བོན་རྒྱ་བསྟན་འཛིན་རབ་རྒྱས། ༼ ཤེད་བུ། ༽
བསྟན་སྲུང་བ་ཅན་གྱི་<<དགའ་ལྡན་ཕོ་བྲང་གི་བཀའ་ཤོག་ལ་དཔྱད་པ་ནག་པོ་དགུ་སྦྱོར་>>ལ་བསྟབས་པ།
བློ་རབ་བློ་ཡི་ཉིན་བྱེད་རྡོ་རྗེ་ཐེག །
ཆེས་ཆེར་གསལ་མཛད་རྒྱལ་བ་རྡོ་རྗེ་འཆང་། །
རྒྱལ་མཆོག་བསྟན་འཛིན་རྒྱ་མཚོར་གསོལ་བ་འདེབས། །
གསང་གསུམ་རོ་གཅིག་འགྱུར་བར་བྱིན་གྱིས་རློབས། །
གཅིག རྩོམ་པར་དམ་བཅའ་བ་དང་བག་ཡོད་པར་བསྐུལ་བ།
མཁས་གྲུབ་ཐམས་ཅད་མཁྱེན་པའི་སྡེ་བདུན་རྒྱན་ཡིད་ཀྱི་མུན་སེལ་ལས།
སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་དང་། །
སྒོས་ཁྱབ་རྩིག་པའི་བུ་ག་གཉིས། །
མཚུངས་པར་རློམ་པ་མཁས་ཡིན་ན། །
འདི་ན་མི་མཁས་སུ་ཞིག་ཡིན། །
ཞེས་གསུངས་པ་ལྟར། ཉེ་བའི་ཆར། ལོག་པར་རྟོག་པས་རྒྱུད་བརླམས་པ་འགས་སྤྱན་རས་གཟིགས་ལ་སྤྱན་རས་གཟིགས་ཀྱི་དབང་བསྐུར་སྟངས་ཀྱི་བསླབ་བྱ་གོ་སྐོན་བྱེད་ཁུལ་གྱི་ང་རོ་ཆེས་ཆེར་འབྱིན་པ་ལ། ཁོ་བོས་དེ་དག་གི་ཤེས་རྒྱུད་ཀྱི་ལོག་པར་རྟོག་པ་མཐའ་དག་གི་ཞེན་ཡུལ་སུན་ཕྱུང་བའམ་སྙིང་ཁྲག་དགུང་དུ་མཆོད་པའི་མི་འཇིགས་ཤེས་རབ་ཀྱི་རལ་གྲི་གཡུག་ཐེངས་གཅིག་གིས། ལོག་པར་སྨྲ་བའི་ནགས་མའི་ཚལ་ཆེན་པོ་དུམ་བུར་གཏུབས་ཟིན་མོད། བསྟན་སྲུང་བ་ཅན་གྱི་ལས་ངན་པ་དེ་བཞིན་གཤེགས་པའི་སྐུ་དང་གསུང་གི་འཕྲིན་ལས་ལ་ངན་སེམས་ཀྱིས་ཁྲག་ཕྱུངས་པ་ཞིག་གིས། ཡང་བསྐྱར་དགའ་ལྡན་ཕོ་བྲང་གི་ལས་བྱེད་དག་ལ་ཁ་གཡར་ཞོར། སྤྱི་ཁྱབ་ནམ་མཁའི་དཀྱིལ་འཁོར་དང་སྒོས་ཁྱབ་རྩིག་པའི་བུ་ག་གཉིས་ལ་མཚུངས་རྟགས་རྟ་འདྲ་བ་རེ་བཀོད་དེ། རང་ཅག་གངས་ཅན་པ་རྣམས་ཀྱི་བསོད་ནམས་ཀྱི་དཔལ་དུ་ཤར་བའི་འཕགས་མཆོག་ཐུགས་རྗེ་ཆེན་པོར་ལུང་རིགས་ཀྱི་ལམ་ནས་དགག་བཞག་གི་རྩེད་མོ་རྩེད་ཁུལ་བྱེད་པ་དེ་ནི། བསམ་ཞིང་བསམ་ཞིང་དགོད་བྲོ་བའི་གནས་ལས་མ་མཆིས་པས། ཐམས་ཅད་རྣལ་འབྱོར་གྱི་སེམས་ཀྱི་རྩིས་ཟིན་ཏེ་རིགས་ལམ་གྱི་གནད་འགའ་འཆད་པར་འདོད་ན། བསྟན་སྲུང་བ་ཅན་བག་ཡོད་པར་གྱིས་ཤིག
བླ་མ་འཇིག་རྟེན་མགོན་པོས། དྲ་ལམ་བརྒྱུད་བཀའ་དབང་གནང་ཆོག་མི་ཆོག་དང་དབང་འཐོབ་མི་འཐོབ་ཀྱི་ཐད་ལ་ཆོས་ཀྱི་བསམ་གཞིག་རྣལ་མ་ཞིག་བྱེད་པར་འདོད་ན། བསྟན་པ་སྤྱི་བཙན་དང་གང་ཟག་སྒོས་བཙན་གྱི་རྣམ་དབྱེ་རྣམ་པར་འབྱེད་པའི་ཤེས་རབ་དེ་མེད་ན། ལུང་གི་རི་བོ་བརྩིགས་ཀྱང་། དཔེ་མང་ལྟ་བ་ཤེས་རབ་འཆལ་བའི་རྒྱུ། །ཞེས་པའི་རྣམ་པ་ལས་བརྒལ་མེད་པས། སྙིང་རྗེ་བ་ཉིད་ལས་རིགས་པ་སྨྲ་བའི་བཟོ་ལྟ་ཙམ་ཡང་མངོན་མི་ཐུབ་པ་དང་པོ་ནས་ཡིད་ལ་དམ་པོར་ཟུངས།
གང་ཟག་སྒོས་བཙན་གྱི་ལུང་དང་བཤད་སྟངས་འགའ་དྲུད་ཡོང་ནས། བསྟན་པ་སྤྱི་བཙན་གྱི་མགོ་ལ་ཤུགས་ཀྱིས་གཞུས་ཏེ་མཁས་རྟགས་སྟོན་པ་ནི། “སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །” ཅེས་པ་ཉིད་དུ་འཁུམས་པའང་ཤེས་པར་གྱིས།
དོན་ཚན་དྲུག་ཅན་གྱི་ནག་པོ་དགུ་སྦྱོར་དེ་ལ་ལོག་པར་ལྟ་བ། ལོག་པར་གོ་བ། ལོག་པར་འཁྲིད་པ། ཤེས་རབ་འཆལ་བ། ཕྱོགས་སུ་ལྷུང་བ། རྣམ་གཞག་འཆོལ་བ། རིག་པ་རྟུལ་བ། ལྟག་ཆོད་འབའ་ཞིག་པ། བག་མེད་པ་བཅས་ཀྱི་ནག་པོ་དགུ་སྦྱོར་ཞིག་ཡིན་ཟེར་ན་ནི་ཡིན་པར་”འདོད་”ཅེས་ཞུ་བ་ལས། ལུང་དང་རིགས་པ་དགུ་སྦྱོར་ཞིག་ཡིན་ཟེར་ན། “རྟགས་བསྐལ་པའི་བར་དུ་མ་གྲུབ་”ཅེས་མགྲིན་པ་སྤྲིན་རུམ་དུ་བསྲིངས་པར་འདོད་དོ། །
