ཨེ་མ་ཧོ།
ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ།
ཀ་ར་ཀུ་ཤུའི་སྡེར་ཁ་མང་ན་ཡང་།།
ག་དུས་ལོ་སར་ང་ཚོས་མ་ཤེས་ན།།
ཅ་དག་བོད་ཀྱི་ཆ་ལུགས་མཛེས་ན་ཡང་།།
ཇ་ཆང་མགྲོན་འབོད་ཉ་བའི་སྤྲོ་སང་འདྲ།།
ཏ་ལེར་ཀུན་མཐུན་ཐ་སྙད་རྩིས་རིག་དང་།།
ད་ལྟའི་དུས་རབས་གསར་སྐྱེས་ན་གཞོན་ཡི།།
པ་ལགས་ལོ་རྒྱུས་ཕ་མེས་མ་ཤེས་ན།།
བ་ལང་ལྕི་བའི་བཟང་ངན་བཤད་དང་འདྲ།།
ཙ་ར་མ་ཆོད་ཚ་བསྲེག་མྱོང་ཚོར་དང་།།
ཛ་ཡའི་བསྟན་བདག་ཝ་མོ་སེང་ལྤགས་ཅན།།
ཞྭ་ཆོས་ཕྱོགས་ཞེན་ཟ་ཕོར་ཆེ་ཆུང་ལ།།
འ་ཅག་འཁྲུལ་བ་ཡ་རབས་དོར་དང་འདྲ།།
ར་བཟི་ལྟ་བུའི་ལ་རྒྱ་བཤད་པ་དང་།།
ཤ་ཚ་མེད་པར་ས་སྐྱོང་དབུ་སྐོར་སོགས།།
ཧ་ཅང་ཐལ་བའི་ཨ་ཙི་སྤྱོད་པ་ཅན།།
མང་མོད་མཐོང་ཕྱིར་ང་ལ་ལོ་སར་མེད།།
ཕྱི་ཡི་འཇའ་གུར་དཀྱིལ་འཁོར་རྣམ་པར་བཀྲ།།
ནང་གི་སེམས་ཉིད་ཞི་གནས་རབ་ཏུ་ཤིས།།
གསང་བ་དོན་གྱི་ལྷག་མཐོང་མཇལ་བས་བདེ།།
ཡང་གསང་འཇའ་ལུས་འཕོ་ཆེན་ཀུན་ཏུ་ལེགས།།
ཞེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་རྒྱལ་ཟླའི་དབང་ཚེས་དགེ་བར་ལོ་སར་སྤྲོ་ཚོགས་སོགས་མཐོང་བའི་མོད་ལ་གང་དྲན་བཅོས་བསྒྱུར་མེད་པར་ཝ་ཡེལ་རྒྱལ་མཁར་ཨེ་ཝྃ་རི་ཁྲོད་ནས་གར་དབང་ཤྲྰིས་ཕུལ་བར་དགེའོ།། །།
ཉི་ཤུ་དགུ་ཡི་དགུ་ཐུག་བཀོལ། །
ཉི་ཤུ་དགུ་ཡི་དགུ་ཐུག་འཐུང་། །
ཉི་ཤུ་དགུ་ཡི་དགུ་གླུད་བཟོས། །
ཉི་ཤུ་དགུ་ཡི་དགུ་གླུད་གཡུགས། །
གནམ་གང་མཚན་མོ་མཆན་ནག་ལ། །
མཆོད་མེ་མར་མེ་མཆོད་གློག་སྤོར། །
གནམ་གང་མཐའ་མའི་ནག་ཁུང་ལ། །
མཆོད་མེ་མཐའ་མའི་སྣང་གསལ་སྤོར། །
ཚེས་གཅིག་བླ་མའི་ལོ་གསར་གཏོང་། །
ཚེས་གཉིས་རྒྱལ་པོའི་ལོ་གསར་གཏོང་། །
ཚེས་གསུམ་ཆོས་སྲུང་ལོ་གསར་གཏོང་། །
ཉིན་གསུམ་སོ་སོའི་ལོ་གསར་གཏོང་། །
ཀ་ཁས་བྲིས་པའི། ཁ་བའི་ལམ་ཡིག ག་ས་གང་ནས། ང་ལ་མ་བཀོལ།
ཅ་ལ་བཏགས་པའི། ཆ་ལུགས་རྫིག་པོ། ཇ་ཆང་ཁ་ནས། ཉ་ཉོག་མ་གནང་།
ཏ་རེ་བཏོན་ནས། ཐ་མག་རོལ་ཏེ། ད་ལྟའི་གྲས་སུ། ན་ཉམས་མ་བཏོད།
པ་པོའི་ཁྲོད་དུ། ཕ་ཁྱིམ་བརྗེད་ཅིང་། བ་སྤུའི་སྐྱོན་བཙལ། མ་རབས་མ་གོམས།
ཙ་གེ་ཙིག་གེ། ཚ་རྒྱུ་མང་ཡང་། ཛ་དྲག་མེད་ན། ཝ་ལྟར་མ་བྱེད།
༷ཞ་དཔེ་ལྷམ་འགེབས། ཟ་ཟུར་གང་སར། འ་འུར་ཆེ་མོད། ཡ་མེད་གནང་རོགས།
ར་ལྟར་གྱོང་བ། ལ་ལོས་བཟོས་རྐྱེན། ཤ་ཞིག་མེད་ཚེ། ས་འདིར་ཤོང་དཀའ།
༷ཧ་ཧ་མ་ཟེར། ཨ་ལེ་ཉན་ད། ཧ་ལོ་མེད་དུས། ཨ་མཚར་མི་བཤད།
དྲ་གྲོགས་ཚང་མར་ཤིང་རྟའི་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོད་དོ།།
བཀྲ་ཤིས་བདེ་ལེགས།