—གཙང་མེ་ལྕེ།
ང་རང་མདོ་སྨད་ནས་བསླེབས་པའི་དགོང་མོ་ཞིག་ལ་ཨ་མ་སྒྲོལ་མས་བཤད་རྒྱུར་”ད་ལོ་ཁྱོད་རང་ལོ་སྐེག་ལ་འཁེལ་ཡོད་པ་རེད། བྱ་བ་གང་ལའང་གཟབ་ནན་བྱ་དགོས་ཟེར།” ཨ་མ་སྒྲོལ་མའི་སྐད་ཆ་འདིས་ང་རང་ལ་ཅི་ཡིན་འདི་ཡིན་མེད་པར་སྐྲག་སྣང་མི་འདྲ་བ་ཞིག་སྐྱེས་སུ་བཅུག
སྐད་ཆ་དེའི་འཕྲོ་རིམ་འཕྲོར་ཨ་ཕས་བཤད་རྒྱུར། “སེམས་ཁྲལ་མི་དགོས། ངས་བསམ་འགྲུབ་དགོན་པའི་བླ་མ་་མཁས་གྲུབ་རྒྱ་མཚོར་ད་ལོའི་ལོ་མགོ་ཟིན་པ་ནས་བཟུང་། ལོ་སྐེག་སེལ་བྱེད་རྒྱ་ནག་སྐག་བཟློག་དང་བར་ཆད་ལམ་སེལ་གསུང་རྒྱུའི་སྐྱབས་འཇུག་ཞུས་ཟིན་པ་ཡིན་”ཟེར་བཞིན་ཨ་ཕའི་བཞིན་རས་ལ་ཞེ་ལྷོད་ཀྱི་རྣམ་འགྱུར་གསར་པ་ཞིག་གིས་ཁེངས་འདུག
ཨ་ཕའི་ལག་གཡོན་པར་གཅིག་དགུ་བརྒྱ་བཅུའི་ནང་རྒྱ་གར་ནས་ཉོས་པའི་ཙན་དན་གྱི་ཕྲེང་བ་ནག་པོ་དེ་ཐོགས་ཤིང་། ལག་གཡས་པས་མ་ཎི་འཁོར་ལོ་ཞིག་སྐོར་གྱིན་འཁོར་རྡོ་འཁོར་བའི་ཤུར་སྒྲ་དང་ཨ་ཕའི་ངག་གི་ཨུམ་སྒྲ་དེས་ལོ་སྐེག་སེལ་སོང་བ་ལྟར་ཨ་མ་སྒྲོལ་མ་ལའང་སྨྲ་བ་མེད་པར་ལྕགས་ཐབ་ཐོག་གི་ཐུག་པ་དེ་ང་ཚོར་རིམ་བཞིན་ལྡུད་བྱུང་།
དོན་དངོས་སུ་ང་རང་ཅི་ཞིག་ལ་ཨ་མ་སྒྲོལ་མའི་སྐད་ཆ་འདིར་སྐྲག་སྣང་སྐྱེས་པ་ཡིན་མིན་ང་རང་ལའང་ངེས་ཆ་མི་འདུག་མོད། ན་ནིང་དགུན་ཁ་ང་དང་ཆེས་ཞེ་འདང་ཟབ་པའི་གྲོགས་པོ་བློ་བཟང་ཁ་བས་ཡོངས་སུ་བཀབ་པའི་གམ་པ་ལ་མོའི་རི་རྩེ་ནས་རླངས་འཁོར་འདྲེད་ཏེ་བསད་པ་རེད། དོན་རྐྱེན་དེ་ནི་ཁྱིམ་ཚང་འདི་བ་ཚང་གིས་གྲོགས་པོ་དེར་སྐག་བཟློག་མ་འགྲུབ་པས་ལན་སོང་རབས་དང་། གྲོགས་པོ་དེའི་ཚེ་ད་དུང་ཟད་མེད་རབས་སོགས་བསམ་འགྲུབ་དགོན་པའི་བླ་མ་མཁས་གྲུབ་རྒྱ་མཚོའི་ལུང་བསྟནཞིིག་ཡིན་རབས་མི་མང་གི་ཁ་ནས་ཡང་ཡང་རྣ་ཐོས་བྱུང་བས་རེད།
