བོན་རྒྱ་བསྟན་འཛིན་རབ་རྒྱས།༼ ཤེད་བུ། ༽
དང་པོ། འཕྲིན་ལམ་ནས་དབང་བསྐུར་ཆོག་གམ།
སྐྱབས་མགོན་རྒྱལ་བའི་དབང་པོ་ནི། རྣམ་གཞག་གང་ཞིག་ལ་འཕྲད་ཀྱང་དྲི་མ་མེད་པའི་རིགས་པ་ཡང་དག་གིས་རྣམ་པར་འབྱེད་མཁན་ཞིག་ཡིན་ནའང་། ཆོས་འདུལ་བ་ལ་ཐུག་དུས་དབང་ཚད་ལྟ་ཅི་རིགས་པས་ཀྱང་ཐག་གཅོད་མི་གནང་བར་བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་ཉིད་ཀྱི་ལུང་ཚད་མར་གཞི་འཛིན་མཁན་ཞིག་ཡིན་པ་ནི། དགེ་བཤེས་མའི་ལམ་སྲོལ་གསར་གཏོད་གནང་། དགེ་སློང་མའི་སྡོམ་རྒྱུན་སླར་གསོ་མ་གནང་བ་གཅིག་པུ་ལས་ཀྱང་ཧ་ཅང་ཤིན་ཏུ་གསལ་བས། བླུན་པོའི་ཆོ་ངེས་ལོག་པར་སྒྲུབ་ནུས་པ་ཞིག་ག་ལ་ཡིན། དེ་ཡང་རྒྱལ་བ་ཡིད་བཞིན་ནོར་བུའི་གསེར་ཞལ་རྡོ་རྗེ་རང་སྒྲ་ལས། “གལ་སྲིད་སྟོན་པ་ཤཱཀྱ་ཐུབ་པ་ཞལ་བཞུགས་ཡོད་ན། ཁོང་གིས་དེ་ལ་བཀའ་འཁྲོལ་གནང་རྒྱུ་ཡིན་པ་ངེས་པ་རེད། འོན་ཀྱང་། ངས་སངས་རྒྱས་ཀྱི་ཚབ་བྱེད་མི་ཐུབ།” ཅེས་དང་།” བཙུན་མ་ཚོས་ལོ་ཉི་ཤུའི་རིང་དཔེ་ཆ་བལྟས་ནས་གཞུང་ཆེན་གྱི་སྦྱངས་པ་ཚད་ལོངས་པ་བྱུང་སྟེ་དགེ་བཤེས་མའི་ལག་འཁྱེར་སྤྲད་པ་ཡིན། འདི་ངོས་ཀྱིས་ཐག་བཅད་དེ་བྱེད་ཐུབ་པ་ཞིག་རེད། དགེ་སློང་མ་དེ་འདུལ་བའི་གཞུང་དང་མཐུན་པ་བྱས་ཏེ། རིས་སུ་མ་ཆད་པའི་འདུལ་བ་འཛིན་པ་ཚོའི་དགོངས་པ་མཉམ་པ་ཞིག་བྱུང་ན་ཡག་པོ་རེད།” ཅེས་གསུངས་པ་ལྟར་ལགས་མོད། དེའང་འགའ་རེས་བུད་མེད་ཀྱི་ཐོབ་ཐང་དང་ཆོས་བརྒྱུད་རིས་མེད་ལ་མཉམ་བསྲེས་བྱས་ནས་བཤད་མྱོང་། དོན་ངོ་མར་བཤད་ན། འདི་དག་ལ་ནད་ཅི་ཞིག་ཡོད་དམ། འདི་དག་གིས་ཀྱང་རྒྱ་ནག་བཞིན་བཀྲ་ཤིས་སྣ་ནག་མ་ཞིག་ལ་རེ་སྒུག་བྱེད་ཀྱིན་ཡོད་དམ།
རྒྱལ་བ་ཡིད་བཞིན་ནོར་བུས་ལོ་ཤས་གོང་ལ་འཕྲིན་ལམ་ནས་དབང་ཞུས་ན་དབང་ཐོབ་པའི་བཀའ་གནང་ཡོད། དེའང་འཕྲིན་ལམ་གྱི་གསུང་དེ་རྣ་ལ་ཐོས་ཙམ་གྱི་མི་ཐམས་ཅད་ལ་ཐོབ་ཅེས་གསུངས་མེད་པར། ཆ་རྐྱེན་གསུམ་གྱི་སྒོ་ནས་ཐོབ་པར་གསུངས་ཡོད། ཆ་རྐྱེན་གསུམ་ནི། བླ་མས་དམིགས་འོག་ཏུ་འཇུག་པ། སློབ་མར་དབང་ཞུ་འདོད་ཀྱི་དད་པ་དང་དམ་ཚིག་གཡོ་བ་མེད་པ། གནས་ཚུལ་གྱི་རྐྱེན་གྱིས་བླ་མའི་མདུན་དུ་བཅར་མི་ཐུབ་པ་བཅས་ཀྱི་ཁྱད་ཆོས་གསུམ་ལྡན་ཡིན་ན། སྔགས་བླ་མེད་དུས་འཁོར་དབང་ཆེན་ལྟ་བུ་ཡིན་ཡང་ཐོབ་པར་གསུངས་ཡོད། དེ་ཡང་རྒྱལ་བ་ཡིད་བཞིན་ནོར་བུའི་གསེར་ཞལ་རྡོ་རྗེའི་རང་སྒྲ་ལས། “དེང་སྐབས་རྒྱ་ནག་གིས་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། ཁྱེད་རང་ཚོ་འགའ་ཞིག་རྡོར་གདན་དུ་ཉིན་ཤས་བསྡད་ནས་བོད་དུ་ཕྱིར་ལོག་བྱེད་དགོས་པ་ཆགས་ཡོད། འོན་ཀྱང་ཁྱད་པར་མེད། དུས་འཁོར་དབང་ཆེན་བོད་ཟླ་ ༡༡ པའི་ཚེས་ ༡༣། ༡༤། ༡༥ བཅས་ལ་འཁེལ་གྱི་ཡོད། སྐབས་དེར་ངོས་ནས་བོད་ནང་གི་བོད་མི་དད་པ་དང་དམ་ཚིག་གཡོ་བ་མེད་པར་ཡོད་པ་རྣམས་ངོས་ཀྱིས་དབང་གི་དམིགས་འོག་ཏུ་བཅུག་ནས་སྨོན་ལམ་རྒྱག་གི་ཡིན། ཁྱེད་རང་ཚོར་དབང་ཐོབ་ཀི་རེད། བློ་བདེ་པོ་བྱས་ནས་སྡོད། ” ཅེས་གསུངས་ཡོད།
གོང་གི་བཀའ་སློབ་དེར་གཟིགས་དང་། ངས་གོང་དུ་བགྲངས་པའི་དོན་ཚན་གསུམ་བཀའ་སློབ་ཀྱི་ཚིག་ཟིན་དུ་ཡོད་པ་ཡིན། སྤྱི་ལོ་ ༢༠༡༦ དང་ ༢༠༡༧ བར་ངས་འདི་འབྲེལ་གྱི་བཀའ་སློབ་གསུམ་མཇལ་མྱོང་ལ་གསུམ་གར་དོན་ཚན་དེ་གསུམ་གྱི་སྒོ་ནས་གསུང་གིན་འདུག དེ་འདྲའི་ཁྱད་ཆོས་གསུམ་དང་ལྡན་ན་དབང་ཐོབ་པར་གསུངས་པ་མ་ཟད། འཕྲིན་ལམ་ནས་དབང་བསྐུར་ཆོག་པའང་ཆོས་འདུལ་བའི་གཞུང་དུ་འཕྲིན་གྱི་སྒོ་ནས་བསྙེན་པར་རྫོགས་པ་ཡོད་པ་ལ་ཁུངས་གཏུགས་ནས་གསུངས་པ་ལས་འོལ་ཚོད་དང་དབང་ཚད་བེད་སྤྱད་ཀྱི་མེད་པ་ཤེས་གསལ་ལྟར་ལགས་ན། བསམ་བཞིན་དུ་མངོན་སུམ་ལ་བསྙོན་ནས་ཐོ་འཚམ་པ་འདི་འདྲ་རིག་པ་རང་བཞིན་ལ་གནས་པའི་མི་སུ་ཞིག་གིས་བྱེད་ཨང་།
སང་ཉིན་གྱི་(ཚེས་ ༢༩ དང་ ༣༠)ཐུགས་རྗེ་ཆེན་པོའི་བཀའ་དབང་ནི། སྔགས་བླ་མེད་ཀྱི་ཆར་གཏོགས་ཀྱང་མིན་པས། ཁྲོམ་དབང་གནང་བ་ལ་བླུན་པོ་ཚོས་ཆོ་ངེའི་ལྷན་པ་དེ་དག་སྦྱོར་ཐབས་མེད་ལ། སྦྱར་ཡང་གོང་གསལ་གྱི་ཁྱད་ཆོས་གསུམ་ལྡན་དག་ལས་ཆོས་སྒྲ་རྣ་ལ་བརྒྱུད་ཙམ་གྱི་མི་ཡོད་དོ་ཅོག་ལ་དབང་ཐོབ་པར་ནི་གསུངས་མེད་པས། བླུན་པོ་སྨྲ་བ་ཉུང་ན་མཛེས་ཞེས་པ་ནི་ཇི་འདྲའི་ལེགས་པར་བཤད་པའི་སྡོམ་ཚིག་ཅིག་རེེད་ཨང་། སྔགས་བླ་མེད་ཁྲོམ་དབང་གནང་སྲོལ་ནི་བོད་ཀྱི་སྤྱི་ཚོགས་སུ་གནའ་སྔ་མོ་ནས་དར་ཆེ་བ་ཞིག་ཡིན་པས། གློ་བུར་དུ་གཉིད་སད་པ་བཞིན་ཧ་ལས་ལས་དང་། ཚིག་ངན་གྱི་ཁ་རླངས་སྐྱ་ཆིལ་ཆིལ་བྱེད་པ་ནི་དགོས་པ་ཅིའི་ཕྱིར། དགག་བྱ་ཅི་ཡོད། དངོས་ལ་གནོད་བྱེད་གང་ཡོད། འཛམ་གླིང་ཐེམ་སྤང་བཀའ་རྒྱ་ལ་གནས་པའི་སྐབས་འདིར་ཡང་ས་སྐྱ་གོང་མ་རིན་པོ་ཆེས་ས་སྐྱ་ནད་གྲོལ་མའི་ལུང་གནང་། རྒྱལ་བ་ཀརྨ་པ་དང་ཆོས་རྒྱལ་རིས་མེད་ཀྱི་བླ་མ་མཁན་པོ་དག་གིས་ཐད་གཏོང་བརྒྱུད་སྨོན་ལམ་བཏོན། གསང་སྔགས་བགྲངས་ཀྱིན་པ་བཅས་པ་ཚང་མས་བསྟན་པ་བཤིག་གིན་ཡོད་དམ། བོད་ཀྱི་ཆོས་བརྒྱུད་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་ཐམས་ཅད་ཀྱིས་བསྟན་པ་བཤིགས། ཀརྨ་དགེ་ལེགས་དང་ཨོ་རྒྱན་སྟོབས་རྒྱལ་གཉིས་ཁོ་ནས་བསྟན་པ་འཛིན་གྱིན་ཡོད་དམ། དགོད་བྲོ་བ་ལ། ཕལ་ཆེར་བསྟན་པ་དེ་གུང་ཁྲན་ཏང་གི་བསྟན་པ་ཡིན་སྲིད།
