གྱི་གོ་དོན་དེ་རྟོགས་ཐུབ་མ་སོང།
ལར་ནས་ནུབ་ཕྱོགས་པའི་སེམས་ཁམས་རིག་པ་བ་ཚོས་ “Glass is half full” ཞེས་པའི་བསམ་བློ་གཏོང་སྟངས་ཤིག་སློབ་སྟོན་བྱེད་ཀྱི་ཡོད་ དེའི་གོ་དོན་ནི་ཤལ་གྱི་ཕོར་བ་ཞིག་ནང་ཆུ་ཕྱེད་ཀ་ཡོད་ན་ མིའི་རང་བཞིན་དུ་རྒྱུན་དུ་བསམ་བློ་གཏོང་སྟངས་ཐབས་སྐྱོ་པོ་གཏོང་མཁན་ཚོས་ཕོར་པ་དེ་ཕྱེད་ཀ་སྟོང་པ་ཡིན་པ་མཐོང་གི་ཡོད་པ་དང་ ཡང་མིའི་རང་བཞིན་བསམ་བློ་གཏོང་སྟངས་རྒྱུན་ལྡན་བཟང་ཕྱོགས་བཟང་ནས་གཏོང་མཁན་ཚོས་ཕོར་པ་དེ་ཕྱེད་ཀ་ཁེངས་པ་ཡིན་པ་མཐོང་ཐུབ་ཀྱི་ཡོད་པས་དེ་ལྟར་མཐོང་ཐུབ་པ་བྱ་དགོས་པའི་སློབ་གསོ་གནང་གི་ཡོད་ལ་ བསམ་བློ་གཏོང་སྟངས་མཐའ་གཅིག་ཏུ་སྐྱོ་དྲགས་ན་ཆུ་ཕྱེད་ཀ་ཡོད་པ་དེ་ཉིད་ཀྱང་མི་མཐོང་བས་མི་ཚེ་རིན་ཐང་ཅན་དེའི་ནང་གོ་སྐབས་གང་ཡོད་ལེན་མ་ཐུབ་པར་འཐུད་ཤོར་འགྲོ་སྲིད་པའི་སློབ་སྟོན་གནང་གི་ཡོད་པ་རེད། དེ་བཞིན་ཉི་ཧོང་པའི་Zen ཆོས་བརྒྱུད་ནང་ ༼ ང་ཐེངས་བདུན་ས་ལ་ལྷུང་ཡང་ཡར་ཐེངས་བརྒྱད་ལངས་པ་ཡིན་ཞེས་པ་ལྟར་སེམས་ཤུགས་མ་ཆག་པར་བསམ་བློ་གཏོང་རྒྱུའི་དུས་མཚམས་ཞིག་རེད་སྙམ།
འོན་ཀྱང་དམར་བསད་སྤང་གནང་བར་བསྔགས་བརྗོད་ཞུ།
འོ་ དོན་ངོ་མ་དེ་དྲི་རྒྱུ་བརྗེད་འདུག་
ཨེ་མ་ཧོ་ དགོངས་པ་མ་འཚོམ་ སྐུ་ཉིད་ཀྱི་ཁ་མདོག་ལ་བལྟས་ན་ ༼རྩམ་པ་ཁ་གང་དང་།། ཆུ་ཚ་ཕོར་བ་གང་༽འཐུང་ནས་སྡོད་མཁན་ཞིག་མངོན་གྱི་མིན་འདུག གནས་སྟངས་འདི་ཐད་ང་ལ་རྒྱུན་དུ་བློ་བདེ་པོ་ཞིག་ཡོང་གི་མེད།
ཁྲི་མཐོ་པོའི་སྒང་བླ་མ་སྐུ་ཤ་བརྫིག་པོ་ཚོས་ཉམ་ཐག་འབུལ་ཕོངས་མང་ཚོགས་ལ་སྦྱིན་པའི་ཕན་ཡོན་སྐོར་གསུང་ཆོས་གནང་དུས་ སེམས་ནང་དང་པོ་བླ་མ་རང་ཉིད་ཀྱི་བྲང་ནས་མང་ཚོགས་ཉམ་ཐག་ལ་ལྟ་རྟོགས་གནང་སྟེ་ལག་ལེན་དགོས་ཀྱི་འདུག་སྙམ་གྱི་ཡོད།
བླ་མ་སངས་རྒྱས་འདས་འཁྲུངས་རང་དབང་དང་།།
ཕ་མ་སེམས་ཅན་སྐྱེ་འཆི་གཞན་དབང་གཉིས།།
ཆོས་དང་ཆོས་ཉིད་རང་བཞིན་དཀྱིལ་འཁོར་ངང་།།
དགའ་སྐྱོ་སྒྱུ་མའི་འཁྲུལ་བར་མ་རོལ་ཅིག།
བློ་བཟང་སེངྒེའི་བོད་མའི་སྒྲིག་འཛུག་དང་།།