གཉིས་པ། སྒྲུབ་བྱེད་ཀྱི་མཐར་ཐུག་མནའ་ལ་བཅོལ་བ།
བླ་མ་དང་དཔག་ཚད་ཀྱིས་བར་དུ་ཆོད་ཀྱང་སྤྱན་དང་མངོན་ཤེས་ལྡན་པའི་གང་ཟག་གིས་ཏིང་ངེ་འཛིན་གྱི་མཐུས་ཆོས་ཞུ་ནུས་པ་དང་ཞུས་པ་ལས་བྱིན་རླབས་འབྱུང་ཞིང་བརྒྱུད་པར་སེལ་མི་ཞུགས་ན། བླ་མ་དང་དཔག་ཚད་ཀྱིས་བར་དུ་ཆོད་ཀྱང་རྫས་ཀྱི་མཐུས་བླ་མ་ལས་ཆོས་ཞུ་ནུས་ན་བྱིན་རླབས་མི་འབྱུང་ཞིང་བརྒྱུད་པར་སེལ་ཞུགས་པར་ཐག་གཅོད་པ་ནི། ལོག་པར་ལྟ་བ་ཁྱོད་ཀྱིས་མནའ་བསྐྱལ་རྒྱུ་མིན་ན། ཐག་གཅོད་ཀྱི་ལུང་དང་རིགས་པ་གང་ཡང་མེད་པས་རྨོངས་པ་ལས་སད་པར་མཛོད་ཅིག ཁང་པ་མུ་གཅིག་པ་དང་ཤིང་སྡོང་གི་རྩེར་ཆོས་གོས་བཀལ་ནས་དགེ་སློང་ཤིང་སྡོང་གི་འཁྲིས་སུ་གཉིད་ཁུག་ན་ཆོས་གོས་འབྲལ་སྤང་གི་ལྟུང་བ་མི་འབྱུང་བའང་རྫས་ཀྱི་བརྒྱུད་པ་ཡོད་པའི་གནད་ལས་ཅི་ཡིན་དཔྱད་པར་མཛོད།
སྤྱིར་མངོན་པའི་ལུགས་ལ། སྤྱན་ལྔ་དང་མངོན་ཤེས་དྲུག་གི་ནང་ཚན་གྱི་སྤྱན་དང་མངོན་ཤེས་ལས་མངོན་ཤེས་ལ་རང་གི་བདག་རྐྱེན་དུ་གྱུར་པའི་བསམ་གཏན་དངོས་གཞི་ལ་བརྟེན་པས་ཁྱབ་པ་མེད་པར། རྟོག་གེ་བའི་མངོན་ཤེས་ཞེས་རྟགས་དང་རིགས་པའི་ལམ་ནས་ཚད་མས་སྒྲོ་འདོགས་བཅད་དེ་མངོན་སུམ་གྱིས་ངེས་པ་འདྲེན་པའང་ཡོད་ནུས་ན་རྫས་ཀྱི་ནུས་པས་མིག་གི་ཡུལ་དུ་མངོན་པར་བསྟན་ཅིང་མཐོང་བའི་ཤེས་པ་ལ་ནི། “གཟུགས་བརྙན་དང་སྒྲ་བརྙན་ཙམ་” ཞེས་ཙམ་སྒྲ་ཞིག་བཙན་སྦྱར་གྱིས་ཞིབ་ཆ་ཡོད་མདོག་བསྟན་འདུག་ནའང་། མངོན་ཤེས་ཀྱི་སྒོ་ནས་ཆོས་གསན་པ་ལ། ཞིང་བྱེ་བ་ཕྲག་བརྒྱར་དངོས་སུ་གཤེགས་ནས་ཉན་དགོས་པའི་ཁྱབ་པ་ཁྱོད་ཀྱིས་ཇི་ལྟར་ཤེས། བདུད་སྡིག་པ་ཅན་ལ་ལུང་བསྟན་ཞུས་པ་ཡིན་ནམ། བརྙན་ལམ་ནས་དབང་ཞུས་ཚད་ཀུན་ལ་ཐོབ་པ་བཀའ་ཤོག་གི་མགོ་ལ་བཙན་འཇོག་བྱས་པ་ཙམ་ལས་བཀའ་ཤོག་ནང་མི་གསལ་བ་མ་ཟད། བཀའ་ཡིག་ལས། “མདོར་ན། རྡོ་རྗེ་སློབ་དཔོན་དང་སློབ་མ་མཚན་ཉིད་ཚང་བ་གཞིར་བཅས། ཞེས་པ་ནས་དབང་གི་དགོས་པ་དེས་རྫོགས་སོ། །”ཞེས་པའི་བར་དུ་ཧ་ཅང་ཞིབ་ཆ་མཛད་འདུག་ན། ཁྱོད་ཀྱིས་ཅི་ཞིག་ལ་དཔྱད་ནས་གང་ཞིག་ལ་འཛིང་གིན་ཡོད།
སྔགས་ཀྱི་ནུས་པ་དང་བྱིན་རླབས་ཏིང་ངེ་འཛིན་གྱི་ནུས་པ་ལས་སློབ་མར་འཕྲོད་ལ། རྫས་ཀྱི་ནུས་པ་ལས་མི་འཕྲོད་པར་འདོད་པ་ལ་ལུང་རིགས་ཀྱི་སྒྲུབ་བྱེད་ཅི་ཡང་མེད་པར། “རྒྱལ་བ་སྲས་བཅས་དཔང་པོར་བཞག་ནས་ལན་འདེབས་དགོས” ཞེས་རྒྱལ་བ་སྲས་དང་བཅས་པར་དད་པའི་གདེང་ཐོབ་ཡོད་མདོག་མ་སྟོན། དྲ་ལམ་བརྒྱུད་དབང་བསྐུར་བ་བོ་འདི་རྒྱལ་བ་རྡོ་རྗེ་འཆང་དངོས་ཡིན་པའང་མ་བརྗེད་པར་གྱིས་ཤིག རྒྱལ་བ་རྡོ་རྗེ་འཆང་དངོས་སུ་ཕེབས་དུས་ལོག་པར་ལྟ་བའི་དབང་དུ་གྱུར། ཤི་བ་དང་རྒྱལ་བ་རྡོ་རྗེ་འཆང་ཞིག་དངོས་སུ་མཇལ་རེའི་རྨི་ལམ་གཏོང་བ་ནི། “ལྷ་སའི་རྒན་མོས་ལྷ་སའི་ཇོ་བོའི་ཞལ་མ་མཇལ་” ཞེས་པའི་གཏམ་རྒྱུད་ཀྱི་རྗེས་སུ་སོང་ཡོད་པའང་ཤེས་པར་གྱིས།
