Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ལྕག་ཚན་འོག་གི་སློབ་གཉེར་བ།

Posted on 2008-12-26 By དབང་ཕྱུག་ 18 Comments on ལྕག་ཚན་འོག་གི་སློབ་གཉེར་བ།

རྫ་སྲི་བདེ་ཆེན།

་ དགེ་སྐུལ་སྨྱོན་པའི་ཐུགས་ལ་མ་རན་ན།།
ཆབ་རལ་བཙན་པོས་ཁྲིམས་ལ྄་སྦྱོར་ངེས་སོ།།
ལྕག་ཚན་དམར་བོའི་སློབ་གསོ་མི་ཐེག་པའི།།
གྲྭ་སའི་སློབ་གཉེར་བ་ཚོ་སྙིང་རེ་རྗེ།།

་ བསམ་བློ་མ་དག་པས་སྒྲོ་འདོགས་བྱས་པ་ཞིག་མིན་ལ། ཀུན་སློང་ངན་པས་སྙོན་འཛུགས་བྱས་པ་གང་ཡང་མིན། དོན་དངོས་ཀྱི་སྣང་ཚུལ་སྐྱུག་བྲོ་བ་དག་མཐོངན་མ་མཐོང་མདོག་དང༌། གོ་ན་མ་གོ་མདོག་བྱས་ན་རྒྱུ་འབྲས་བློ་མིག་དུ་མི་མཐུས་ཤིང༌། མི་རང་ཉིད་ལ་ལྷན་སྐྱེས་ཀྱི་སྨྲ་ལྕེ་ཞིག་ཡོད་པ་རང་ཉིད་ཀྱིས་ལྐུག་ཏུ་བཅུག་པ་རང་རེད། ཡང་གཅིག་བཤད་ན་རང་གིས་མཐོང་བའི་སྐྱོན་ཆ་བསྔོགས་འདོན་མི་བྱེད་པ་ནི་ངན་པ་ལངས་ཤོར་དུ་གཏོང་བའི་གཞི་རྩཞིག་ཀྱང་ཡིན་པས་ངན་པ་ལངས་ཤོར་དུ་སོང་ཚེ་ངན་པས་ནད་ཡམས་ཁྱེར་ནས་སྤྱི་ཚོགས་སྦག་བཙོག་ཅན་དུ་བསྒྱུར་འགྲོ་བས་ངན་པ་གཤག་བཅོས་གཏོང་རྒྱུ་ནི་ཆེས་གལ་ཆེན་྄གྱི་ལས་རིགས་ཞིག་ཏུ་འཛིན་འོས།
་ དེ་བས་འདིར་གཤག་བཅོས་བྱ་རྒྱུ་དེ། དུས་ཡུན་རིང་བོར་ངན་པ་ལངས་ཤོར་སོང་བའི་གྲྭ་སའི་ལྕག་ཚན་འདི་ཡིན། གྲྭ་སར་མཚོན་ན་ལྕག་ཚན་འདི་ནི་སློབ་གསོ་ཡིན་ལ་གྲྭ་སའི་སློབ་གསོའང་ལྕག་ཚན་འདི་མ་གཏོགས། སློབ་གསོ་ལས་ལོགས་སུ་ལྕག་ཚན་དང༌། ལྕག་ཚན་ལས་ལོགས་སུ་སློབ་གསོ་ཟེར་བ་ཞིག་ཧ་ཅང་ཞན་ཞན་རེད། དེའི་དབང་གིས་ལྕག་ཚན་འདི་འོས་པ་ཞིག་དང༌། ལྕག་ཚན་འདི་ཡག་པ་ཞིག་ཏུ་བཏགས་ནས་ལྕག་ཚན་འདི་ཡུན་རིང་བོར་ངན་པ་ལངས་ཤོར་དུ་སོང་བ་རེད།
་ སྤྱིར་མི་ཞིག་བཟང་ངན་གང་གི་ལམ་དུ་འགྲོ་མིན་ན྄ི། སློབ་གསོ་ལ་རྟེན་ནས་འགྱུར་ལྡོག་དང༌། གོམ་བགྲོད་བྱེད་ཀྱིན་ཡོད་པས་སློབ་གཉེར་བ་ཞིག་ལ་མཚོན་ན་སློབ་གསོ་ནི་ཁ་ལ་ཟ་རྒྱུའི་ཟ་མ་ལས་ཀྱང་གལ་ཆེན་ཞིག་ཏུ་ཆགས་པ་རེད། ཡིན་ཡང་གྲྭ་ས་ན་ཡར་རྒྱས་ཀྱི་རྨང་གཞི་དང༌། གོ་རྟོག་གི་བསམ་བློ་བསྐྱེད་པའི་སློབ་གསོ་གང་ཡང་མེད་པར་མ་ཟད། དེ་ལས་ལྡོག་སྟེ། སློབ་གཉེར་བ་ཚོར་འཇིགས་སྐུལ་དང་ལྕག་ཚན་རྐྱང་རྐྱང་གི་བཙན་འདེད་བྱས་དང་བྱེད་ཀྱིན་པ་ནི། ་ཁོང་ཚོའི་ལུས་སྟེང་གི་རྨ་ཤུལ་རྙིང་པ་དང༌། ལྕག་ཚན་གྱི་གཟུགས་རྗེས་ནར་ནར་སོགས་མཐོང་བ་ཙམ་གྱིས་རྟོགས་ཐུབ་པ་ཞིག་རེད། དེ་ཡང་ནམ་རྒྱུན་གྲྭ་ཇ་མང་ཇ་ཚོགས་ཐེངས་རེར་ཉེས་མེད་སློབ་གཉེར་བ་ཚོར་ལྕག་ཚན་གྱིས་བྲབས་ནས་ངོ་གདོང་དང༌། མིག