མ་གཞི་ང་རང་ལྷ་སར་སྡོད་རིང་མདོ་སྨད་ཕྱོགས་ཀྱི་རྒད་པོ་རྒན་མོ་མང་མོ་ཞིག་གིས་ཀྱང་ལེ་བར་འབུམ་ཕྲག་གི་ས་ནས་སྟོད་ཉི་མ་ལྷ་ས་ཟེར་ནས་ཇོ་བོ་རིན་པོ་ཆེའི་སྐུ་མདུན་དུ་རང་གི་ཞག་སྒེག་དང་། ཟླ་སྒེག་དང་། ལོ་སྒེག་སོགས་དགེགས་རིགས་སྟོང་ཕྲག་བརྒྱ་བཅུ་རྩ་བཞི་བོ་སེལ་ཕྱིར་ས་ཕྱོགས་སོ་སོ་ལ་སྐྱབས་འཇུག་ཞུ་སྟངས་མི་འདྲ་བ་རེ་ཁ་ནས་དག་དག་ཏུ་སྐྱོར་རྒྱུ་འདུག ཁོ་པ་ཚོ་ལའང་ང་དང་འདྲ་བར་སྐྲག་སྣང་མི་འདྲ་བ་ཞིག་བྱུང་བ་ལོས་ཡིན་སྙམ་བཞིན་གཡུ་འབྲུག་གི་རི་མོ་བཀྲ་བའི་དཀར་ཡོལ་དེ་ཡར་བླངས་ཏེ་ཨ་མས་བླུགས་པའི་ཐུག་པ་དེ་འཐུང་གིན་ཡུད་ཙམ་རིང་ངེད་བཟའ་ཚང་གང་བོ་ཁུ་སིམ་མེར་གྱུར་སོང་། ཨ་ཕས་གློ་བུར་དུ་གློ་གསུད་ཅིག་རྒྱག་ཞོར་བརྩེ་བའི་མདངས་ཀྱི་མིག་ཟུང་གིས་ང་ལ་བལྟས་ནས་འདུག
ངས་ཅི་ཡང་མི་སྙམ་པར་ཐུག་པ་རྔམ་འཐུང་བྱས་པ་ཡིན། ཨ་ཕ་དང་ངེད་གཉིས་ཀྱི་གྲལ་བར་དུ་གཅེན་པོ་གཉིས་ཀྱིས་ཆོད་ཡོད། འདི་ནི་ངེད་ཕ་མེས་ཡང་མེས་ཚོས་བཞག་པའི་ཁྱིམ་ཚང་གི་སྒྲིག་གཞི་ལྟར་དུ་ཆགས་འདུག་པས་འགྱུར་དུ་ག་ལ་རུང་ཡང་། ཨ་ཕས་ང་ལ་ཞེན་པ་གཏིང་ནས་དཀར་བ་འདི་ནི་བདག་གི་ཡ་ཁོག་ཏུ་འཚང་ཁ་ཤིག་ཤིག་གིས་འཚང་འོང་བ་དང་འདྲ་བར་ཐུག་པའི་བྲོ་བ་འདི་ཡང་ཇེ་ཞིམ་དུ་གྱུར།
ཨ་མས་རྒྱུན་དུ་དགོང་ཇ་འཐུང་ཞོར་དུ་ངེད་བུ་སྤུན་བཞི་པོའི་མི་ཚེའི་མདུན་ལམ་གླེང་འགོ་འཛུགས་ཡོང་བ་ཡིན། ཅང་མ་འགོར་བར་ཨ་མས་ཨོལ་མདུད་འགུལ་ཙམ་འགུལ་ཙམ་གྱིས་བསྐྱར་དུ་བཤད་རྒྱུར། སང་ཉིན་རི་ཁྲོད་བླ་མ་ཀློང་བརྡོལ་རིན་པོ་ཆེས་བྱབས་ཁྲུས་གནང་གི་འདུག་པས་ཁྱོད་རང་ངེས་པར་བྱབས་ཁྲུས་མཉན་དུ་སོང་། ཞོར་དུ་བཅའ་བ་རིམ་གྲོ་ཞིག་ཀྱང་ཞུས་ཤོག་ཟེར། ངས་ཀྱང་ཨ་མའི་འདོད་པ་ལྟར་ཁས་ལེན་གཡང་འདྲ་བ་ཞིག་བྱས་ཏེ་ཨ་མས་བཙན་བཀའ་དེའི་རྗེས་སུ་ངའི་སེམས་ལ་འཆར་གཞི་གཞན་ཞིག་སེམས་ལ་ཤར་ཡོང་བ་ནི་སང་ཉིན་ཅིས་ཀྱང་གྲོགས་པོ་འགའ་དང་མཉམ་དུ་ངང་པ་མཚོ་མོ་ནས་རང་གི་འདོད་པ་ལྟར་ཆུ་རྐྱལ་ལ་རོལ་ནས་སྡོད་རྒྱུའི་སེམས་ཐག་བཅད་པ་ཡིན།