ཁྱིམ་སྡོད་བཀའ་རྒྱའི་འོག་གི་མི་ཡིན་ན། དད་པའི་ཤུགས་ཆུང་བ། རྩ་བ་དང་ཡན་ལག་གི་ལྟུང་བས་གས་ཤུགས་ཆེ་བ། རྨོངས་ཤིང་གཏི་ཐུག་པ་ཡིན་པའི་ཁྱབ་པ་ཁྱོད་ཀྱིས་ཇི་ལྟར་མཁྱེན། ཁྱིམ་སྡོད་བཀའ་རྒྱའི་འོག་ཏུ། གཞན་སེམས་ཤེས་པའི་མངོན་ཤེས་ནི་ཁྱོད་ཁོ་ནའི་ཇ་ཕོར་ཡིན་མདོག་མ་སྟོན། རྒྱལ་ཚབ་ཐམས་ཅད་མཁྱེན་པས། གང་ཟག་གིས་གང་ཟག་གི་ཚོད་མི་བཟུང་སྟེ། ཉམས་པར་འགྱུར་ཏ་རེ་ཞེས་གསུངས་པ་འདིའང་། བརྩེ་བ་ཆེན་པོས་ཤེས་རབ་འཆལ་བ་ཁྱོད་ལ་དྲན་སྐུལ་དུ་མངགས་པར་འདོད་དོ། །
གསུམ་པ། ཟོང་རིན་པོ་ཆེའི་ལུང་དྲངས་པ་ལྟག་ཆོད་དུ་ཐལ་བ།
ཁྱོད་ཀྱིས་གཤམ་ཏུ། ཟོང་རིན་པོ་ཆེའི་ཅིག་ཅིག་བཤད་འདུག ངས་ཐད་ཀར་ཡུ་ཌོབ་བརྒྱུད་ཟོང་རིན་པོ་ཆེས་དྲ་ལམ་དུ་མགོ་སེར་འགའ་དང་གྲྭ་པ་འགའ་ལ་འཇིགས་བྱེད་ཁྲིད་ཀྱིན་པར་སྐར་མ་ཁ་ཤས་རིང་ཉན་པ་ཡིན། སྐད་བསྒྱུར་བས། “ཡ་མ་ར་ཛ་black ཅིག་ཅིག་་་་་”ཅེས་བརྡ་མ་འཕྲོད་པར་བསྡད་འདུག་ལ། ཟོང་རིན་པོ་ཆེའི་ཚིག་འགའ་ཡི་གེར་ཕབ་ནས་ངོ་སྤྲོད་ཅིག་བྱས་ན། “སྐྱོན་གསུམ་སྤངས་པའི་མཚན་ཉིད་གང་འདྲ་ཞིག་དགོས་ཟེར་ན། ཀུན་སློང་ཡག་པོ་ཞིག་དགོས་པ་རེད། ཀུན་སློང་ཡག་པོ་ཡོད་ན་ཉམས་ལེན་བྱེད་ཐུབ་རུང་མ་ཐུབ་རུང་ཆོས་ཉན་པ་ཙམ་གྱིས་ཕན་ཡོན་ཆེན་པོ་རེད། “ཅེས་བླ་མེད་རྒྱུད་རྡོ་རྗེ་འཇིགས་བྱེད་ལ་ཉན་པ་ལའང་ཀུན་སློང་ཡག་པོ་ཡོད་ན་འགྲིག་པར་བཤད་འདུག
ཡང་ཟོང་རིན་པོ་ཆེས་ཁྲིད་དེ་རུ། “དམྱལ་བར་འགྲོ་དགོས་བྱུང་ནའང་ཆོས་མ་ཤེས་པར་སྡིག་པ་ཆེན་པོ་བྱས་ནས་དམྱལ་བར་འགྲོ་མཁན་ཚོ་དང་། གསང་སྔགས་ཀྱི་རྩ་ལྟུང་བྱུང་ནས་དམྱལ་བར་འགྲོ་མཁན་ཚོ་གཉིས། སླེབས་ས་གཅིག་པ་རེད་དེ་འགྲོ་སྟངས་འདྲ་གི་མ་རེད། གཅིག་དེ་གསང་སྔགས་ཉམས་ལེན་བྱས་ནས་ཕྱིན་པ་རེད། གཅིག་དེ་གསང་སྔགས་གོ་མ་མྱོང་ནས་ཕྱིན་པ་རེད། ཐར་ཡོང་དུས་གཅིག་དེ་ཡར་བརྒྱུགས་ནས་ཡོང་གི་རེད། གསང་སྔགས་གོ་མ་མྱོང་མཁན་དེ་ཡོང་ཡ་ཞིག་ཀེ་མེད་བཱ། ” ཞེས་དང་།
དེ་འབྲེལ་དུ་སྒྲུང་འདི་འདྲ་ཞིག་ཀྱང་ཁྲིད་དེ་རུ་གསུངས་སོང་། ༼ སྔོན་སངས་རྒྱས་ཀྱི་དུས་འཇམ་དཔལ་དབྱངས་བསོད་སྙོམས་ལ་ཕེབས་དུས། ཐེག་པ་ཆེན་པོའི་སྣོད་རུང་བ་མིན་པའི་མི་དབང་པོ་རྟུལ་བོ་ལྟ་བུ་ཞིག་ལ་ཟབ་མོ་སྟོང་བ་ཉིད་བསྟན་པ་རེད། ཁོ་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པ་ལ་ཞེད་ནས་ཁྲག་བསྐྱུགས་ཏེ་ཤི་བ་རེད། དེ་ནས་ཡང་དགེ་སློང་ཚོས་འཇམ་དཔལ་དབྱངས་ཀྱིས་ནམ་རྒྱུན་ཁོས་ཐབས་མཁས་མཁས་བྱེད་ནའང་ཆག་སྒོ་བསླངས་སོང་། ཧ་ཅང་སྡིག་པ་བསགས་སོང་། མྱི་བསད་སོང་། ཁོ་ལ་ཐེག་དམན་གྱི་ཆོས་ཤིག་བསྟན་ཡོད་ན་ཤི་གི་མ་རེད་ཅེས་བཤད། ཅེས་འཇམ་དཔལ་དབྱངས་སྐྱིད་སྡུག་ནས་འཕུད་གྲབས་བྱས་པ་རེད། དེ་ནས་སངས་རྒྱས་ལ་དྲིས་དུས། སངས་རྒྱས་ཀྱིས་འཇམ་དཔལ་དབྱངས་ཐབས་ལ་མཁས་པའི་དབང་པོ་རེད། གསུངས་པ་རེད། མི་ངན་སོང་ལ་ལྷུང་སོང་བས་ཐབས་ལ་མཁས་པའི་དབང་པོ་གང་འདྲ་ཡིན་ནམ་ཞུས་དུས། ཐེག་དམན་གྱི་ཆོས་བསྟན་ཡོད་ན་ཚེ་འདིར་སྒྲ་བཅོམ་པའི་གོ་འཕང་ཐོབ། ཐེག་དམན་གྱི་ཞི་བ་ལ་དབྱིངས་ཞུགས་ནས་ཐེག་ཆེན་གྱི་ལམ་དུའང་ཞུགས་མི་ཐུབ་པར་བསྐལ་པ་མང་པོ་འགོར་གི་རེད། ཁོས་ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་བཏབ་ནས་དམྱལ་བར་ལྷུང་བ་དེ་ཡིས་དམྱལ་བའི་སྡུག་བསྔལ་ཚ་ཐག་ཆོད་ཅིག་མྱངས་ནས། དེ་རྫོགས་ཏེ་མིར་སྐྱེས། བག་ཆགས་ཀྱི་དབང་གིས་ཐེག་པ་ཆེན་པོའི་ཆོས་བྱས་ནས། ཐེག་དམན་དགྲ་བཅོམ་ཞི་བའི་དབྱིངས་ལས་མ་ལྡང་སྔོན་ལ་ཁོར་སངས་རྒྱས་ཀྱི་གོ་འཕང་ཐོབ་ཚར་བ་རེད། གསུངས་པ་རེད། ༽ ཅེས་ཐེག་པ་ཆེན་པོའི་ཆོས་ལ་སྐུར་བ་བཏབ་ནས་དམྱལ་བར་སྐྱེ་བ་དང་ཐེག་དམན་དགྲ་བཅོམ་ཐོབ་པ་གཉིས་ལས། དང་པོ་དེ་འཚང་རྒྱ་བའི་ཉེ་ལམ་ཡིན་པ་ནི་ཐེག་པ་ཆེན་པོ་བ་དག་གི་སྤྱི་སྐད་དུ་བཤད་འདུག་ན། ཁྱོད་ཀྱིས་དགག་ཁུལ་བྱེད་པ་དག་ནི་མཚན་ཉིད་རིག་པའི་གཞུང་སྐད་དུ་ལྟག་ཆོད་འབའ་ཞིག་དང་། གྲོང་སྐད་དུ། སྤྲང་པོའི་དབྱུག་པ་སྤྲང་པོའི་མགོ་གཅོག་ཏུ་གྱུར་མི་འདུག་གམ།
བཞི་པ། ཀུན་མཁྱེན་མཚོ་སྣ་བའི་ལུང་དྲངས་པ་ལྟག་ཆོད་དུ་ཐལ་བ།
རྒྱལ་བ་ཐམས་ཅད་མཁྱེན་པས། འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་རུང་བ་ཁུངས་སུ་མཛད་ནས་འཕྲིན་ལམ་ནས་དབང་ཞུ་རུང་བར་ལན་གྲངས་དུ་མར་བཀའ་སྩལ་པ་ལ། ཡི་མ་རངས་པར་སྐུ་འཁོར་ལས་བྱེད་ཚོ་ཆོས་ཅན་དུ་བཙུགས་ནས་ཚོགས་གཏམ་ཚོད་མེད་དུ་བཏང་བ་དེའང་ཁ་ཤོམ་ཙམ་དུ་ཟད་ཅིང་། གདན་ས་ཆེན་པོའི་ཆོས་གྲྭ་ཉུལ་མ་མྱོང་བའི་རྟགས་ཁོ་ནར་ཟད་དེ། ཁྱོད་ཀྱིས་བཙན་བརྗིད་གནམ་ལྕགས་ཐོག་གི་ཟླ་བོར་སྙམ་པའི་ཀུན་མཁྱེན་མཚོ་སྣ་བའི་ལུང་དེ། གདན་ས་ཆེན་པོའི་ཆོས་གྲྭའི་བཤད་རྒྱུན་ལ། ཡིག་ཆུང་དུ་ཡོད་པས་ཀུན་མཁྱེན་མཚོ་སྣ་བའི་གསུང་ཡིན་པར་ཁས་ལེན་མིན་ཅི་རིགས་སུ་ཡོད་པའང་མ་ཤེས་པར། བར་སྣང་ལ་ཕྱར་ནས་རྒྱུགས་སྟངས་འདི་ལས། ང་རང་ཁྱོད་ཀྱི་ཧོལ་རྒྱུགས་ལ་ཧ་ལས་པར་གྱུར་ཡོད། ཡང་ཁྱོད་ཀྱིས་གདན་ས་ཆེན་པོའི་ཆོས་གྲྭ་འགྲིམ་མྱོང་ཡོད་མདོག་གིས་”དེའང་ཆོས་རའི་ནང་། རིགས་འགྲེ་ན་སྤྲེའུ་མི་ལ་འགྱུར་ཞེས་པ་དེ་འདྲ་རེད།”ཅེས་ཉམས་བསྟན་འདུག་མོད། དགོད་བྲོ་བ་སྟེ། དེ་ནི་གྲྭ་ས་ཆེན་པོའི་ཆོས་གྲྭའི་བཤད་རྒྱུན་མ་རེད། དེ་ནི་”སྡེ་ཁ་རུ་ཉུལ་གི་གླུ་བ། སྡེ་ཁ་རུ་ཁ་སྟོད་ཉུལ་ནས། སྨན་མྱིང་ཆེན་སྤྲུགས་རབས་ཟེར་གི། ཕྱི་ན་ཟླར་ཕྱི་རྩར་བཅད་ན། །ཁྱོད་སྤྲུགས་པའི་མྱི་ཞིག་མི་འདུག །ཁྱོས་སྤྲུགས་ནོ་ནགས་ཀྱི་སྤྲེའུ་རེད། །སྤྲེའུར་རྔ་མ་ཡོད་ནོ་མ་གཏོགས། །མྱི་ཞིག་ལ་རིགས་ནས་འཆུག་འགྲོ། །”ཞེས་སོགས་ཀྱི་རྨོངས་གཞས་འདི་ལ་ལད་བྱས་པ་རེད། མཚན་ཉིད་པ་རིགས་བསྒྲེས་ཕོངས་ཞེས་པ་ཆོས་རའི་ནང་གི་བརྡ་སྐད་དུ་དྲངས་པར་འདོད་ན། “ཤེས་བྱ་ཐམས་ཅད་རིལ་རིལ་མིན”ཞེས་པ་དེ་རེད། འདི་ནི་དོན་དག་གང་ཡང་མིན་མོད། ཁྱོད་ཀྱིས་མདོ་སྔགས་གཞུང་ལུགས་ལ་ཐོས་པ་ཟབ་པའི་དགེ་བཤེས་རྣམས་རྩོད་ཡུལ་དུ་བཟུང་མེད་རབས་དང་། ཅིག་ཆོས་རའི་བཤད་རྒྱུན་ཡིན་ཞེས་གདན་སའི་གྲྭ་པ་ཞིག་ལ་རྫུ་ཐབས་སྣ་ཚོགས་བྱེད་ཀྱིན་པར་འགྲམ་ལྕག་ཅིག་གཞུས་པ་ཙམ་ཡིན།
ཀུན་མཁྱེན་མཚོ་སྣ་བས། ཡིག་ཆུང་དེའི་གོང་དེ་མ་ཐག་ལུང་གསུམ་བསྟུན་མར་དྲངས་པའི་ནང་། “དེ་བཞིན་དུ་ཡོན་ཏན་ཡོད་ན་དེང་སང་ཡང་ཕོ་ཉས་ཁྲིམས་དབོག་ཏུ་རུང་ངོ་”ཞེས་པ་འདི་དྲངས་ཡོད་པ་མཐོང་ཡོད་རྒྱུ་རེད། མཚོ་ཊཱིཀ་ནང་གི་ཡིག་ཆུང་ལས་ཁས་མི་ལེན་ཟེར་འདོད་པའང་ཡིན་རྒྱུ་མ་རེད། དེང་སང་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་མི་རུང་བའི་འདུལ་བ་གསར་བ་ཞིག་རྩོམ་རྩིས་ནི་ཡིན་རྒྱུ་མ་རེད། གལ་སྲིད་ཡིག་ཆུང་དེ་ཀུན་མཁྱེན་མཚོ་སྣ་བའི་དགོངས་པ་ཡིན་དུ་ཆུགས་ཀྱང་། འགལ་བ་ཅུང་ཟད་ཀྱང་མེད་དེ། དེང་སང་ཁྱིམ་བཀག་བཀའ་རྒྱའི་འོག་ཏུ་གནས་པ་དག་གི་ནང་དུའང་ཚེ་འདིར་མཐོང་ལམ་ཐོབ་རུང་གི་སྐྱེས་བུའི་གྲངས་ཚད་འཛིན་ཐུབ་མཁན་རེ་ཡོད་ན། བླ་མ་རྡོ་རྗེ་འཆང་ལྟ་བུ་དག་ལས་ཆོས་དྲེད་ལོག་པར་ལྟ་བ་ཅན་དག་ལ་གཞན་རྒྱུད་རྟོགས་པའི་ཤེས་རབ་མེད་པའི་ཕྱིར། ཡང་མཐོང་ལམ་ཐོབ་རུང་དང་མཐོང་ལམ་ཐོབ་ངེས་ཀྱི་ཁྱད་པར་རིགས་ལམ་ལ་དྲངས་ནས་དཔྱད་ན། སེམས་ཅན་ཡིན་ན་སངས་རྒྱ་རུང་ཡིན་པས་ཁྱབ་པ་ཡོད་པ་དེའང་མ་བརྗེད་པར་གྱིས་དང་། རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་འདག་པར་ཕན་པ་ཡིན།
ལྔ་པ། ཨ་ཁུ་ཤེས་རབ་རྒྱ་མཚོའི་ལུང་དྲངས་པ་ལྟག་ཆོད་དུ་ཐལ་བ།
ཡང་བསྟན་སྲུང་བ་ཅན་ནས། “དུས་ཕྱིས་ཨ་ཁུ་ཤེས་རབ་རྒྱམ་མཚོས། དེ་ནི་ལན་མ་ཐེབ་པ་ཡིན་པ་ལས། སུ་དང་གང་གིས་དམིགས་བསལ་གནང་བ་མེད་དོ་ཞེས་པའི་དཀའ་གནད་སྐོར་ཅིག་ཡོད་པ་ཡང་དྲན་དགོས་ལ།” ཞེས་ཁྲོམ་དབང་གནང་མི་རིགས་པའི་དཀའ་གནད་ཁག་ཅིག་ཡོད་པར་ཁ་འཕངས་ཡོད་ནའང་། ངའི་ཀློག་ཀླད་ནང་ཉར་བའི་ཨ་ཁུ་ཤེར་རྒྱམ་ཚང་གི་གསུང་འབུམ་ལ་མིག་ཤད་ཅིག་བྱས་དུས། གཤམ་གསལ་དག་རིམ་པར་མཐོང་།
དཔལ་གསང་བ་འདུས་པའི་རྫོགས་རིམ་རིམ་ལྔའི་དམར་ཁྲིད་ཀྱི་བརྗེད་བྱང་མི་བསྐྱོད་ཞལ་གྱི་བདུད་རྩི་ལས། “བྱམས་པ་རིན་པོ་ཆེར་ཟླ་བོ་ཞིག་གིས་ཁྱོད་ཀྱིས་གང་བྱེད་དྲིས་པས། ཁོ་བོས་དམ་བཅའ་ཅན་འཛིན་རྒྱུ་ཡིན་གསུངས། འོ་ན་བླ་མས་དམ་བཅའ་ཅན་བཟུང་ནས་བསླབ་བྱར་སློབ་མ་ནུས་ན་ངན་འགྲོར་སྐྱེ་གསུངས་པ་ལ་མི་སྐྲག་གམ་བྱས་པས། ཐོག་མེད་ནས་ད་བར་ངན་འགྲོར་གྲངས་མེད་སྐྱེས་ཀྱང་སེམས་བསྐྱེད་དམ་བཅའ་ཅན་བཟུང་ནས་སྐྱེས་པ་མིན། ད་རེས་སེམས་ལན་གཅིག་བསྐྱེད་རྒྱུ་བྱུང་བ་སྐལ་བ་བཟང་པོ་ཡིན་པས་བསླབ་བྱར་སློབ་མ་ནུས་པར་དམྱལ་བར་སྐྱེས་ཀྱང་ཐབས་མེད་པས་ཅིས་ཀྱང་འཛིན་དགོས་གསུངས། པཎ་ཆེན་དཔའ་ལྡན་ཡེ་ཤེས་དང་ཀློང་རྡོལ་བླ་མ་སོགས་ཀྱིས་དབང་ཐོབ་ནས་རྩ་ལྟུང་དང་བཅས་ཏེ་ཤི་ན་མནར་མེད་དུ་སྐྱེ་བར་ཐག་ཆོད། འོན་ཀྱང་ཐོག་མེད་ནས་མནར་མེད་རང་གི་སྡོད་གནས་ལྟ་བུར་སོང་བ་དབང་ཐོབ་པའི་རྐྱེན་གྱིས་མིན་པས་སངས་རྒྱས་ལས་ཀྱང་དཀོན་པའི་རྡོ་རྗེ་ཐེག་པ་དང་ལན་གཅིག་མཇལ་བའི་དུས་འདིར་དབང་ཅིས་ཀྱང་ཉན་དགོས་གསུངས་པ་ཡང་དེ་དང་འདྲ། ” ཞེས་དང་།
འདུས་པ་འཕགས་ལུགས་ལྷ་སོ་གཉིས་པའི་ལམ་རིམ་པ་དང་པོའི་ཁྲིད་དམིགས་ཀྱི་བརྗེད་བྱང་མི་བསྐྱོད་མགོན་པོའི་ཞལ་ལུང་ལས། ” དབང་རྣམ་དག་ནི་བླ་མའི་ཆོ་ག་ཕྱག་ལེན་མཐའ་དག་རྒྱུད་དོན་དང་འབྱོར་ཞིང་བརྒྱུད་པའི་ཕྱག་བཞེས་མ་ཉམས་པ་དང༌། སློབ་མའི་ཤེས་རྒྱུད་དག་པ། དབང་གྲལ་དུ་བསྡད་པ་ཙམ་གྱིས་མི་ཆོག་པར་དབང་དོན་བརྡ་སྤྲད་པ་རྣམས་ས་བོན་ཐེབས་ངེས་སུ་ངོ་འཕྲོད་པ་གལ་ཆེ། བླ་མ་གཅིག་གི་དྲུང་ནས་མི་ཉེར་ལྔས་ལྷན་ཅིག་ཉན་ན་ཡང་དབང་ཐོབ་ལུགས་མི་འདྲ་བ་དེ་སྙེད་འབྱུང་ཡང་རང་རང་གི་བློ་ཚོད་ཀྱི་དབང་ཐོབ་རྒྱུ་ཡོད་པས་སྔགས་ལ་འཇུག་པའི་ཐོག་མར་ཅི་ནས་ཀྱང་ཉན་པ་གལ་ཆེ། དེང་སང་ཟ་ཆོག་ཙམ་གྱི་ཆེད་དང་པོ་ནས་ཆོ་ག་མང་པོ་བསླབ་ནས་དེ་ལ་དབང་དང་བསྙེན་པ་དགོས་པའི་གཏམ་མེད། མི་བརྒྱ་སྟོང་ཚོགས་ནས་བསྐུར་ཀྱང་བུམ་ཆུ་ཙམ་ཐོབ་པ་ལ་དབང་དུ་གོ་བ་མང༌། ཐུའུ་བཀྭན་རིན་པོ་ཆེས། རྒྱུད་ལས་དབང་མ་ཐོབ་པའམ། ཐོབ་ཀྱང་བསྙེན་སོགས་དག་པར་མ་བྱས་པར་དཀྱིལ་འཁོར་གྱི་ལས་ལ་ཞུགས་ན་སྦོམ་པོ་འབྱུང༌། སྔགས་ཀྱི་སྦོམ་པོ་གཅིག་སོ་ཐར་གྱི་ཕམ་བཞི་ལས་ལྕི་ཞེས་གསུངས་འདུག