དཔུང་བ་སོགས་སུ་ཁྲག་དམར་ཙར་ཙར་བརྡོལ་ནས་རང་ཤག་ཏུ་བསྐྱོད་ཀྱིན་པ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་དང༌། ད་དུང་སློབ་གཉེར་བ་འགར་ལྕག་ཚན་གྱིས་བྲབས་པ་ཐལ་དྲགས་ཏེ་སྲོག་ཉེན་ལ་ཐུག་ནས་སྨན་ཁང་དུ་བསྐྱལ་བའང་ཡོད་ལ། མིག་དང་རྣ་ཅོག་སོགས་ལ་སྐྱོན་ཤོར་བ་དང༌།གཤག་བཅོས་གཏོང་དགོས་བྱུང་བ༌། གཤག་བཅོས་གཏོང་བར་དངུལ་གྱིས་མི་འདང་བའི་གྲྭ་རྐྱང་ཚོ་ངོ་མ་སྙིང་རེ་མི་རྗེ་ཨང༌། རྡུང་རྡེག་གཏོང་དགོས་པའི་རྒྱུ་རྐྱེན་བཙལ་དུས་ཧ་ཅང་ཉེས་པ་ཆེ་ན་གུང་གསེང་སོགས་སུ་དགོན་འདབས་ནས་རྐངརྩེད་སྤོ་ལོ་རེ་རྩེ་བའམ༌། ཡང་ན་ཚོགས་ནས་གྲོགས་པོ་ཕན་ཚུན་ལ་སྐད་ཆ་རེ་བཤད་པ་ཙམ་རེད།
་ དོན་ངོ་མ་སློབ་གཉེར་བ་ཞིག་འདི་ལྟར་རྡུང་རྡེག་ཅིག་ཅིའི་ཕྱིར་གཏོང་དགོས་སམ། བྱ་སྤྱོད་འདི་རབ་བྱུང་བ་ཞིག་གིས་བྱེད་སྟངས་ཕར་ཞོག དེ་རིང་ཁ་སང་འཛམ་གླིང་འདིའི་སྟེང་ན་གནོང་འགྱོད་དང༌།བཤག་སྡོམ་བྱ་ཡུལ་གྱི་སྡིག་སྒྲིབ་ལྕི་མོ་ཞིག་ཡིན་ན་ བྱམས་པ་དང༌། སྙིང་རྗེ་རྐྱང་རྐྱང་གི་ཁ་དབྱངས་འཐེན་པའྀ་འཇིག་རྟེན་ཞིག་ན་མ་བརྟག་རྒྱུན་འབྱམས་སུ་འགྲོ་བཞིན་པ་འདི་ཅི་ཞིག་མ་འགྲིག་པ་ཡིན་ནམ། འུ་ཐུག་ཐབས་ཟད་ཀྱི་བྱེད་སྟངས་འདིས་སློབ་གཉེར་བ་ཚོ་ཡང་འུ་ཐུག་ཐབས་ཟད་ཀྱི་ལས་ལ་སྦྱོར་གྱིན་ཡོད་ཅིང༌། གྲྭ་སའི་རིག་གནས་ཀྱི་མཁའ་དབུགས་དང་སློབ་གསོའི་མ་ལག་ཀྱང་འུ་ཐུག་ཐབས་ཟད་ཀྱི་གཡང་ལ་གཡུག་ཡོད།ཇི་ལྟར་གཡུག་པ་རེད་ཟེར་ན། ལྕག་ཚན་དེའི་ལྟག་རྒྱབ་ན་ཆེས་འཇིགས་སུ་རུང་བའི་སྒེར་གཅོད་ཀྱི་་སྣང་ཚུལ་དམར་ལྷང་ངེར་བཤམས་ཡོད་པས་གྲྭ་སའི་རིག་གནས་ཀྱི་ཕྱིར་དུ། སློབ་གཉེར་བའི་མདུན་ལམ་གྱི་སླད་དུ་བསམ་འཆར་གླེང་མཁན་གྱི་གྲྭ་རྐྱང་ལྷག་བསམ་ཅན་ཚོ་གྲྭ་ས་ནས་རྒྱང་འཕུད་གཏོང་བ་སོགས་བཤད་མི་ཚར་བའི་གནད་དོན་མང་བོ་མང་བོ་ཞིག་གྲྭ་ས་ནས་བཤད་མ་ཕོད། ཕྱི་ལོག་ནས་ཤེས་མ་ཐུབ་པར་མཐར་དུས་ཡུན་རིང་པོ་ཞིག་ཕྱིན་པ་མ་ཡིན་ནམ། དངོས་གནས་གྲྭ་ས་ན་གྲྭ་བའི་ཁ་གྲངས་མང་བ་ཙམ་ལས་ཅི་ཞིག་ལྷག་ཡོད། འདི་ན་༧གོང་ས་མཆོག་གི་ཐུགས་རེ་ཞིག་རྦད་དེ་ཆུ་ཟོས་སུ་འགྲོ་བཞིན་པ་ང་ཚོས་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་དང༌། འཐུས་ཤོར་ཚབ་ཆེན་ཞིག་ཀྱང་ཅི་ལ་མིན།

