ཨེ་མ་ཧོ།
ན་མོ་གུ་རུ་ཀ་ལ་ཙཀྲ་ཡེ།
རང་སྣང་རྣམ་དག་ཀུན་བཟང་དགའ་བའི་ཆར།།
སྣང་སྲིད་གཞིར་བཞེང་རང་རིག་བདེ་ཆེན་དཔལ།།
སྣོད་བཅུད་ཡང་དག་འོག་མིན་ཞིང་ཁམས་སུ།།
དམ་ཆོས་དགའ་སྟོན་ངེས་པ་ལྔ་ལྡན་རོལ།།
རང་ཡུལ་རྣམ་དག་གངས་ཅན་དགའ་བའི་ཆར།།
མདོ་སྔགས་གཞིར་བཞེང་ལུགས་གཉིས་ཕུན་ཚོགས་དཔལ།།
བསྟན་སྲིད་ཡང་དག་བཅུ་ཕྲག་རིག་གནས་ལ།།
གངས་ཅན་འགྲོ་བའི་ཅི་དགའ་ལོངས་སུ་སྤྱོད།།
བླ་མ་དམ་པའི་ཐུགས་དགོངས་ཡོངས་སུ་རྫོགས།།
སློབ་མ་བཟང་པོའི་འདི་ཕྱིའི་ཕྲིན་ལས་དག།
འཇིག་རྟེན་ཀུན་ཕན་ནོར་བུའི་དགའ་ཚལ་སྨིན།།
ནམ་ཡང་ཞི་བདེའི་རྒྱལ་ཁམས་མཛེས་གྱུར་ཅིག།
ཅེས་ཕྱི་ལོ་༢༠༡༥་༡་༡ ལ་ཨེ་མ་ཧོས་ཀུན་བཟང་ཆོས་གླིང་ནས་ཕུལ་བར་དགེའོ།།