ངང་པ་མཚོ་མོ་ནི་དུས་རྒྱུན་ང་ཚོའི་གྲོང་མི་རྒན་གཞོན་དར་གསུམ་པོའི་ལོ་གཅིག་གི་སྡིག་སྒྲིབ་སྦྱོང་སའི་རྫིང་བུ་ཞིག་ཡིན། དེ་ནི་ལོ་གཅིག་གི་ནང་སྐར་མ་རི་ཥེ་ཤར་བའི་མཚན་མོ་དེ་རེད། སྐར་མ་རི་ཥེ་ནི་ནམ་མཁར་ཤར་བའི་འོད་ཐིགས་ཤིག་ཡིན་རུང་། དགོང་མོ་དེར་མཚོན་ན་ངའི་གྲོང་མི་ཚོའི་མགོན་སྐྱབས་སུ་ཆགས་སྲོལ་ཡོད་པ་རེད། ང་རང་ཆུང་དུས་ཤིག་ནས་ཨ་ཕས་ས་ཐག་རིང་ས་ཞིག་ཏུ་ཨ་ལགས་རྡོར་སེམས་ཀྱི་ཕྱག་ཏུ་བཞག་སྟེ་མི་ལོ་ལྔ་དྲུག་ཅིག་འགོར་སོང་། ངང་པ་མཚོ་མོ་ནི་སྔར་བཞིན་སྡིག་སྒྲིབ་སྦྱོང་ས་ཞིག་ཡིན་མིན་ཇི་ལྟར་ཡང་། ཆུ་རྐྱལ་ཡེད་ས་ནི་ཤིན་ཏུ་འཚམ་པ་ཞིག་ཡོད་པས། སང་ཉིན་ཕ་ཡུལ་གྱི་གྲོང་མི་ཚོ་དང་འདྲ་བར་ནག་ཅིང་མཐུག་པའི་ཚེལ་དྲེག་གྲི་ཡིས་གཞོག་རྒྱུ་དེ་འདྲ་མེད་རུང་། རང་གི་འཕྲོད་བསྟེན་དང་ཨ་མའི་རེ་བ་ལྟར་ཀློང་བརྡོལ་བླ་མའི་བྱབས་ཁྲུས་གཉི་ག་གོ་ཆོད་པར་བྱ་རྒྱུའི་བློ་ཐག་བཅད་པ་དང་མཉམ་དུ་ཆེས་མཐའ་མའི་ཐུག་ཕོར་གསུམ་པ་དེ་ཏག་ཏག་རྫོགས་སོང་།།
༢༠༡༥། ༡། ༡།་ཉིན།
རྩོམ་འབྲི་བ་རྒན་འཁོགས་ཤིག་མིན་འགྲོ། ཚིག་ཉམས་ལ་གསོན་ཤུགས་མི་འདུག
བླ་མ་མཁས་གྲུབ་རྒྱ་མཚོ་ལ་ནུས་མཐུ་ཡོད་ན་ང་ཡང་ཤི་རྒྱུ་མེད་མཁན་ཅིག་བཟོ་རོགས་ཞུ་ཡ་ཡིན་གདའ།
རྣོ་ལགས།
རབ་བྱུང་བ་དེ་ཚོ་ནང་བཞིན་ཚོར་བས་ཕྱུག་རྒྱུ་བོ་མང་དྲགས་ན། གྲྭ་སྟ་ཡེད་རྒྱུ་དང་ཚང་མ་དྲན་ཡོང་བསམ་ནས་ཞེད་ཡོད་པས་རེད།
ང་རང་ཁོམ་དུས་ཐོག་མར་ཁ་བརྡ་དྲ་སྒོ་འབྱེད་མཁན་ཞིག་ཡིན་པའི་ངོས་ནས། ཁ་བརྡ་ཚང་འདིར་བརྩམས་སྒྲུང་ཁུར་ནས་འོང་མཁན་ཚོར་ངོ་སོ་ཡོད། ཅི་ཞིག་ལ་ཟེར་ན། ཁ་བརྡ་དྲ་ནས་མཐོང་དཀོན་ཤོས་ཤིག་ནི་བརྩམས་སྒྲུང་རེད།
བརྩམས་སྒྲུང་ལས། བཅོས་སྒྲུང་འདི། ཐད་པ་མི་འདུག་གམ། ལགས།