སྣ་ཚོགས།

Post navigation

Previous Post: ཕག་ལོ་བ ངས་ཁྱོད་ལ་འདྲི
Next Post: བོད། ལེའུ་ཞིག་གི་སྒྲོམ་གཞི།

Comments (18) on “ལྕག་ཚན་འོག་གི་སློབ་གཉེར་བ།”

  1. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-26 at 4:02 am

    རྫ་སི་བདེ་ཆེན་ལགས། གྲ་ས་ན་སྐྱོན་མ་གཏོགས་དགེ་བའི་ཕྱོགས་གང་ཡང་མེད་པ་རེད་དམ། བཟང་ངན་གཉིས་ཀྱི་ནང་ནས་ངན་ཕྱོགས་ཤུགས་ཆེ་བ་རེད་དམ། ཁྱེད་རང་གིས་གྲ་སའི་ཕྱོགས་ཀྱི་ལྕག་ཚན་གྱི་ནུས་པ་མ་གཏོགས་གཞན་གང་ཡང་མཐོང་མ་སོང་ངམ། གྲ་སའི་གྲ་བ་དེ་དག་གི་མི་ཚེ་ཆུད་ཟོས་བསྐྱེལ་གྱི་འདུག་གམ། འདི་དག་ལ་ལན་གསལ་བོ་ཞིག་གནོང་དང་། ད་གཟོད་ངེད་ཅག་གིས་ལྕག་ཚན་གྱི་ནུས་པ་དེ་རྗེས་སུ་གླེང་ཆོག དེ་མིན་གྲ་བ་དེ་དག་གི་སློབ་གཉེར་བྱེད་སྟངས་ལ་འཐུས་ཤོར་འགྲོ་བ་ཟེར་རྒྱུ་དངོས་ནས་སྔ་དྲགས་པ་རེད།

  2. རྫ་སྲས་བདེ་ཆེན says:
    2008-12-26 at 10:13 am

    དྲ་གྲོགས་ལྷ་ཀླུ་གཉན་གསུམ་ལགས། ཁྱེད་རང་ཕེབས་པར་དགའ་བསུ་ཞུ། ཐོག་མར་ང་ཚོས་རང་སྐྱོན་ངོས་ཟིན་པ་བྱ་རྒྱུ་དེ་ང་ཚོ་གོམ་པ་གང་གི་སྔོན་ལ་འགྲོ་བའི་ཆ་རྐྱེན་དང་བོ་དེ་ཡིན་པས། ངས་འདི་ནས་རང་སྐྱོན་གྱི་ཟུར་ཙམ་ཞིག་གླེང་བ་ཡིན། རེ་བ་ཆེ་ས་ཞིག་ནས་གླེང་ན་གྲྭ་སའི་གྲྭ་བ་
    ཚོའི་མི་ཚེ་ཆུད་ཟོས་སུ་སྐྱེལ་གྱིན་འདུག་ཟེར་ན་མི་ཆོག་རྒྱུ་མི་འདུག རྒྱུ་མཚན་ནི། མི་ཚེ་འདི་ཞིང་ཁ་ཞིག་
    ལ་དཔེ་བཞག་ན་ཞིང་ཁ་འདི་རུ་སློབ་གསོའི་ཆབ་རྒྱུན་གྱིས་གནའ་དེང་གི་ཤེས་བྱའི་ལོ་ཏོག་བསྐྱེད་མ་ཐུབ་ཚེ་ཞིང་ཁ་སད་ཀྱིས་འཁྱེར་འགྲོ་ལ། ཞིང་བ་རྒན་པོ་ཡང་མུ་གེས་ཤི་རྒྱུ་མ་ཡིན་ནམ། རྒྱུ་མཚན་དེའི་དབང་གིས་
    གྲྭ་སའི་གྲྭ་བ་ཚོས་ཡང་དག་པའི་སློབ་གསོའི་མངར་ཁ་དེ་མྱོང་མ་ཐུབ་པ་དང་། གནའ་དེང་གི་ཤེས་རིག་ལ་
    སྦྱོང་བའི་གོ་སྐབས་ཤིག་གཏན་དུ་མེད་པས། ཁོ་ཚོའི་མི་ཚེ་ཆུད་ཟོས་སུ་འགྲོ་བཞིན་ཡོད་པ་རེད།
    གནད་དོན་འདི་དག་གི་སྐོར་ཁྱེད་ཀྱིས་གསལ་བོ་ཞིག་མཁྱེན་འདོད་ན་གྲྭ་སའི་ཕྱི་ནང་གསང་གསུམ་ལ་ཞིབ་
    འཇུག་དང་། རྒྱུས་ལོན་ཡང་དག་པ་ཞིག་བྱོས་དང་ད་བཟོད་ཁྱེད་ཀྱིས་ཡོད་ཚད་ནས་ཡོད་ཚད་རྟོགས་ཐུབ་
    རྒྱུ་རེད།

  3. མི་ says:
    2008-12-26 at 10:52 am

    ངོ་མ་བཤད་ན་རང་ཉིད་དགོན་པ་ནས་ཁྲིམས་གལ་བྱས་ནས་སྒོར་ཕུད་བ་ཨེ་རེད། ཁྱེད་ཀྱིས་་་ཡིན་ཡང་གྲྭ་ས་ན་ཡར་རྒྱས་ཀྱི་རྨང་གཞི་དང༌། གོ་རྟོག་གི་བསམ་བློ་བསྐྱེད་པའི་སློབ་གསོ་གང་ཡང་མེད་། ཟེར་འདི་ལ་བལྟས་ན་གྲ་ས་ཟེར་བ་དགོས་མཁོ་མེད་གི་ཟེར་བ་ཨེ་རེད།