ད་ལྟ་རྒྱུད་སྟོད་སྨད་སོགས་སྔགས་གྲྭ་རྣམས་སུ་དབང་དང་བསྙེན་པ་མ་སོང་བ་མང་བས་དེ་ཐམས་ཅད་ཚོགས་ནས་དཀྱིལ་འཁོར་སྒྲུབ་མཆོད། བདག་འཇུག སྦྱིན་སྲེག་སོགས་བྱས་པ་ལ་ཕན་ཡོན་དང་ཉེས་དམིགས་གང་ཡོངས་ཞེས་ལྕང་སྐྱ་ཐམས་ཅད་མཁྱེན་པ་ལ་ཞུས་པས། ཁོང་གི་ཞལ་ནས། རྒྱུད་སྟོད་སྨད་རྗེ་ཐམས་ཅད་མཁྱེན་པས་སྔགས་ཀྱི་བཀའ་བབས་ཡིན་པས་ཚོགས་མང་གིས་དེ་ལྟར་མཛད་པ་ལ་ཉེས་པ་མེད། རྒྱུད་སྟོད་སྨད་ཀྱི་གྲྭ་པ་ཡིན་ཀྱང་རང་རང་སོ་སོས་གཞན་དུ་དེ་ལྟར་བྱས་མི་ཆོག་གསུངས་པ་ངས་བལྟས་ན་དེ་ལྟར་ཡིན་པ་ལྟ་བུའང་འཆར། སྐབས་རེ་བསམ་ན་དེ་ལས་གཞན་གསུང་རྒྱུ་མ་རྙེད་པའང་ཡིན་ནམ་སྙམ་གསུངས། དེས་ན་ད་ལྟ་རང་ཚོད་ཀྱིས་དབང་ཐོབ་ནས་ཉམས་ལེན་བྱས་ཏེ་ཐུན་མོང་ལམ་སྦྱངས་ལ་མྱོང་བ་རྣལ་མ་རྙེད་ནས་བཤེས་གཉེན་མཚན་ལྡན་ལས་སྐུ་བཞིའི་ས་བོན་ཐེབས་ངེས་ཀྱི་དབང་སླར་ཡང་ཞུ་དགོས་པ་ཡིན། སྐུ་གོང་མ་སྲད་རྒྱུད་དུ་ཕེབས་དུས་ཁྱོད་ཀྱིས་སྔར་ཐོབ་པ་རྣམས་ཀྱིས་ཀྱང་དབང་གི་གོ་ཆོད་ཅེས་ཀུན་མཁྱེན་གོང་མ་ལྟ་བུ་ལའང་དབང་གི་གོ་ཆོད་མི་ཆོད་ཀྱི་དོགས་པ་མཛད་ན་གཞན་ལ་ལྟ་ཅི་སྨོས།” ཞེས་གསལ་འདུག་པས། བློ་ལྡན་རྣམས་ཀྱིས་ལྷོད་ལྷོད་གཟིགས་དང་ངེས་པ་འདྲེན་པས་རྒྱས་བཤད་དགོས་པར་མ་མཐོང་།
དྲུག་པ། གཞུང་ལུགས་ཀྱི་གནད་ངོ་སྤྲད་དེ་བག་ཡོད་པར་གདམས་པ།
ཧོབ་སྟེ་བལྟས་ན། གཞུང་དོན་དང་འབྲེལ་བའི་དོགས་སློང་ཞིག་ཏུ་སྣང་མོད། ཞིབ་ཀྱིས་བལྟས་ན། ཡར་བསྲེ་མར་བསྲེ་དང་ར་མགོ་ལུག་སྦྱར་བྱས་པ་ཞེ་གཅིག་ཏུ་ཟད་པས། ཞིབ་མོ་རྣམ་འཐག་གིས་མཐར་ཆགས་སུ་ཐལ་བའི་རྡུལ་དུ་གཏོང་བའི་དགོས་པ་མ་མཐོང་།
མདོར་ན། སྐབས་འདི་འབྲེལ་གྱི་རྩོད་པ་ནི་དྲ་ལམ་ནས་བླ་མ་ཐུགས་རྗེ་ཆེན་པོས་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་ན་སྔགས་ཀྱི་རྩ་ལྟུང་འབྱུང་མིན་ཡིན་ལ། དེ་ཡང་སྔགས་ཀྱི་རྩ་ལྟུང་བཅུ་བཞི་ལས། གསང་སྔགས་བསྟན་པར་མི་འོས་པ་ལ་སྟོན་པ་འགོག་པ་ལ་རྩ་སྟོང་གཉིས་པ་དང་། དྲུག་པ། བདུན་པ་བཅས་པས་དེ་གསུམ་གྱི་ངོ་སྤྲོད་ཅིག་བྱས་ན། ལོག་པར་ལྟ་བ་སོགས་ནག་པོ་བརྒྱ་སྟོང་ཁྲི་འབུམ་དུ་སྦྱར་ཡང་ཐལ་བར་གཏོང་བའི་རྡོ་རྗེ་ཟེགས་མའི་གཏན་ཚིགས་སུ་འགྱུར་བས། རྩ་ལྟུང་དེ་གསུམ་སོ་སོར་བཤད་པ་ལ།
དང་པོ་ནི། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་གསུངས་པ་ལྟར། རྩ་ལྟུང་གཉིས་པ་འདི་ཁམས་གསུམ་ཆོས་ཀྱི་རྒྱལ་བོ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་འགྲེལ་སྐབས། ༡ སངས་རྒྱས་ཀྱིས་གསུངས་པའི་སྡོམ་གསུམ་གང་རུང་གི་བཅས་པ་ཡིན་པ། ༢ དེ་ལ་ཤེས་བཞིན་དུ་འགལ་བར་བྱས་པ། ༣ ཁྱད་དུ་གསོད་འདོད་ཀྱི་ཀུན་སློང་ཡོད་པ་བཅས་ཁྱད་ཆོས་གསུམ་ལྡན་ཞིག་དགོས་པར་གསུངས་ཏེ། སྡོམ་གསུམ་གྱི་བཅས་པ་ལས་གཞན་པའི་ཆོས་ལ་ཁྱད་དུ་གསད་པ་དང་། མ་ཤེས་པར་ཁྱད་དུ་གསད་པ་རྣམས་ནི་ཡན་ལག་མ་ཚང་བའི་ལྟུང་བར་བཤད་པ་ནི་ལེགས་པར་བཤད་པ་ཡིན་ཏེ། ཚིག་རིས་ཙམ་བཟུང་ནས་”རྩ་ལྟུང་རྩ་ལྟུང་”ཞེས་འུར་བ་རྣམས་ནི། སྡོམ་པ་དེའི་རྩ་ལྟུང་ལ་སྡོམ་པ་དེ་ལ་ལྟོས་ཏེ་ནམ་ཡང་གནང་བ་འབྱུང་མི་སྲིད་པ་ཙམ་ཡང་མ་ཤེས་པའི་མུན་འུར་འབའ་ཞིག་གོ །