བློ་བཟང་བསྟན་འཛིན་་སྐུ་སྒེར་སྒྲིག་འཛུག་དང་།།
བློ་བཟང་ཆོས་འབྱོར་རང་ཉིད་སྒྲིག་འཛུག་སྟེ།།
ཆབ་སྲིད་ཡ་མ་ཟུང་དེར་མ་རོལ་ཅིག།།
སྤྲུལ་སྐུ་རྫུན་མ་ཡོད་ན་སེམས་མ་ཕྲེང་།།
སྔགས་པ་རྫུན་མ་ཡོད་ན་དེར་མ་རྒྱུགས།།
བཤེས་གཉེན་དམ་པའི་ཞལ་གདམས་མ་ལུས་དེར།།
སྒོམ་སྒྲུབ་གནད་ལ་ལོངས་ན་གཞན་ཅི་དགོས།།
མགོ་སེར་བསྟན་ལ་ཞུགས་ཕྱིར་ཕྱི་ལོ་རོལ།།
རྒྱ་མགོ་བསྟན་ཞབས་འདེགས་ཕྱིར་རྒྱ་ལོ་རོལ།།
བོད་ལོ་ཆོས་ཀྱི་སྟོན་མོ་སྤྲོ་སྐྱིད་ཆེད།།
ཐུགས་རྒྱལ་མ་ཆགས་བསྟན་དོན་དགོས་པ་ཆེ།།
དལ་འབྱོར་རྟེན་བཟང་སྐལ་བཟང་དུས་སྐབས་སུ།།
ཟས་མཆོག་ཞིབ་རྩམ་འདི་དང་མ་བྲལ་བ།།
བཏུང་མཆོག་ཆབ་ཆུ་འདི་ལས་མི་གཡོ་བར།།
ཟག་ཕུང་སྒྱུ་ལུས་འཕྲོད་རྫས་ཨང་དང་པོ།།
ཡང་ཡང་དགྱེས་པར་རོལ་ཅིག་དོན་ཆེན་ཡིན།།
ཕྱི་ལུགས་འཕྲོད་བཞེས་ཟས་ལ་སྒྱུ་བའམ།།
ནང་ལུགས་ཟབ་མོ་བྱམས་སྙིང་རྒྱན་གྱིས་མཛེས།།
གསང་ལུགས་ཨ་ཏའི་ཟབ་དོན་ཀློང་དུ་རོལ།།
འདི་དང་ཕྱི་མ་རང་གཞན་རྒྱལ་གྱུར་ཅིག།།
ཨེ་མ་ཧོ་ནི།
འདུལ་བསྟན་དད་མཚོན་གྲྭ་ཆས་གྱོན། །
བྱང་སེམས་དད་ཕྱིར་དམར་ཟས་སྤངས། །
སྔགས་འཆང་ཡིན་མདོག་སྐྲ་སེན་ངོམས། །
བོད་ཆོས་ཟེར་ན་འདི་ཡིན་ནམ། །
སྔགས་པ་འདུལ་བ་གང་ཡིན་འབྱེད་དཀའ་ཡང་།
བྲིས་པའི་ཚིག་འདི་བདེན་ཁ་ཆེ་ལ་བསྟོད།
ཨ་ཏིའི་དགོངས་པ་རྟོགས་སྐད་ཀྱི་ཁ་གཡང་།
གཟན་དམར་ཁ་མདོག་ལ་ཆགས་པའི་རང་གདངས།
ཐོད་རྒལ་ལྷུན་གྲུབ་རྐུབ་ལ་བཏིང་བཏིང་ནས།
རང་རྒྱུད་འདུལ་བའི་ཡོན་ཏན་འདི་འབོར་ཐལ།
གསང་སྔགས་གྲུབ་རྟགས་ཐུབ་སྐད་ཀྱི་དྲིལ་བསྒྲགས།
ལྟོ་གོས་གཏམ་གསུམ་ལ་ཞེན་པའི་ཡེ་ཤེས།
འདུལ་ཆས་སྔགས་ཆས་ལུས་ལ་བསྲེས་བསྲེས་ནས།
གཞན་རྒྱུད་འདུལ་བའི་ཡོན་ཏན་འདི་འབོར་ཐལ།
ཆོས་དང་འཇིག་རྟེན་ལ་མཁས་མདོག་གི་ངོར།
གཡོ་དང་རྫུན་ལ་ཡེ་ནས་གོམས་པའི་བག་ཆགས།
གླེན་རྟགས་བླུན་རྟགས་བྱ་བ་བསྒྲུབས་བསྒྲུབས་ནས།
སྐྱེ་བོའི་དཀྱིལ་ནས་འབོར་བའི་ཨེ་མ་ཧོ།
དྲ་གྲོགས་ཨེ་མ་ཧོ་ལ་རྩེད་མོའི་ཚུལ་དུ་ཕུལ།