  4. རྫ་སྲས་བདེ་ཆེན་ says:
    2008-12-26 at 11:50 am

    དྲ་གྲོགས་བོད་ལྷ་ཀླུ་གཉན་གསུམ་ལགས། ཕེབས་པར་དགའ་བསུ་ཞུ། ཐོག་མར་ང་ཚོས་རང་གི་སྐྱོན་ཆ་བསྔོག་རྒྱུ་དེ་གོམ་པ་གང་གི་སྔུན་ལ་འགྲོ་བའི་ཆ་རྐྱེན་དང་བོ་དེ་ཡིན་པས། ངས་འདི་ནས་གྲྭ་སའི་སྐྱོན་ཆ་ཟུར་ཙམ་ཞིག་གླེང་བ་ཡིན། དེ་མིན་ང་ཚོས་བཟང་ཆ་རེ་བཙལ་ནས་དེས་འདོད་བློ་སྐོང་ཐུབ་མི་བྱེད་པར་དངོས་ཡོད་ཀྱི་གྲྭ་སའི་རིག་གནས་མཁའ་དབུགས་དང་། སློབ་གསོའི་ཐབས་ལམ་སོགས་ཚད་ག་འདྲ་ཞིག་ཏུ་ཡོད་མེད་དང་། གྲྭ་སའི་སློབ་གཉེར་བ་ཁྲི་ཕྲག་དུ་མ་ཡོད་ཀྱང་དོན་ངོ་མས་མི་རེ་བ་ཅན་ཞིག་དང་། གོ་རྟོགས་ཅན་ཞིག་བྱུང་མྱོང་མེད་ལ། མ་འོངས་པ་ཡང་ཧ་ཅང་ཐག་རིང་བ་ཞིག་མ་རེད་དམ། ཡང་གཅིག་བཤད་ན་བོད་བརྒྱུད་ཐེག་ཆེན་རིག་གནས་ཀྱི་ཁ་ཕྱོགས་དང་མཐུན་པའི་མི་སྣ་རླབས་ཆེན་ཞིག་གཏན་ནས་སྐྱེད་སྲིང་བྱེད་ཐུབ་ཀྱིན་མེད་པར་མ་ཟད། མཐའ་ན་འཛམ་གླིང་སྤྱིའི་ཡིག་རྨོངས་ཙམ་ཡང་སེལ་ཐུབ་མེད་པས། ༧གོང་ས་མཆོག་གི་ཐུགས་རེ་ཞིག་རྦད་དེ་ཆུད་ཟོས་སུ་འགྲོ་བཞིན་འདུག་ཅེས་ངས་སྡུག་སྐད་འདི་ཤོར་བ་རེད།གནད་དོན་འདིའི་སྐོར་ཁྱེད་ཀྱིས་ཞིབ་ཚགས་པོ་ཞིག་མཁྱེན་འདོད་ཡོད་ན་གྲྭ་སའི་ཕྱི་ནང་གསང་གསུམ་ལ་ཞིབ་འཇུག་དང་། རྒྱུས་ལོན་ཡང་དག་པ་ཞིག་བྱོས་དང་ད་གཟོད་ཁྱེད་ཀྱིས་ཡོད་ཚད་ནས་ཡོད་ཚད་རྟོགས་ཐུབ་པ་ཁོ་ཐག་ཡིན།

  5. དགུ་རོང་གྲུབ་ཆེན། says:
    2008-12-26 at 1:36 pm

    གྲྭ་སའི་སློབ་གཉེར་ཕྱོགས་ལ་འགྲན་ཟླ་མེད། །
    དགེ་བསྐོས་བཙན་པོ་རྣམས་ལ་སྙིང་རྗེ་མེད། །
    ལྕགས་ཚན་དམར་པོའི་འོག་ན་བདེ་སྐྱིད་མེད། །
    གྲྭ་འགའི་རྒྱབ་ན་གསོན་པོའི་ཤ་ཞིག་མེད། །

  6. རྫ་སྲས་བདེ་ཆེན says:
    2008-12-26 at 10:58 pm

    སྔོན་ཆད་གྲྭ་ས་རིག་པའི་ཕ་ས་རེད།།
    དེ་རིང་གྲྭ་ས་ཚིག་གི་གཡུལ་ས་རེད།།
    ཐ་སྙད་ཚིག་གི་འཁོར་ལོ་སྟོང་བསྐོར་དེ།།
    འགྲན་ཟླ་མེད་པའི་ཕྱོགས་སུ་རློམ་ཐབས་མེད།།

  7. དགུ་རོང་གྲུབ་ཆེན། says:
    2008-12-27 at 12:39 am

    གྲྭ་པའི་གྲོང་ཁྱེར་ཞིང་ས་གཉན་པས་ན། །
    ཚིག་ངན་སྡིག་པའི་སེར་བ་ངས་མི་འབེབ། །
    ཡིན་ཡང་དགེ་བསྐོས་ཁྲག་གི་ལག་སོར་ཅན། །
    གང་ཡོད་དེ་དག་ཞི་བདེའི་གཤེད་མ་དངོས། །

  8. མགོན་པོ་ཕྱག་གཉིས་པ། says:
    2008-12-27 at 1:45 am

    དགེ་བསྐོས་བཙན་པོའི་ལྕག་གཡུག་ཁྲིམས་བསྒྱུར་འདི།།
    རྒྱལ་ཁབ་འགའ་རེར་སྔོནམའི་བྱུང་རབས་རེད།།
    མི་རིགས་འགའ་རེར་ད་ལྟའི་གནས་བབ་རེད།།
    སྤྱི་སེམས་ཅན་གྱི་ཆོས་ལུགས་སྤྱི་འཐུས་རེ།།
    ཡོད་ན་ཁྲིམས་སྒྲིགས་གསར་བ་བཟོ་རན་རེད།།
    དེང་རབས་སློབ་གསོའི་རིག་པ་སྤེལ་རན་རེད།།
    མེད་ན་ཨོང་ཤ་ལྕག་ལ་བཟེད་རོགས་རེད།།
    ཤ་ཟད་རུས་པར་ཐུག་པའི་ངལ་བ་བསྟེན།།

