—རྫ་ཚེ་རིང་བཀྲ་ཤིས།
བརྩེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ལགས།
བཀྲ་ཤིས་བདེ་ལེགས།
གནང་ཉིན་ནི་མེ་ཕོ་སྤྲེལ་གྱི་ལོའི་བོད་ཀྱི་ལོ་སར་ཚེས་གཅིག་རེད། དེ་དང་ཆབས་ཅིག་བོད་ཀྱི་ལྷ་སྐལ་གུ་རུ་རིན་པོ་ཆེའི་དམིགས་བསལ་དུས་ཆེན་དབང་ཆེན་སྤེལ་གྱི་ལོ་ཞེས་ལོ་བཅུ་གཉིས་ཀྱི་མཚམས་སུ་ཐེངས་རེ་ལས་མེད་པ་དེའང་དབུ་ཚུགས་པ་རེད།
ང་ཚོའི་མི་ཚེའི་ནང་དུ་ལོ་སར་ནི་ཧང་གལ་ཆེན་དུ་བརྩི་བཞིན་ཡོད། དུས་རབས་ཉེར་གཅིག་པའི་ནང་དང་། དེང་རབས་དཔལ་ཡོན་གྱི་སྤྱི་ཚོགས་སུ་ལོ་སར་ནི་དེ་བས་གལ་ཆེན་ཞིག་ཆགས་སྲིད། རྒྱུན་གྱི་འཚོ་བའི་ཁྲོད་དུ་རང་ཉིད་ཀྱི་ལེགས་བྱང་རྒྱུན་འཛིན་གྱི་གོ་སྐབས་ཉུང་དུ་འགྲོ་བཞིན་པ་དང་། ནང་མི་སྤུན་མཆེད་དང་མཉམ་དུ་ལྷོད་ལྷོད་བྱས་ནས་བསྡོད་པ་ཉུང་དུ་འགྲོ་བཞིན་པ། མི་རིགས་རང་གི་སྐད་ཡིག་སྨྲ་བ་དང་ཕ་མས་གནང་བའི་བཟའ་བཏུང་ལ་རོལ་བའི་གོ་སྐབས་ཉུང་དུ་འགྲོ་བཞིན་པ། རྒྱུ་རྐྱེན་དེ་དག་གིས་བུ་ཕྲུག་དག་གིས་ཀྱི་རང་གི་ཡབ་མེས་ཀྱི་རིག་གཞུང་བཟང་པོའི་སྐོར་ལ་གོ་རྟོགས་ཞན་ཏུ་འགྲོ་བཞིན་པ་བཅས་ཀྱི་དུས་ཚོད་འདིར་ལོ་སར་གྱི་མཉམ་འཛོམས་ནི།
མཆོག་གསུམ་ལ་མཆོད་པ་འབུལ་བའི་དུས་ཚོད་ཡག་ཤོས།
དཀར་ཕྱོགས་ཀྱི་ལྷ་ངོ་གཏོད་པའི་དུས་ཚོད་ཡག་ཤོས།
ཕ་མའི་དྲིན་ལན་འཇལ་བའི་དུས་ཚོད་ཡག་ཤོས།
བུ་ཕྲུག་ལ་བྱམས་བརྩེ་སྦྱིན་པའི་གོ་སྐབས་ཡག་ཤོས།
སྙིང་གྲོགས་དང་གཏམ་གླེང་བྱེད་པའི་དུས་ཚོད་ཡག་ཤོས།
ཕུ་ནུ་དང་འདུན་གྲོས་གླེང་པའི་དུས་ཚོད་ཡག་ཤོས་བཅས་ཡིན།
དེས་ན་ཚང་མས་དུས་ཚོད་འདི་ཡ་རབས་ཚུལ་མཐུན་དུ་སྐྱེལ་བ་གལ་ཆེ། ཁྱད་པར་དུ། ཉེ་ཆར་ཡང་རང་ཅག་གི་རྩ་བའི་བླ་མས་ལོ་སར་འཚམས་འཕྲིན་དུ། ལོ་གསར་བཀྲ་ཤིས་བདེ་ལེགས་ཟེར་བ་དེ། ཆང་འཐུང་བ། ཤོ་སྤག་རྩེད་རྒྱུ་སོགས་ཀྱི་སྐད་ཆ་ཞིག་མ་རེད། བཀྲ་ཤིས་ཟེར་བ་དེ་འཇམ་དཔལ་མཚན་བརྗོད་ནང་། བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ། གྲགས་པའི་བཀྲ་ཤིས་སྙན་གྲགས་ཆེ། གསུངས་པ་ལྟར།ང་ཚོ་ཚང་མས་ཡོད་ན་འདོད་པའི་ཕན་པ་དང་བདེ་བ་དེ་ལ་བཀྲ་ཤིས་ཟེར་གྱི་ཡོད་པ་རེད། དེ་འདྲའི་བདེ་སྐྱིད་ཡོང་བའི་རྒྱུ་དགེ་བ་དེ་བསྒྲུབས་ཏེ། གཞན་ཕན་གྱི་བསམ་པ་ཡོད་པ་དང་གཞན་ལ་འཚེ་བ་མི་བྱེད་པའི་མི་ཚེ་ཞིག་སྐྱེལ་དགོས། བདེ་ཟེར་བ་དེ་འཕྲལ་དུ་བདེ་བ་དང་། ལེགས་ཟེར་བ་དེ་མཐར་ཐུག་ངེས་ལེགས་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་དོན་རེད། དེར་བརྟེན། ང་ཚོས་བཀྲ་ཤིས་བདེ་ལེགས་མིང་དོན་མཚུངས་པ་ཞིག་དང་། དོན་དང་ལྡན་པ་ཞིག་གནང་རོགས། ཞེས་གསུངས་པའི་བསླབ་བྱ་དེ་ངེས་པར་དུ་ཡིད་ལ་འཛིན་རོགས།
