མི་ཉག་སྐལ་བཟང་།
མི་ལུས་བོད་པར་བླངས་པའི་སྤོབས་པ་ཞིག་སྐྱེས་ཏེ།།
སེམས་པ་བོད་ལ་ཆགས་པའི་ལོ་རྒྱུས་དེ་རིང་ཡང་།།
ཕྱི་དང་ནང་གི་འགལ་རྐྱེན་བར་ཆད་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་སྡུག་བསྔལ་གྱིས་བསུ་འགྲོ།
རྟགས་དང་རྟེན་འབྲེལ་ཟུང་གི་དུས་ཚིགས་ཤིག་བརྩི་སྟེ།།
ངོ་མཚར་གཏམ་རྒྱུད་མང་བའི་དགུ་ཐུག་དེ་ཞིམ་ཡང་།།
མ་བུ་ལྷན་འཛོམས་མེད་པའི་སྐྱོ་གར་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དྲན་གདུང་གིས་བསུ་འགྲོ།
ཁང་ཁྱིམ་དྲོན་མོའི་ཕྱི་ནང་གཙང་ཕྱགས་ཤིག་བྱ་སྟེ།།
མར་དང་ཕྱུ་ར་བཤམས་པའི་སྡེར་ཁ་དེ་ལེགས་ཀྱང་།།
ཆང་དང་ཨ་རག་རྩིག་པའི་མདུན་ཅོག་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དུག་རླངས་ཀྱིས་བསུ་འགྲོ།
དྭངས་གཙང་སེམས་ལ་རེ་བའི་སྨོན་འདུན་གྱིས་རྒྱན་ཏེ།།
མཆོད་པ་ལྷ་ལ་འབུལ་བའི་ལུགས་སྲོལ་དེ་མཛེས་ཀྱང་།།
ཤ་ཁྲག་རི་ལྟར་སྤུངས་པའི་དམར་ཟས་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དམར་མཆོད་ཀྱིས་བསུ་འགྲོ།
ནས་ཆང་བདུད་རྩི་སོགས་ཀྱིས་འཚོ་བ་ལ་སྤྱོད་དེ།།
གླུ་དང་གར་ལ་རོལ་བའི་སྣང་བ་དེ་སྐྱིད་ཀྱང་།།
གཏམ་ངན་ཆུ་ཀློང་རྡོལ་བའི་ཟིན་ཐོ་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་རེ་སྟོང་གིས་བསུ་འགྲོ།
ཡ་རབས་ལུགས་དང་ལྡན་པའི་སྤྱོད་བཟང་གིས་ཐུམ་སྟེ།།
ཕན་ཚུན་ལག་གདང་སྦྲེལ་བའི་མཐུན་སྒྲིལ་དེ་དགོས་ཀྱང་།།
དགྲར་དགའ་གཉེན་ལ་སྡང་བའི་ན་ཟུག་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་འཐེན་འཁྱེར་གྱིས་བསུ་འགྲོ།
ནུབ་བྱང་རྒྱ་མཚོའི་གྲུ་ཁར་གནས་ཚང་ཞིག་བཅའ་སྟེ།།
ཡང་དག་ཆོས་ལ་དད་པའི་ཨ་ལོང་དེ་ཡོད་ཀྱང་།།
གྲྭ་རྫུན་བླ་རྫུན་མང་བའི་སྤྱི་ཚོགས་དེ་བསམས་ན།།
བོད་ཀྱི་གནམ་ལོ་གསར་པ་དད་ལོག་གིས་བསུ་འགྲོ།
༄༅། མི་ཉག་སྐལ་བཟང་ལགས་ཀྱི་དཔེ་མི་སྲིད་པའི་སེམས་སྐྱོའི་རྩོམ་ཡིག་དེ་དངོས་
བདེན་རང་རེད་། མི་རབས་ནས་མི་རབས་བར་བློ་བཅོལ་གསོལ་འདེབས་
ཞུ་ཡུལ་གྱི་ལྷ་སྲུང་མ་་་ཡུལ་ལྷ་གཞི་བདག་རྣམས་གང་ན་བཞུགས་ཡོད།
བོད་སྐྱོབ་པའི་མཐུ་ནུས་འདྲ་གཏན་ནས་མེད་པ་ཡིན་ནམ།
གསོལ་འདེབས་ཞུས་ནས་དགོས་པ་ཅི་འདུག་གཟིགས་དང།
རྒྱ་དམར་པོས་བོད་པར་སྡུག་སྦྱོང་བཏང་ནས་བོད་པའི་ལུས་ཁམས་ལ་སྡུག་བསྔལ་བཟོད་
མཐའ་བྲལ་བ་བཏང་ཡང་་་བོད་ཀྱི་ལྷ་སྲུང་རྣམས་གཉིད་ཁུག་ནས་སྐྱིད་ཉལ་བརྒྱབ་ནས་བཞུགས་
པ་གང་ཡིན་ནམ།
༄༅། ཕ་ཡུལ་འཕྲོག་སོང་ཕ་མ་བྲལ་སོང།
རིག་གཞུང་ཉམས་སོང་སྐད་ཡིག་ཞན་སོང།
གཉེན་སྤུན་བྲལ་སོང་གཉེན་གྲོགས་བརླགས་སོང།
མི་ཡུལ་ལ་བསླེབས་སོང་ས་རྒྱུས་མི་འདུག་
ཕ་ཡུལ་དྲན་སོང་མིག་ཆུ་ཡང་ཤོར་སོང།
སྔོན་ལས་ལ་བསྐོས་སོང་བྱ་ཐབས་ཡང་བྲལ་སོང།
སེམས་སྡུག་སྙིང་གཏམ་སུ་ཞིག་ལ་བཤད་དམ།