  9. གངས་ཐིགས་ says:
    2008-12-27 at 8:39 am

    བརྒལ་བརྟག་རིགས་པའི་ང་རོས་སྟོང་གསུམ་ཁྱབ། །ཉམས་ལེན་བདུད་རྩིའི་ཟེགས་མས་སེམས་རྒྱུད་བརླན། །གངས་ཅན་རིག་པའི་ཕ་ས་དམ་པ་འདིར། །ཁུངས་མེད་མུ་ཅོའི་གཏམ་གྱིས་དམའ་འབེབས་པ། །རྫ་སྲས་བདེ་ཆེན་བདེ་མེད་ལས་གསོག་མཁན། །མི་རུང་བཤུང་བའི་ཚིག་འདིས་རང་ཉིད་ཕོངས། །

  10. དགུ་རོང་གྲུབ་ཆེན། says:
    2008-12-27 at 1:54 pm

    རྫ་སྲས་བདེ་ཆེན་མགོན་པོ་ཕྱག་གཉིས། །
    དགེ་བསྐོས་བཙན་པོར་སྡང་བ་བདེན་མ། །
    སྙིང་རྗེ་མེད་པའི་རྟ་ལྕགས་འཇིགས་པོས། །
    དགེ་འདུན་སྡེ་ལ་འབྲབ་པ་བདེན་མ། །

  11. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-27 at 3:42 pm

    བདེན་དང་མི་བདེན་དྲང་ཐིགས་ཡོད་མེད་དང་།།
    དེང་གི་གྲ་ས་ཆེན་མོར་བལྟ་སོ་མེད་པ་སོགས།།
    གླེང་ནས་རང་གི་ངན་ནོར་བཤད་འདོད་པ།།
    དེ་འདྲ་ཡིན་ན་རང་སྐྱོན་ངོས་ལེན་ལ།།
    དགའ་བསུ་ལོས་བྱེད་རྒྱབ་སྐྱོར་བྱས་ཀྱང་འགྲིག།
    དེ་འདྲ་མིན་པར་གྲ་ངན་རེ་ཟུང་གིས།།
    བྱས་ཉེས་ཙམ་ལ་བརྟེན་ནས་གྲ་མང་ལ།།
    བཀུར་འདེབས་བྱེད་པ་དེ་ནི་མི་འགྲིག་པས།།
    གཏམ་བཤད་གང་ཡང་མགོ་གཞུག་ཡོད་ན་བཟང་།།
    དེ་མིན་རང་གི་རིགས་ཀྱི་ཁྱད་ནོར་སྤེལ་ཡུལ་དེ།།
    གྲ་ས་ཆེན་མོར་དམོད་པ་མི་འོས་ལ།།
    མི་རིགས་གཞན་གྱི་གོ་ན་འཚང་ངན་དང་།།
    ལ་རྒྱ་ཅན་གྱིས་གོ་ན་སྙིང་ནད་བྱེད།།
    བདེན་པའི་བཅའ་ཁྲིམས་འཁུར་ཤེས་བལ་ལས་ཡང་།།
    མི་ཤེས་ལྕགས་ཚན་འོག་གི་སྒྲིག་ཁྲིམས་ཤིག།
    དེ་འདྲ་ཟེར་ནས་བཤད་ན་འགྲིག་པར་སྣང་།།

  12. དགུ་རོང་གྲུབ་ཆེན། says:
    2008-12-27 at 4:30 pm

    སྡོམ་པ་གསུམ་གྱི་བཅས་པས་མི་ཐུལ་བར། །
    དགེ་བསྐོས་བཙན་པོས་འདུལ་དགོས་དོན་གྱིས་སྟོང་། །
    སྡོམ་པས་བཏུལ་ན་ས་ལམ་བགྲོད་པར་བརྩི། །
    ལྕག་གིས་བཏུལ་ན་ནག་ཆེན་སྐྱེ་བོར་བརྩི། །

  13. རྫ་སྲས་བདེ་ཆེན says:
    2008-12-27 at 11:47 pm

    སྐུ་ཞབས་གངས་ཐིགས་ལ་སོགས་དྲ་གྲོགས་ནམ་པ།།
    བདེན་པ་ཚིག་གཅིག་གླེང་ལ་ཞེན་སྣང་མ་བྱེད།།
    དུངས་ཞེན་གཏམ་གྱིས་རང་མགོ་རང་གིས་གཡོག་པ།།
    འུ་ཅག་ཕོངས་ལ་སྦྱོར་མཁན་བསམ་བློ་འདི་རེད།།