ཉི་ཟླ་སྐར་གསུམ་ས་ལ་ལྷུང་གྱུར་ཀྱང་།། ཁྱེད་ནི་མི་བདེན་པ་ཡི་ཚིག་མི་གསུངས།། ཞེས་གསུངས་པ་ལྟར་རྒྱལ་བ་ཡིད་བཞིན་ནོར་བུ་ནི་མཛད་པའི་ཆ་ཕྲ་མོ་རེའང་རིགས་པ་བརྒྱ་ཕྲག་གི་ལམ་ནས་གཏན་ལ་ཕབ་ཅིང་དེ་ཉིད་མངོན་སུམ་དུ་གཟིགས་པའི་ཡེ་ཤེས་ཀྱི་གཞལ་བྱ་ཉིད་ལས་མ་རྟོགས་པ་དང་ལོག་པར་རྟོག་པས་བསྟན་པ་དང་འགྲོ་བ་ལ་རྨོངས་ལས་མི་བྱེད་པས་ན། ས་སྟེང་རྒྱལ་བསྟན་ཡོངས་ཀྱི་མངའ་བདག་ཏུ་གྱུར་ཅིང་བསྟན་པ་འདི་ལ་སྟོན་པ་གཉིས་པའི་འཕྲིན་ལས་དཀར་འཇམ་ཡུག་གཅིག་གིས་ཁྱབ་པར་མཛད་པ་ཡིན་ནོ། །དེའི་ཕྱིར། རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་གསུང་ཐུགས་ཀྱི་མཛད་པ་ཡོད་ཚད་བློ་ཡིས་ག་ལ་ལྕིགས་གཏན་ནས་ལྕིགས་མི་སྲིད་ཀྱང་། གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ན། བསྟན་པ་མི་བཤིག་པའི་ལུང་དང་རིགས་པ་ནི་བླུན་པོ་ང་ལའང་ཞོ་ཆགས་ཆགས་དང་། འོ་མ་འཕྱུར་འཕྱུར་གྱི་ཚུལ་དུ་ཡོད་མོད་དགེ་བཤེས་ཁ་ཤས་ཀྱིས་གཞུང་དང་གཞུང་གཏུགས་ནས་གསུངས་ཡོད་པས་གནས་སྐབས་སུ་འདི་ཙམ་གྱིས་འཐུས་པར་བྱེད།
སངས་རྒྱས་གྲངས་མེད་བྱོན་པའི་མ་ཐུལ་བའི།། མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་ལ།། ཞེས་གསུངས་པ་ལྟར། མ་རིག་པའི་མུན་པ་སྟུག་པོའི་སྨག་གནག་པ། དུག་གསུམ་གྱི་གཅན་གཟན་དྲེད་པོའི་གདུག་པ་ཆེ་བ། སྨོན་ལམ་ལོག་པའི་རྒྱུ་ཚོགས་གྲངས་ཚང་གི་མི་འདི་དག་ལ་ནི་ལུང་དང་རིགས་པས་གདུལ་ནུས་པ་ཞིག་མིན་པར་དམིགས་པ་མེད་པའི་སྙིང་རྗེའི་ཡུལ་ཙམ་ལས་བྱ་རྒྱུ་བྱེད་རྒྱུ་གཞན་དུ་མེད་ཀྱང་། རྒྱལ་དབང་བཅུ་གསུམ་པ་ཆེན་པོའི་ཞལ་གདམས་ཡིད་ལ་དྲན་ན། ཡང་འདི་དག་གིས་ཅི་ཞིག་བྱེད་ཨང་སྙམ་པའི་ཅི་བྱ་གཏོལ་བྲལ་དང་སྐྲག་སྣང་མཉམ་དུ་ལངས་ཀྱིན་འདུག་པས། རྒྱལ་བ་ཐམས་ཅད་མཁྱེན་པར་གདུང་ཤུགས་དྲག་པོས་གསོལ་འདེབས་ཀྱིས་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་བཞིན། དཔལ་ལྡན་བླ་མའི་སྐུ་ལ་བདོ་བ་དག་གི་སྙིང་ཁྲག་དགུང་དུ་མཆོད་པའི་གསེར་སྨྱུག་མཚོན་གྱི་འཁོར་ལོ་ཅི་འདོད་དུ་བསྐོར་རྒྱུ་ནི། ང་རྒོད་པོ་ཤེད་ཀྱི་བུ་ལ་གནམ་གྱིས་གནང་བའི་བཀའ་ལུང་ངོ་།།
གཉིས་པ། ལོག་བཤད་དང་གསལ་བཤད་ལ་དབྱེ་ཞིབ།