གཉིས་པ་ནི། རྩ་ལྟུང་དྲུག་པ་ནི། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །ཞེས་པའི་སྐབས་འདིར་ཡང་། རྗེ་ཐམས་ཅད་མཁྱེན་པས། རྩ་ལྟུང་དཀའ་འགྲེལ་ལས། རང་གི་གྲུབ་པའི་མཐའ་གསང་སྔགས་དང་གཞན་གྱི་གྲུབ་པའི་མཐའ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ། ཞེས་གསུངས་པ་ལྟར་ཐེག་པ་གསུམ་གྱི་ཆོས་སྤོང་བ་ལ་ཡན་ལག་ཐུན་མོང་བ་རྣམས་ཚང་བ་ན་རྩ་ལྟུང་དྲུག་པར་གསུངས་པ་ལས། མུ་སྟེགས་ཅན་ལ་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །ཞེས་པ་ལྟ་བུའི་ཚིག་ཟིན་ལ་འཇུས་ནས་མུ་སྟེགས་ཅན་ལ་སྐྱོན་གདགས་འདོད་ཀྱིས་སྨད་ན་ཉེས་པ་འབྱུང་ཡང་རྩ་ལྟུང་དུ་བཤད་ན་མི་བདེ་བར་གསུངས་པ་དང་། བྱང་ས་ལས། ལས་དང་པོ་བ་གསུང་རབ་མཐའ་དག་ལ་མོས་པ་སྐྱེ་དཀའ་བས། མོས་པ་མ་སྐྱེས་ཀྱང་སྐུར་བ་མི་འདེབས་ན་ཉེས་པ་མེད་པར་གསུངས་པ་སོགས་གཞུང་གུང་བསྒྲིགས་ནས། ངང་བས་ཆུ་ལས་འོ་མ་ལེན་པ་ལྟར་གནད་ཀྱི་དོན་པོར་འཇུ་དགོས་པ་ལས། ཁ་ཆེ་སྣ་ཉག་ཡོད་ཚད་བསྟན་ནས་འདི་ནི་སེང་གེའོ་ཞེས་མཁས་པ་དགོད་བྲོ་བའི་ལས་སུ་མ་འཇུག་རོགས།
གསུམ་པ་ནི། རྩ་ལྟུང་བདུན་པ་ནི། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་པའི་སྐབས་སུ། ༡ དབང་བསྐུར་ནས་སྨིན་པར་མ་བྱས་པ། ༢ གསང་བ་བསྒྲགས་པ་ལ་མ་དད་པ་སྐྱེ་བ། ༣ དེ་ལ་དེར་འདུ་ཤེས་པ། ༤ ཐུན་མོང་མ་ཡིན་པའི་གསང་བ་བསྒྲགས་པ། ༥ དེ་གོ་བ། ༦ གཞན་འདུལ་བའི་དགོས་པ་ཆེན་པོ་དང་མི་ལྡན་པའི་ཆོས་དྲུག་ཚང་བའི་སྒོ་ནས། སྟོང་བ་ཉིད་དང་བཅས་པའི་སྔགས་ཀྱི་གསང་བ་སྒྲོག་པ་རྩ་སྟོང་བདུན་པར་གསུངས་པ་ལས། དད་པ་མེད་པ་དག་གིས་གསང་སྔགས་ཐོས་པ་ཙམ་ནི་གསང་སྒྲོག་གི་རྩ་ལྟུང་ག་ལ་ཡིན། རྗེ་ཐམས་ཅད་མཁྱེན་པས། དབང་མ་བསྐུར་ཡང་དཀྱིལ་འཁོར་དུ་གཞུག་པར་རུང་བ་ནི། དེ་ལ་གནང་བའི་ལས་ཡིན་པས་གསང་སྒྲོག་གི་ཉེས་པ་མེད་དེ། འདི་འདྲའི་རིགས་འདུལ་བ་ལའང་འགའ་རེ་ཡོད་དོ། །མཚན་ཉིད་ཐེག་པའི་ཆོས་སྣོད་དུ་མི་རུང་བ་ལ་བྱིན་ན་འདིའི་རྩ་ལྟུང་དུ་མི་འགྱུར་ཡང་ཡན་ལག་མ་ཚང་བའི་ཉེས་པར་འགྱུར་རོ། །ཞེས་བློ་བཟང་གྲགས་པའི་དཔལ་གྱིས་གསལ་བར་མཛད་པ་ནན་གྱིས་སློབ་པར་མཛོད།
དབང་གནང་བ་ལ་ངེས་པར་དུ་རྫས་ཚང་མི་དགོས་པར་ཐལ་བ་དང་། དཀྱིལ་འཁོར་ལའང་བསམ་གཏན་གྱི་དཀྱིལ་འཁོར་གྱིས་འགྲིག་པར་ཐལ་བ་སོགས་བཤད་ནས། བརླིང་མདོག་བསྟན་འདུག་ནའང་། སྟ་གོན་དང་དངོས་གཞིའི་བར་དུ་ཞག་གིས་ཆོད་མ་ཆོད་ཀྱིས་རྫས་ཀྱི་རྣམ་གྲངས་ལའང་ཁྱད་པར་ཡོད་པ་དང་། བསམ་གཏན་གྱི་དཀྱིལ་འཁོར་ཁོ་ནས་འཐུས་པའང་ཡོད་པ་སོགས་ཀྱི་རྣམ་གཞག་དགར་མ་ཤེས་པར། སྤྱི་ཁྱབ་དང་སྒོས་ཁྱབ་གཉིས་ཀྱི་སྲན་ཉོག་ཚྭ་མེད་ཅིག་གཡོས་ནས་དགེ་བཤེས་རྣམ་པས་བཞེས་རན་མེད་ཀྱང་མི་སྐྱ་ཚོར་འཇུ་བའི་ཕོ་སྟོབས་ཞན་རབས་བཤད་འདུག་ནའང་། ཟ་བའི་ཡི་ག་མེད་ཅེས་སྨྲ་ན་བདེན་ཚོད་ལས་འཇུ་བའི་ཕོ་བ་མེད་ཅེས་འུར་ན། དམ་བཅའ་རྩ་བ་ནས་ཉམས་པར་འགྱུར་ཏ་རེ།