  14. རྫ་སྲས་བདེ་ཆེན says:
    2008-12-28 at 12:23 am

    དྲ་གྲོགས་མི་ལགས་ ང་གྲྭ་ས་ནས་ཕུད་པ་ཞིག་མིན་ལ། གོང་དུ་སྐད་ཆ་ཉག་ཉོག་རེ་བཤད་ཁུལ་བྱས་པ་ཡང་མི་སྒེར་གྱི་བདེ་བ་སྡུག་བསྔལ་ཞིག་རྩ་ནས་བཤད་ཀི་མེད། དེར་བརྟེན། ཁྱེད་ཅག་དྲ་གྲོགས་ཚོས་གྲྭ་སའི་སློབ་གཉེར་བ་ཚོའི་མདུན་ལམ་ལ་ཐུགས་ཁུར་དང། གྲྭ་སའི་རིག་གནས་ལ་འགན་ཁུར་ཡོད་པའི་སྒོ་ནས་དང་། ལྷག་བསམ་གཙིགས་བཟུང་གི་སྒོ་ནས་གླེང་སློང་ཤུགས་ཆེན་ཞིག་བྱ་རྒྱུ་ནི་ངའི་རེ་བ་ཡིན་ལགས།

  15. བོད། ལྷ་ཀླུ་གཉན་གསུམ། says:
    2008-12-28 at 4:41 am

    རྫ་སྲས་བདེ་ཆེན་ལགས། ཐོག་མར་ཁྱེད་རང་གི་སྐད་ཆ་འདི་ཚོ་ཞུ་ས་ནི་གྲ་སའི་ནང་གི་ཤེས་ཡོན་ཅན་གྱི་གྲ་མང་ཚོ་ཡིན་ལ། དེ་ནས་ཡར་དགེ་བསྐོས་དང་མཁན་པོ་དག་གི་རྣ་ལམ་དུ་བསྐྱལ་ནས་འགྱུར་བ་ཞིག་གཏོང་ཨེ་ཐུབ་ལ་བལྟ་དགོས། དེ་ལྟར་ལག་ལེན་བྱས་མཐར་མ་འགྲུབ་པ་ཞིག་བྱུང་ན་གཟོད་ནས་བོད་གཞུང་ཆོས་རིག་ལས་ཁུངས་སུ་སྙན་ཞུ་འབུལ་དགོས་པ་རེད། བདེན་པ་ཡིན་ན་བདེན་པ་ལ་མཐའ་ཡོད་ངེས་རེད། དེ་མིན་གོ་དགོས་མཁན་དང་ཤེས་དགོས་མཁན་དག་གི་རྣ་ལམ་དུ་མ་འབྱོར་བར་འདི་ནས་བཤད་བསྡད་ན་དགོས་པ་ཞིག་མཐོང་མ་སོང་། དེ་ལྟར་ཡིན་མིན་ཉིད་ཀྱིས་ཐུགས་བསམ་ཡག་པོ་གཏོང་རོགས་ཞུ།

  16. རྫ་སྲས་བདེ་ཆེན says:
    2008-12-28 at 11:37 pm

    གྭ་སའི་གྲ་རྐྱང་ཚོར་སྐད་ཆ་ཞིག་བཤད་སའི་ཁོར་ཡུག་གང་ན་ཡོད་དེ། གཏན་དུ་མེད། གལ་ཏེ་དགེ་སྐུལ་དང་མཁན་པོའི་རྣ་ལམ་དུ་བསྐྱལ་རྒྱུ་ཟེར་ན་དེ་མ་ཉིད་དུ་གྲྭ་ས་ནས་རྒྱང་འཕུད་གཏོང་གིན་ཡོད་པས། དཀའ་ངལ་འདི་ལ་གདོང་ཐུག་རྒྱག་དགོས་ཟེར་ན་ངོ་མ་ཁག་པོ་ཞིག་མ་རེད་དམ། གདམས་ཀ་ཞིག་ལྷག་ཡོད་པ་ནི་སྨྱུག་ཐོགས་པ་ཚོས་འདི་གནད་དོན་ཞིག་ལ་བརྩིས་ནས་འགན་ལེན་དགོས་དེ་པ་ཞིག་མ་རེད་དམ།