ད་དུང་། ལོ་སར་གྲྭ་སུ་རྒྱས་འགྲན་རྩོད་བྱེད་པ་དང་གཅིག
ཚད་བརྒལ་གྱི་བུ་ལོན་བླངས་ནས་ལོ་སར་གཏོང་བ་དང་གཉིས།
འཕྲོད་བསྟེན་མེད་པའི་བཟའ་བཏུང་མང་དུ་སྤྱོད་པ་གསུམ།
དཀར་ཟས་ལས་དམར་ཟས་ཤུགས་ཆེ་བར་ཟ་བ་དང་བཞི།
རྒྱན་རྩེད་དང་ཆང་རག་ཚོད་མེད་བྱེད་པ་དང་ལྔ།
ཆང་འཐུང་ནས་རླངས་འཁོར་གཏོང་བ་དང་དྲུག
ཤོག་སྦག་དང་ཚོན་མེ་ཤུགས་ཆེར་སྤོར་བ་དང་སོགས་མེ་སྐྱོན་འབྱུང་བའི་རྒྱུ་རྐྱེན་བསྐྲུན་ཅིང་། ཁོར་ཡུག་འབག་རྩོག་བྱེད་པ་དང་བདུན།
ཁ་པར་སོགས་ལ་མགོ་འཁོར་དྲགས་ནས་ནང་མི་དང་གྲོགས་པོའི་བར་སྐད་ཆ་མེད་པ་དང་བརྒྱད་འདི་ལ་དམིགས་བསལ་གྱིས་དོགས་ཟོན་གནང་དགོས།
ད་དུང་། ངེས་པར་བརྗེད་མི་རུང་བ་འགའ་ཞིག་ཀྱང་ཡོད་དེ། ཡར་དཀོན་མཆོག་ལ་གུས་ཕྱག་དང་བྱེ་མར་བཟའ་བཏུང་གི་མཆོད་ཁ་བརྗེད་མི་རུང་།
ནང་ཕ་མ་རྒན་རབས་ལ་གུས་ཞབས་ཀྱི་འཚམས་འདྲི་བརྗེད་མི་རུང་།
མཆོག་དམན་བར་གསུམ་ལ་ཞི་དུལ་གྱི་འཛུམ་མདངས་དང་སྣེ་ལེན་བརྗེད་མི་རུང་།
སྲོལ་རྒྱུན་རིག་གཞུང་གི་གོམས་གཤིས་ལ་མཐོང་ཆེན་དང་རྩི་འཇོག་བརྗེད་མི་རུང་།
རྩ་བའི་བླ་མ་རྣམ་པས་གནང་བའི་ལོ་སར་གྱི་ལམ་སྟོན་དང་ཁ་ཏ་བརྗེད་མི་རུང་།
འཕྲོད་བསྟེན་དང་ཁོར་སྲུང་གི་མི་ལུས་བདེ་ཐང་ཤེས་བྱ་བརྗེད་མི་རུང་།
ཐག་རིང་ཕན་ཚུན་གྱི་གྲོགས་པོ་དང་ནང་མི་ཡི་བརྩེ་བ་བརྗེད་མི་རུང་། བོད་ལྭ་གྱོན་ཞིང་བོད་སྐད་རྣལ་མ་བཤད་རྒྱུ་དེ་བས་ཀྱང་བརྗེད་མི་རུང་བ་སྟེ། བརྗེད་མི་རུང་བ་དགུ་འདི་ལ་ཡང་ངེས་པར་དུ་དོ་སྣང་གནང་རོགས་ཞུ་ཞུ།
མཇུག་ཏུ། ལོ་གསར་པའི་ནང་གངས་ཅན་གྱི་བོད་རིགས་སྤུན་ཟླ་ཡོངས་ལ་སླར་ཡང་ལོ་སར་བཀྲ་ཤིས་བདེ་ལེགས་དང་སྐུ་གཟུགས་བདེ་ཐང་ཡོང་བའི་སྨོན་འདུན་བཅས།
སྤྱི་ལོ་༢༠༡༦ ཟླ་༢ ཚེས་༧ ཉིན། རི་བོ་ཧི་མ་ལའི་ཕར་ཕྱོགས་ཤིག་ནས་རྒྱལ་ཁམས་པ་རྫ་ཚེ་རིང་བཀྲ་ཤིས་ཀྱིས་སྤྲིངས།
རྫ་ཚེ་རིང་བཀྲིས་རྩོམ་ཡིག་ལ་།
བློ་འཐེ་འཚོམ་མེད་པར་མོས་མཐུན་ཡོད་།
རྫ་ཚེ་རིང་བཀྲིས་སྐད་ཆ་ལ་།
སེམས་འགྱུར་དཱོགས་མེད་པར་ཡིད་ཆེས་ཡོད་།
རྫ་ཚེ་རིང་བཀྲ་ཤིས་ཀྱི་གསུངས་པ་ལ་མངོན་པར་སྟོད་དོ།
ལོ་སར་མ་རེད། ལོ་གསར་རེད།
དགོངས་ཚུལ་ཡག་པོ་གསུངས་འདུག ལོ་སར་ལ་བཀྲ་ཤིས་བདེ་ལེགས།