སྤྱིར་ན་གཞུང་དོན་གང་དང་གང་ལ་མཚན་ཉིད་རིག་པའི་ལམ་ནས་བརྡར་ཤ་གཅོད་དུས། ལུང་གི་ཚིག་ཟིན་མི་གཙོ་བར་དོན་གྱི་གོ་བབ་དང་། དྲང་ངེས་ཀྱི་རྣམ་གཞག་གཙོ་བ་ནི་བོད་ཀྱི་མཚན་ཉིད་རིག་པའི་སྤྱི་འགྲོས་སུ་ངེས་པར་བྱེད་རྒྱུའང་བསྟན་སྲུང་བ་ཅན་ནས་གོ་བར་གྱིས་ཤིག
བདུན་པ། གསར་གཏོད་ཀྱི་མཛད་འཕྲིན་ལ་ཡི་རངས་པ།
སྔོན་གྱི་སྐྱེས་བུ་དམ་པ་རྣམས་ཀྱི་རྣམ་ཐར་མཇལ་ན། གསང་སྔགས་ཀྱི་སྐོར་ལ་ཡངས་དོག་གཉིས་ཀྱི་འཕྲིན་ལས་སྤེལ་བའི་རྣམ་ཐར་མཇལ་རྒྱུ་ཡོད་ལ། དེ་ཡང་བསྟན་པ་དང་འགྲོ་བའི་དོན་ཞེ་གཅིག་ལས་གཞུང་ཚིག་རེའི་ཚིག་ཟིན་ལ་འཇུས་པ་དང་། སྤྱི་ཁྱབ་དང་སྒོས་ཁྱབ་ཀྱི་རྣམ་གཞག་མ་ཕྱེ་བ་སོགས་ཀྱི་དགོས་པ་དང་རྒྱུ་མཚན་གཞན་མ་མཐོང་ལ། ད་རེ་རྒྱལ་བ་དོན་གྱི་བདག་པོས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་བ་ནི། བསྟན་པ་དང་འགྲོ་བའི་དོན་ཆེན་བསྒྲུབ་པར་དགོས་པ་དང་རྒྱུ་མཚན་རྒྱ་ཆེན་ལྡན་པའི་གསར་གཏོད་ཅིག་ཡིན་པ་ལ། ཚད་མའི་ལམ་ནས་ངེས་པ་རྙེད་དེ་ཡི་རངས་སྟོང་ཕྲག་གི་སེམས་བྱུང་འཕྱུར་ཐལ་བརྒལ་བའི་ཚུལ་དུ། རྩོམ་ཡིག་འདི་ཆེད་དུ་ལུང་རིགས་ཀྱི་སྒྲུབ་བྱེད་དང་མཚན་ཉིད་པའི་ཁ་ཤོམ་ལ་སྦྱར་ནས་ལན་དུ་མངགས་པ་ཡིན། ཁོ་བོས་ཉིན་ཤས་སྔོན་ཡང་འདི་འབྲེལ་གྱི་རྩོམ་ཡིག་ཅིག་བྲིས་ལ། དེ་རུའང་དོན་དག་དང་དགག་ཡུལ་དངོས་ལ་ལུང་རིགས་ཀྱི་རྒྱུ་མཚན་བཀོད་པ་ལས། ལས་ངན་བསགས་པ་པོ་གང་གི་མི་གཞི་དང་ཕྱོགས་ཁག ཆོས་བརྒྱུད། ལོ་རྒྱུས་སོགས་བསྔོགས་ནས་ཚིག་ངན་ཅི་ཡང་ཐལ་མེད། ཐེངས་འདིར་ཡང་དེ་ལྟར་ཡིན་ལ། མ་འོངས་པར་ཡང་དེ་ལྟར་ཡིན།
སངས་རྒྱས་དངོས་ས་སྟེང་དུ་ཕེབས་ཡོད་ནའང་། སྲིད་གཞུང་ངན་པའི་གདུག་རྩུབ་དང་། ནད་ཡམས་ཀྱི་བཀག་རྒྱ། མི་སྒེར་གྱི་ལྟོ་དོན་སོགས་འཁོར་བའི་ལས་དོན་ཆེ་ཕྲ་ཆུང་གསུམ་གྱི་དབང་གིས། བླ་མ་རྡོ་རྗེ་འཆང་ལས་དབང་དངོས་སུ་ཞུ་བ་ལྟ་ཅི། ཞལ་མཇལ་གསུང་ཐོས་ཀྱི་སྐལ་བའང་ཆད་པར་གྱུར་བ་རྣམས་ལ། སངས་རྒྱས་ལས་ཀྱང་ལྷག་པའི་བཀའ་དྲིན་ཆེ་བའི་བླ་མ་རྡོ་རྗེ་འཆང་གིས། དྲ་ལམ་བརྒྱུད་སངས་རྒྱས་ལས་ཀྱང་ལྷག་པའི་རྡོ་རྗེ་ཐེག་པའི་ཆོས་ཟབ་མོའི་བཀའ་དབང་གནང་ཞིང་། རང་གཞན་གྱི་དོན་བྱེད་པའི་མཐུན་རྐྱེན་སྤྱན་དང་མངོན་ཤེས་ཀྱི་དྲི་ཙམ་ཡང་མི་བྲོ་བའི་ངེད་ཅག་ལ། དེང་རབས་རྫས་ཀྱི་མཐུས་བཀའ་དབང་ཞུ་བའི་སྐལ་བཟང་གི་ཉི་མ་འོད་ཀྱིས་ཤར་བ་ནི། ཅི་འདྲའི་བསོད་ནམས་ཆེ་བ་ལ་སྙམ་སྟེ། ཁྱིམ་བཀག་བཀའ་རྒྱའི་འོག་གི་ཁང་སྤྱིལ་ཆུང་ངུར་དགའ་བའི་ཅ་ཅོ་དང་བཅས། བླ་མ་རྡོ་རྗེ་འཆང་དབང་སྐུ་ཚེ་མི་ཤིགས་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས་དྲག་པོ་དང་བཅས་ཏེ་བྲིས་པ་ཡིན།
སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་ཞིང་། །
བླང་དོར་ལོག་པར་འཕྱན་པའི་འགྲོ་རྣམས་ཀྱང་། །
ཐབས་ལ་མཁས་པས་ཐེག་ཆེན་སྒོར་འཁྲིད་པ། །
བླ་མ་རྡོ་རྗེ་འཆང་དབང་ཞབས་བརྟན་ཤོག །
བོན་རྒྱ་བ་བསྟན་འཛིན་རབ་རྒྱས་ཀྱིས་ནུབ་ཕྱོགས་ཡུ་རོབ་གླིང་གི་ཧྥ་རན་སིའི་རྒྱལ་ས་ཕ་རེ་སིར། སྤྱི་ལོ་ ༢༠༢༠ ཟླ་ ༠༦ ཚེས་ ༠༣ ཉིན།