ཨོ་རྒྱན་སྟོབས་རྒྱལ་ཞེས་པས་ལོག་བཤད་དེ་སྤེལ་རྗེས། ཁོ་རང་གིས་དགོངས་སེལ་གྱི་སྒྲ་ཞིག་ཀྱང་སྤེལ་སོང་། ཨོ་རྒྱན་སྟོབས་རྒྱལ་གྱིས་ལོག་བཤད་རྒྱག་སྐབས། རྒྱལ་བ་ཐམས་ཅད་མཁྱེན་པའི་མཚན་ལ་ཏཱ་ལའི་བླ་མ་ཞེས་པ་འདི་བེད་སྤྱོད་གཏོང་ཞོར་སང་ཉིན་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་གནང་གཏན་འཁེལ་བ་དེ་བསྟན་བཤིག་རེད་ཅེས་བཤད་ཡོད། དེ་ནི་རྨོངས་པས་དབང་གིས་ཐལ་བ་ཞིག་དང་སྔགས་བླ་མེད་ཀྱི་གདུལ་བྱ་ངོས་འཛིན་གྱི་ཚད་གཞི་འགའ་རེ་ཤེས་པ་རྣམས་གཞི་བཅོལ་ནས་བཤད་ཀྱིན་པ་ཞིག་ཡིན་ན། ང་ཚོས་བདེན་ལུགས་ར་སྤྲད་འོས་པ་ཞིག་རེད་ལ། སྤྲད་ཀྱང་ཆོག་མོད། དེ་ལྟ་མིན་པར་ཚིག་རིས་བེད་སྤྱོད་གཏོད་སྟངས་ཚུན་ཆད་ནས་དམིགས་ཡུལ་དང་འཆར་གཞི་ལྡན་པའི་སྒོ་ནས་རྒྱལ་བ་ཐམས་ཅད་མཁྱེན་པར་ཐོ་འཚམ། ཁོང་གི་གདུལ་བྱར་གྱུར་པའི་ནང་པ་མཐའ་དག་གི་སྙིང་ལ་བསྙབས། ཆོས་བརྒྱུད་ནང་དཀྲུག་གི་རུ་རྟ་བརྒྱབ་ཡོད་པས། བསྟན་པ་བཤིག་བྱེད་ཀྱི་སྟ་རེ་ཞིག་ཡོད་ན། འདི་ནི་སྟ་རེ་དེའོ་ཞེས་མགྲིན་པ་སྤྲིན་མཚམས་སུ་བསྲིངས་པར་འདོད་དོ། །
དེ་ལྟའི་འཆར་གཞི་དང་དམིགས་ཡུལ་ལྡན་པ་ཁོའི་དགོངས་སེལ་ལམ་གསལ་བཤད་ཀྱི་སྒྲ་དེ་ལས་གསལ་བོར་གྱུར་ཡོད། དགོངས་སེལ་ལ་དགོངས་དག་རང་ཞུས་ན་འགྲིག་ལ་ལོག་རྟོག་ཡོང་གཞི་ལའང་ཁོ་རང་གིས་བལྟས་མྱོང་བའི་གཞུང་ལས་གསལ་བཤད་བྱས་ན་འགྲིག་མོད། དེ་ལྟ་མིན་པར། ཁོ་ནི་དབང་ཆུང་བ་དང་ཅིག་ཅིག་ཉིག་ཉིག་གི་ཐོབ་ཐང་མེད་རབས་ཀྱི་ཆོ་ངེ་དང་མཉམ་དུ། རྒྱལ་བ་རིན་པོ་ཆེ་ལ་དབང་ཆེ་རབས་ཀྱི་ངུ་སྐད་དང་སྦྲགས། བསད་རྡུང་ག་རེ་བྱས་ན་བསྟན་པ་རིན་པོ་ཆེ་ཁུར་བླངས་པ་ཡིན་རབས་ཀྱི་དཔའ་གཏམ་འཐེན་པ་ནི་ཇི་འདྲའི་ཆ་ཁ་ཡ་རྡེབ་ཅིག་དང་ཇི་འདྲའི་སྙིང་ལ་གཟན་པ་ཞིག་རེད་ཨང་། རྒྱལ་བ་ཐམས་ཅད་མཁྱེན་པའི་ཡེ་ཤེས་དབྱིངས་དཔྱད་ཀྱི་ལམ་སྟོན་ཉག་གཅིག་གི་དབང་གིས། བཙན་བྱོལ་བ་རྣམས་འུ་ཐུག་ཀྱང་འཚེ་བ་མི་བྱེད་པ་ཧ་གོ་སྟེ། སྡར་མས་ཀྱང་དཔའ་སྐད་མཐོན་པོར་སྒྲོག་པ་འདི་ལ་ངན་པ་ལངས་ཤོར་ལས་ཐ་སྙད་གཞན་ཡོད་དམ།
ཨོ་རྒྱན་སྟོབས་རྒྱལ་གྱི་ལོག་བཤད་ཀྱི་གསལ་བཤད་ཅེས་པའི་སྒྲ་དེ་ལས་ ” རྒྱལ་བ་ཐམས་ཅད་མཁྱེན་པ། ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་རེད། སྐུ་དབང་ཆེན་པོ་རེད། སྐུ་ཡོན་ཆེན་པོ་རེད། དེ་ནས་མཛད་པ་འཕྲིན་ལས་ག་རེ་གནང་ནའང་བརྟག་དཔྱད་མང་པོ་གནང་ནས་གནང་གི་ཡོད་པ་ཡིན་རྒྱུ་རེད། ” ཅེས་མཛད་པ་འཕྲིན་ལས་ག་རེ་གནང་གི་ཡོད་པ་ཡིན་ན་བརྟག་དཔྱད་གནང་གི་ཡོད་རྒྱུ་རེད་ཅེས་ཆ་མེད་རྒྱུས་མེད་ཀྱི་སྐད་ཆ་བཤད་ཞོར། སྐུ་དབང་ཆེ་བ་ཡིན་རབས་བཤད་ནས་དབང་ཆ་ལོག་སྤྱོད་བྱེད་ཀྱི་ཡོད་མདོག་དང་། སྐུ་ཡོན་ཆེན་པོ་རེད་ཅེས་སྟོན་པའི་བཀའ་ལུང་ལ་མ་ལྟོས་པར་སྔགས་བླ་མེད་ལ་གསར་གཏོད་བྱེད་ཀྱི་ཡོད་རེད་ཅེས་པའི་ཉེས་འཛུགས་དང་། རྒྱལ་དབང་བཅུ་གསུམ་པའི་རྣམ་ཐར་དང་། རྒྱལ་དབང་ལྔ་བའི་རྣམ་ཐར་དྲངས་ནས་རྒྱལ་དབང་ལྔ་བ་ཆེན་པོས་ཐམས་ཅད་མཁྱེན་ཞོར་དུ་ཞལ་བཙུམ་ནས་བཞུགས་པ་དེས་བཀྲ་མ་ཤིས་པའི་རྟགས་མཚན་ཡོངས་རབས་བཤད་ནས་རྒྱལ་དབང་ལྔ་བ་ཆེན་མོ་ལའང་སྐུར་འདེབས་བྱས། ཁ་ལ་བདག་པོ་མ་བྱས་ན་བོད་མི་མང་དང་ནང་བ་ཚོས་གསོད་ཉེན་ཆེ་རབས་བཤད་ནས་བོད་མི་མང་དང་ས་སྟེང་ནང་བ་ཡོངས་ལ་གླེང་ལོག་བཀལ་ཡོད།
ད་དུང་ཐ་ཆད་པ་ཞིག་ལ། སྒྲ་དེ་ཡི་ནང་དུ་ “སྐྱབས་མགོན་རིན་པོ་ཆེའི་གསུང་ནང་ལ། རི་བོ་དགེ་ལུགས་པ་ཟེར་དུས་སྤྱིར་གསང་བདེ་འཇིགས་གསུམ། དེ་ཡི་ནང་ནས་ཀྱང་འཇམ་མགོན་བླ་མ་ཙོང་ཁ་བའི་ཆོས་བརྒྱུད་དེ་ལངས་ནའང་གསང་བ་འདུས་པ། བསྡད་ནའང་གསང་བ་འདུས་པ་ཞེས་སྤྱོད་ལམ་ག་རེ་བཟོ་ན། ཉམས་ལེན་ག་རེ་བཟོ་ན། གསང་བ་འདུས་པ་གཙོ་བོ་བཟོ་དགོས་རེད་གསུངས་པ་རེད། གསང་བ་འདུས་པའི་རྒྱུད་ཅིག་ཡོད་པ་རེེད། དེ་ལ་འཇམ་མགོན་བླ་མ་ཙོང་ཁ་པས། འགྲེལ་བ་བཞི་སྦྲགས་ཞེས་དེ་ལ་སྟོད་མཆན། འོག་མཆན། བར་མཆན། དཀྱུས་མཆན་ཞེས་མཆན་བརྒྱབ་ཡོད་རེད། དེ་ཚོ་ཡི་ནང་ལ་གསང་བ་བཟོ་ཡ་མ་ཡིན་པ། སྐད་ཆ་མང་པོ་བཤད་མི་དགོས་པར་དྲ་རྒྱ་ནང་ལ་འཛམ་བུ་གླིང་གི་མི་ལ་ཁྱབ་བསྒྲགས་བཟོ་ཆོག་ཡ་ཡོད་ན་མ་གཏོགས། འགྲིག་གི་ཡོད་ས་མ་རེད། ” ཅེས་ཆོས་བརྒྱུད་དང་ཆོས་བརྒྱུད་ཀྱི་བདག་པོའི་མིང་ནས་བཟུང་། ལེགས་པར་བཤད་པའི་བསྟན་བཅོས་ལ་མཛུབ་མོ་བཙུགས་ནས་ལུང་དང་རིགས་པས་དགག་གཞག་མེད་པར། ཟུར་ཟ་བྱེད་པ་འདི་ལས་ཆོས་བརྒྱུད་དབར་དཀྲུག་ཤིང་གཏོང་སྟངས་ཤིག་མེད་ལ། ངན་འགྲོ་མི་བཟད་པའི་རྒྱུ་ཕུལ་དུ་ཕྱིན་པ་ཞིག་ཀྱང་གང་དུ་ཡོད་ཨང་།
ཡང་སྒྲ་དེ་རུ། ” སྐུ་དབང་ཆེན་པོ་རེད་བ། ག་རེ་གནང་། ག་རེ་གསུང་ན་འགྲིག་གི་ཡོད་བ་རེད། ” ཅེས་དང་། “སྐྱབས་མགོན་རིན་པོ་ཆེ་བླ་ན་མེད་པའི་སྐུ་དབང་གི་བདག་ཐོབ་ཅན་རེད། དེ་ལ་སུས་ཅི་ཞུ་ཕོད། འགྲིག་གི་ཡོད་པ་རེད་བ། ག་རེ་གནང་ན” ཞེས་དང་། “ག་རེ་རེད་ཟེར་ན། སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་ཆོས་སྲིད་གཉིས་ཀྱི་སྟེང་ནས་སེལ་བཞག་ན། ལོག་པར་འཚེ་བ། ལྟ་བ། རྒོལ་བ། ཐམས་ཅད་འཇོམས་འགྲོ་གི་ཡོད་རེད། དེ་ཡིས། སྨན་དཀར་པོ་ཆིག་ཐུབ་ལྟ་བུ་རེད། རྒྱལ་བ་རིན་པོ་ཆེ་གསུང་བཞག་པ་རེད་ལབ་ན་བརྩི་དགོས་ཀི་ཡོད་རེད། མ་བརྩིས་ན་བོད་གངས་ཅན་གྱི་ལྗོངས་ཀྱི་ཆོས་སྲིད་གཉིས་སྟེང་ནས་ངོ་ལོག་པ་ཆགས་འགྲོ་གི་ཡོད་རེད། མི་གྲལ་ནས་ཕུད་འགྲོ་གི་ཡོད་རེད།” ཅེས་དང་། “འགྲེལ་བཤད་བརྒྱབ་ཡ་གང་ཡང་ཡོད་མ་རེད། རྒྱལ་བ་རིན་པོ་ཆེས་གནང་གི་འདུག་ལབ་ན། ཁོག་པ་ནང་ནས་ཡིད་ཆེས་མ་རྙེད་ནའང་། ཁ་བཙུམ་ནས་བསྡད་ཡ་རེད།” ཅེས་དང་། “དགེ་འདུན་ཆོས་འཕེལ་གྱི་ལོ་རྒྱུས་ནང་ན་མངའ་རིས་ལ་འགྲོ་དུས། འཇམ་མགོན་བླ་མ་ཙོང་ཁ་བ་ལྟ་བ་ལོག་པ་རེད། ཆད་ལྟ་བ་རེད་ཅེས་གྲྭ་པ་ཁ་ཤས་བཤད་ཀྱིན་འདུག