བསོད་ནམས་ནོར་བུ།
སེམས་པ་ལག་སྙིམ་བར་དུ་ཟིན་ནས་བསྡད་ན།།
ཉེར་དགུའི་སྨག་རུམ་འོག་ཏུ་རྙིད་ནས་རུལ་འགྲོ།།
ལུས་པོ་ལྕགས་ཐག་འོག་ཏུ་འཁུམས་ནས་བསྡད་ན།།
རང་བྱུང་ས་ཡོམ་ཆེན་མོས་གཉའ་ནས་གནོན་ཡོང་།།
འཕུར་ནས་ནམ་མཁའི་བྲང་ལ་ཐིག་ཅིག་འཐེན་འདོད།།
བསྡད་ནས་ས་ནག་སྒལ་པར་རྗེས་ཤིག་འཇོག་འདོད།།
ཉི་ཟླའི་གོང་བར་སྤོབས་པས་ཀི་གསུམ་བཏབ་ནས།།
འཇིག་རྟེན་སྐྱེ་རྒུ་མཐུག་པོའི་གཉིད་ལས་དཀྲོགས་འགྲོ།།
ཕྱི་ཡི་ཁོར་ཡུག་ལྕགས་རི་མཐོན་པོས་བསྐོར་ནས།།
ལྕགས་རིའི་རྩེ་མོ་གཟེ་མ་ར་མགོས་བཏུམ་ཡོད།།
ནང་གི་སྐྱེ་བོ་དམར་པོའི་གོས་ཀྱིས་བརྒྱན་ཅིང་།།
གོས་ཀྱི་འདབས་ན་ལྕགས་ཀྱི་ཨ་ལོང་བཏགས་ཡོད།།
ཚོམས་ཆེན་ལྷ་ཁང་སྦུག་ནས་གྲྭ་རྒོད་དར་མས།།
ཚིགས་གསུམ་ལྟེབ་རྩེག་ཅན་གྱི་རག་དུང་ཁ་ནས།།
འདོར་ཏིར་འཇམ་གསུམ་སྒྲ་ཡིས་བྱ་ཁྱུ་དཀྲོགས་ཀྱང་།།
མཇལ་པའི་རྣ་བར་འགྱིག་གི་རྣར་གཞུག་སྤྲད་འདུག །
ཉན་ན་སྤྱན་རས་གཟིགས་ལ་ཕྱག་སྤྱན་སྟོང་ཡོད།།
བལྟས་ན་བོད་མིའི་སྡུག་ལ་མཐའ་གཅིག་མི་འདུག །
མིག་དང་རྣ་བའི་བར་དུ་ཅི་ཙམ་ཆོད་ན།།
མཐོང་དང་ཐོས་པའི་བར་ཐག་དེ་ལས་རིང་འདུག །
ལག་པས་ལག་པ་བརྡར་ནས་ཤ་རྒོད་རྒྱས་ཀྱང་།།
མདའ་མོ་འབེན་ལ་གཏད་དུས་ཕོག་མཁན་མི་འདུག །
གཞུ་རྒྱུད་ཨ་ཀྲད་བརྒྱང་ནས་དཔུང་པ་བཀང་ཡང་།།
ནམ་མཁའི་སྐར་ཚོགས་ཁེབས་ལ་རེ་བ་མི་འདུག །
ཉེར་དགུའི་སྨག་རུམ་འོག་ཏུ་རྙིད་ནས་རུལ་འགྲོ།།
རྙིད་ནས་སྐམ་འགྲོ་བ་རེད། རུལ་འགྲོ་བ་ཞིག་ཡོད་པ་མ་རེད།
འོག་ཐུར་ལ་ལྟ་ཚུལ་ཞིག་མེད་ཀི།
ངའི་བརྡ་རྟགས་སྐུད་ལམ་གྱི་འགྲོ་སྒོ་འཕྲོ་བརླག་ལ་བཏང་ཙམ་ལས། བློ་སྐྱེད་ནི་སྤུ་ཙམ་ཡང་མ་རག་ཐལ། ཧ་ཧ།