རྒྱལ་བ་རིན་པོ་ཆེ་ཡང་ཆད་ལྟ་བ་ལྟ་བ་ལོག་པ་ཡིན་པར་ཐལ། དེ་ཡི་རྗེས་འཇུག་ཡིན་པའི་ཕྱིར་ལབ་ན་ཁ་གྲགས་ཡ་མེད་པར་འཇམ་ཐིང་ངེར་ལྷག་སོང་། དེངས་སང་གི་གསང་ཚིགས་ཆེན་པོ་དེ་དེ་ན་འདུག་ལབ་ཡོད་རེད། ད་ལྟ་དེ་ལས་ལྷག་རེད། ” ཅེས་སྐད་ཀྱི་དབྱངས་རྟ་ཚུན་ཆད་ཧ་ཅང་རིང་འཐེན་གྱིས་ཟུར་ཟའི་མདའ་མོ་མངགས་ཞོར་རྒྱལ་བ་ཡིད་བཞིན་ནོར་བུ་དབང་ཆེན་པོ་ཡིན་པ་གཏམ་ཐུང་དེ་རུ་ཐེངས་དྲུག་ལ་བཤད་ཡོད། དེས་ཅི་ཞིག་སྒྲུབ་ཀྱིན་ཡོད་དམ། རྒྱལ་བ་རིན་པོ་ཆེ་དབང་ཆ་ལོག་སྤྱོད་མཁན་ཞིག་ལ་སྒྲུབ་ཀྱིན་ཡོད་དམ། རྒྱལ་བ་རིན་པོ་ཆེའི་ཐུགས་ནི་དབང་ཆ་མི་བཀོལ་བར་རིགས་པ་དང་རྒྱུ་མཚན་བཀོལ་མཁན་ཞིག་ཡིན་པ། ལོ་ལྔ་བཅུའི་རིང་རྒྱལ་བ་ཡིད་བཞིན་ནོར་བུའི་ཐུགས་རྗེ་གྲིབ་བསིལ་ལས་འཚར་ལོངས་བྱུང་ཞིང་ལོ་མང་རིང་སྤྱི་འཐུས་ལ་བསྡད་མྱོང་མཁན་འདི་དང་ཆོས་རིག་བཀའ་བློན་གཉིས་ཀྱིས་མ་ཚོར་བ་ཡིན་ནམ།
རྒྱལ་བ་རིན་པོ་ཆེ་”བུ་སྐྱེ་འདོད་གནམ་གྱིས་མ་ཁོག་”པར་ནང་པ་ཡོངས་ཀྱི་ཆེས་ཆེ་བའི་གཙུག་རྒྱན་དུ་གྱུར་བ་ནི། ལུང་དང་རིགས་པ། མཁྱེན་པའི་རྩལ་དང་བྱམས་བརྩེའི་ནུས་སྟོབས་ཉག་གཅིག་གིས་དེ་ལྟར་གྱུར་བའི་གནད་རྩ་ངོས་མ་ཟིན་པར། ཡེ་ཤུའི་བླ་ཆེན་ལྟར་བསྐོ་བཞག་གི་ལམ་ནས་ནང་བ་ཡོངས་ཀྱི་དབུ་ཁྲིད་དུ་གྱུར་ཅིང་། ནང་བ་ཡོངས་ཀྱིས་རྒྱལ་བ་རིན་པོ་ཆེས་ཅི་གསུང་བཀའ་སྒྲུབ་བྱེད་དགོས་པ་ལྟ་བུ་ཞིག་ལ་སྙམ་མཁན་གྱི་ལོག་པར་རྟོག་པ་ཅན་དག་གི་གྲས་སུ་ཁྱེད་གཉིས་ཀྱང་འཚང་གིན་ཡོད་དམ། དཔེར་ན། འབར་མ་རུ་ཁ་ཆེ་དང་ནང་པའི་རྙོག་དྲའི་སྐབས་སུ་ཁ་ཆེ་བའི་ནང་དུ་རྒྱལ་བ་རིན་པོ་ཆེས་ནང་པ་དེ་དག་ལ་བཀའ་བཏང་མ་སོང་མདོག་མདོག་གི་རྣམ་པ་སྟོན་མཁན་དང་། ཐ་ན་རྒྱ་ནག་གི་ནང་དུའང་བླ་མ་རྫུན་མ་འགའ་རེས་མགོ་སྐོར་བཏང་བ་ཚུན་ཆད་རྒྱལ་བ་རིན་པོ་ཆེ་ལ་ཞུ་གཏུག་བྱེད་མཁན་བྱུང་མྱོང་བ་ལྟར། ཁྱོད་གཉིས་ཀྱང་དེ་ལྟར་བསམ་གྱིན་ཡོད་དམ། དེ་དག་ཚང་མར་རྒྱལ་བ་རིན་པོ་ཆེས་དང་པོ་ནས་རང་རང་གིས་བརྟག་དཔྱད་བྱོས། ཧ་ཅང་འཆལ་བོར་གྱུར་ཡོད་ན་ཁྲིམས་ལ་སྦྱོར་ཞེས་ལན་གནང་གིན་པ་མི་དྲན་ནམ། རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་སློབ་གཅིག་གིས་བོད་ཡུལ་གྱི་སྟག་གཟིག་སྲམ་པགས་ཀྱི་རྒྱན་ཆ་མེར་བསྲེགས་པ་དང་། བཀའ་སློབ་དུམ་ཚན་རེ་རེ་སྐར་ཆ་རེའི་ནང་མི་ས་ཡ་མང་པོས་ལྟ་ཀློག་བྱེད་མཁན་གྱི་འཛམ་གླིང་གི་དབུ་ཁྲིད་ཅིག་ཡིན་པས། དབང་ཆ་བཀོལ་ཡང་བཀོལ་ས་ཏན་ཏན་ཡོད་མོད། རྒྱལ་བ་རིན་པོ་ཆེའི་ཐུགས་གཤིས་ལ་དབང་ཆ་སྒེར་འཛིན་གྱི་ཆ་ཕྲ་མོ་ཙམ་ཡང་མེད་པ་མཐོང་བ་མངོན་གྱུར་ལས་དངོས་སྟོབས་རྗེས་དཔག་དང་ཡིད་ཆེས་ཀྱི་རྟགས་ལས་དཔོག་དགོས་པ་ཞིག་ག་ལ་ཡིན། གཏན་ནས་མིན། དེའི་ཕྱིར། བླུན་པོ་ཤེས་རབ་འཆལ་བའི་གཟུགས་འཆང་ནས་མངོན་གྱུར་ཡུལ་ལ་རྟགས་སྒྲུབ་ཀྱི་ངལ་བ་མི་བྱེད་དོ། །
བོད་ཀྱི་གནས་བབ་ནས་གླེང་ནའང་རྒྱལ་བ་རིན་པོ་ཆེས་སྲིད་དབང་ཡོངས་སུ་རྩིས་སྤྲད་གནང་ཡོད་ལ། དོ་བདག་ཁྱེད་ཉིད་ཀྱིས་ཀྱང་རྒྱལ་བ་རིན་པོ་ཆེའི་ཉེ་འཁོར་ནས་བསྟན་དགྲ་ཞེས་སྡིགས་ཀྱིན་པ་མིན་ནམ། ཁོང་ཚང་དེ་འདྲའི་དབང་ཆེན་བེད་སྤྱོད་མཁན་ཞིག་དང་། བོད་མི་མང་དེ་འདྲའི་གདུག་རྩུབ་ཅན་ཞིག་ཡིན་ན། ཁྱོད་ལ་རྒྱལ་བ་རིན་པོ་ཆེ་ཡི་སྟེང་དུ་གཏམ་རིང་གཏམ་ཐུང་རིམ་པར་གནང་བའི་སྐལ་བ་ཞིག་གང་དུ་ཡོད། སྔ་མའི་བོད་བཙན་པོའི་དུས་སྐབས་དང་བོད་སྡེ་བ་གཞུང་ཡོད་ན་ཁྱོད་དང་ཁྱོད་ལྟ་བུ་དག་ནི་གོ་རར་གཞུག་པ་དང་། སྒྲེན་མོར་བཤུ་བ་དང་། མིག་ཟུང་འབྲུ་བ་སོགས་ཀྱི་ལས་སྔ་མ་ནས་བརྩམས་ཚར་མེད་དམ།
ཡང་ཀརྨ་དགེ་ལེགས་ཀྱི་ཡི་གེ་དེས། ཨོ་རྒྱན་སྟོབས་རྒྱལ་གྱི་ལོག་བཤད་ནི་མེ་ལྕེ་ལྟ་བུ་ཞིག་ཡིན་ན་དེ་ལ་སྣུམ་བསྣན་པ་ལྟར་འབར་ཤུགས་ཆེ་བར་བཏང་ཡོད། ཀརྨ་དགེ་ལེགས་ཀྱིས་གནས་ལུགས་གསལ་བཤད་བྱེད་རྒྱུ་ཞེས་དམ་བཅས་ཏེ། ལོག་བཤད་པ་ཨོ་རྒྱན་སྟོབས་རྒྱལ་ལ་རིན་པོ་ཆེ་ཞེས་ཆེ་བར་བཀུར་ཞིང་བསྔགས། ལོག་བཤད་ཀྱི་གནས་ལུགས་གསལ་བཤད་ལ་འཇུས་ནས། དོན་ཚན་དང་པོར་ལོག་བཤད་པ་དེ་གང་ཡང་བཤད་སྤོབས་པ་ཡིན་པར་བསྔགས། དོན་ཚན་གཉིས་པར་ཉན་མཁན་གྱི་དད་པས་ལྕོག་ན་བྱིན་རླབས་ཙམ་ཐོབ་ཆོག་ནའང་དབང་མི་ཐུབ་པའི་མཁས་བཤད་བྱེད་ཁུལ་བྱས། དགོད་བྲོ་བ་ལ། ཉན་མཁན་གྱི་དད་པས་ལྕོགས་ཀྱང་དབང་མི་ཐོབ་ན་བླ་མའི་ཐུགས་རྗེས་མི་ལྕོགས་པ་ཡིན་ནམ། ངས་ཁྱོད་ལ་དཔལ་ལྡན་རྙིང་མ་ཚང་གི་ཞལ་འདོན་ཕྱོགས་བསྒྲིགས་ནང་གི་ལུང་ཅིག་འདྲེན། “དམ་ཚིག་བསྲུང་བ་ལ་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་ཚང་དགོས༔ དད་པ་མེད་ན་གསང་སྔགས་ཀྱི་སྣོད་དུ་མི་རུང་༔ བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཐ་མལ་དུ་འཆོར༔ ཤེས་རབ་མེད་ན་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དབྱེ་མི་ཤེས༔ གསང་སྔགས་ནི་འགྲོ་བ་དད་གུས་ཅན་གྱི་དོན་དུ་བྱོན་པ་ཡིན༔ དེ་ཡང་རང་ལ་གསང་སྔགས་སྟོན་པའི་བླ་མ་དེ་སངས་རྒྱས་དངོས་སུ་ཤེས་པས་གསོལ་བ་འདི་ལྟར་ཐོབ་ཅིག་གསུངས་སོ༔ རྗེ་བཙུན་ཆེན་པོ་པད་འབྱུང་མཁྱེན༔ བདག་ལ་རེ་ས་གཞན་ན་མེད༔ ད་ལྟ་དུས་ངན་སྙིགས་མའི་འགྲོ༔ མི་བཟོད་སྡུག་བསྔལ་འདམ་དུ་བྱིང་༔ འདི་ལས་སྐྱོབས་ཤིག་མ་ཧཱ་གུ་རུ༔ དབང་བཞི་བསྐུར་ཅིག་བྱིན་རླབས་ཅན༔ཞེས་གསུངས་པའི་ནང་དུ་དད་པས་ལྕོགས་ན་འགྲིག་པ་ལས་བླ་མའི་མདུན་ག་ལ་བར་ཡོང་དགོས་པ་ཞིག་མེད་པས་ན། སློབ་མས་དད་པས་ལྕོགས། བླ་མའི་བྱིན་རླབས་ཀྱིས་ལྕོགས་ཀྱང་དབང་མི་ཐོབ་པའི་རྒྱུ་མཚན་ཅི་ཞིག་ཡོད། ཚད་མར་གྱུར་པའི་རྒྱ་བོད་ཀྱི་གཞུང་གང་དུའང་མེད་པའི་རྡོ་རྗེ་ཐེག་པའི་ཐུན་མོང་ལམ་སྦྱངས་ཀྱི་གདམས་པ་དགོད་བྲོ་བ་རེའང་བརྩི་རྩིས་ཡིན་ནམ། སྦས་ཡུལ་དུ་བཞུགས་པའི་རྣལ་འབྱོར་གྲུབ་པ་ཐོབ་པ་དག་གི་ནང་འཇིགས་བྱེད་བསྙེན་ཆེན་ལ་བཞུགས་སྐབས་ཀྱང་མཚམས་ཐོ་ལ་རི་རྒྱུད་དམིགས་རྟེན་དུ་བཟུང་ནས་ཉམས་ལེན་གནང་མཁན་ཡོད་ན། དབང་ཞུ་བ་ལ་ངེས་པར་བླ་མའི་མདུན་དུ་པུས་བཙུགས་ཀྱིས་འདུག་དགོས་པའི་བྱིས་བློ་དེ་འདྲ་གང་ཞིག་ནས་རག་སོང་།
་་དོན་ཚན་གསུམ་པར། སྔ་རབས་བོད་ཀྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ་བསྐུར་བ་བཏབ་ཡོད་མོད་རེ་ཞིག་འདི་ཙམ་གྱིས་འཐུས་པར་བྱ། ཡིན་ནའང་། ཁྱོད་རང་ཉིད་སྒེར་གྱི་བསམ་ཚུལ་ཡིན་ཞེས་གསལ་བསྒྲགས་བསྐྱར་མ་ཞིག་མངགས་པ་དེ་ལས་ཁྱོད་ཀྱིས་རང་གི་རྨོངས་ཚུལ་དང་ཕྱོགས་སུ་ལྷུང་བའི་རིགས་ལའང་སྒྲིག་འཛུགས་ཀྱི་མཚན་གནས་བེད་སྤྱད་འདུག་པས། ཁྱོད་ཀྱིས་སྒྲིག་འཛུགས་དང་ཕྱག་སྦྲེལ་བཀའ་བློན་རྣམ་པ། བོད་མི་མང་དང་བཅས་པའི་གདོང་པ་ཆུ་ལ་གཡུག་ཏེ་ལས་དོན་ལ་འཐུས་ཤོར་ཚབས་ཆེན་བཏང་འདུག་པས། འཕྲལ་མ་ཉིད་དུ་རང་ཉེས་ངོས་ཟིན་གྱིས་དགོངས་པ་ཞུས་ན་ཨེ་མི་འགྲིག་གམ།
སྤྱི་ལོ་ ༢༠༢༠ ཟླ་ ༠༥ ཚེས་ ༢༦ ཉིན།
བོན་རྒྱ་བསྟན་འཛིན་རབ་རྒྱས་ལགས་ཀྱིས་གནད་ལ་ཕོག་པའི་རྩོམ་ཞིག་བྲིས་འདུག
མི་ཁོ་ཚོ་ལ། གནས་ལུགས་དང་གུས་ཞབས་དགོས་ནི་མ་རེད། རྔ་རྡུང་སོང་པས། སྒྲ་གྲག་ཐུབ་ནིའི་མི་བུ་ཁྱེད་འདྲ་པ་མང་པོ་དགོས་བ་འདུག།
ཁོའི་བུ་སློབ་གྱི་མདུན་ནས། ཨོ་རྒྱན་དམར་རྗེན་ལ་འཕུད་དགོས། ཁ་ཆོས་ལ་བཀོལ་ནས། དོན་མཇེ་ལ་དམིགས་བསྡད་པའི་དཀོར་སྤྲུལ་ཚོའི་མཚང་བརྟོལ་དགོས། ཕམ་པར་བྱེད་དགོས། ཁོ་དང་ངན་པ་ཁ་མཐུན་བྱེད་པོ་ཚོ་ཡང་རེ་རེ་ནས་ངོ་ལྤགས་མི་མང་ལ་བསྟན་ཐུབ་པ་བྱེད་དགོས། ཁོ་ཚོ་རེ་རེ་ནས་ཤེས་ན། རྗེས་ཕྱོགས་ཀྱི་སྤྱི་ཚོགས་བདེ་འཇགས་ལ་དགེ་བ་ཆེན་པོ་ཡོད་པ་རེད།
ཚང་མས་འདི་ན་ཉན་རྒྱུ་ཞིག་འདུག https://www.youtube.com/watch?v=Ti8-552Q6as