  17. མིག་གསུམ་པ་ says:
    2008-12-28 at 11:50 pm

    དྲ་གྲོགས་རྣམ་པས་བསམ་ཚུལ་ཡག་པོ་བཤད་འདུག གཙོ་བོ་དྲ་ཚིགས་ནས་བཤད་རེས་རྒྱག་ཙམ་མ་ཡིན་པར་དངོས་སུ་གྲྭ་སའི་ལྕག་ཚན་ལ་རྒྱུས་ལོན་བྱ་རྒྱུ་ཧ་ཅང་གལ་ཆེ་ཀི་ཡ་་་་་་་

  18. བསེ་རུ། says:
    2009-01-22 at 8:35 am

    ཚལ་གྱི་ལོ་མ་རྐང་བརྒྱད།

    ཉིན་ཞིག་བཙོན་སྲུང་བས་བཙོན་པ་ཚོ་ཕྱི་ཕྱོགས་སུ་གཙང་མ་བཟོ་བར་སྐད་བཏང་ནས་ཁོར་ཡུག་ཚང་མར་གད་ཕྱགས་ནས་གཙང་མ་བཟོས་པ་དང་སྦྲགས། དྲོད་ཁང་ནང་གི་རྩྭ་སྙིགས་རྣམས་བརྔ་རུ་བཅུག བཙོན་པ་ཚོར་མཚོན་ན་རྩྭ་སྙིགས་རྣམས་ཀྱི་ཁྲོད་ན་ཡང་རང་ཉིད་ལ་མཁོ་བའི་ཟ་ཆས་ལེགས་ཤོས་བརྩི་བའི་ཟས་རིགས་ཀྱང་ཡོད་པ་ཡིན། ལས་ཀ་ཚང་མ་ཚར་རྗེས་ཉི་མ་ཚེ་རིང་གིས་དྲོད་ཁང་ནང་གི་རྩྭ་སྙིགས་ཁྲོད་ནས་བསྒྲུགས་པའི་ཨོའོ་སུན་(རྒྱ་སྐད་)དེའི་ལོ་མ་སྤྱིར་མིས་ཟ་གི་མེད།ལོ་མ་མི་ཉུང་བ་ཞིག་རང་ཉིད་དང་རོགས་པ་ཚོ་མཉམ་དུ་ཟ་བའི་ཆེད། ལྐོག་ལྐོག་སུད་སུད་ངང་རང་ཉིད་ཀྱི་ཉལ་ཁང་ཕྱོགས་སུ་འཁྱེར། དེ་རྗེས་བཙོན་སྲུང་བས་མཐོང་ཕྲལ་རྒྱབ་ཏུ་རྗེས་དེད་གཏོང་སྐབས་ཁོ་དངངས་སྐྲག་གིས་ཚལ་གྱི་ལོ་མ་རྣམས་གསང་སྤྱོད་དུ་ཐད་ཀར་གཡུགས་པས་ལོ་མ་དེ་དག་བཙོག་གཅིན་གྱི་འདམ་རྫབ་ཁྲོད་ངང་པ་མཚོ་ལ་བརྒལ་བ་བཞིན་གནས། བཙོན་སྲུང་བ་གསང་སྤྱོད་ནང་གི་ཚལ་དེ་རྣམས་ཉི་མ་ཚེ་རིང་གི་འཇམ་གཉེན་ལག་པ་གཉིས་ཀྱིས་སྒྲུག་ཏུ་འཇུག་སྐབས། ཁོས་བཙོག་གཅིན་དེ་ལྟ་བུའི་ཁྲོད་ལག་པ་རྒྱག་རྒྱུར་ཐེ་ཚོམ་དུ་ལུས་པའི་ཚེ། བཙོན་སྲུང་བས་རྒྱུན་དུ་ལག་ཏུ་ཐོགས་བཞིན་པའི་གློག་རྒྱུག་དེ་ཁོ་པའི་བརླ་ཡི་སྟེང་དུ་བཙུགས་པས་ཁོ་སྐད་ངན་ཤོར། དེ་ནས་ཁོས་དེ་རྣམས་རེ་རེ་ནས་ལག་ཏུ་བླངས། དེ་རྗེས་གསང་སྤྱོད་ནས་མར་ཐོན་ཏེ་བཙོན་པ་གཞན་ཚོའི་མདུན་དུ་གློག་རྒྱུག་དེ་ལུས་པོའི་སྟོད་ཕྱོགས་སུ་ཡང་ཡང་བཙུགས་པ་མ་ཟད། ཚལ་དེ་རྣམས་ངེས་པར་དུ་ཟ་དགོས་ཞེས་ཚིག་རྩུབ་སྨྲ་བཞིན། ཁོའི་འགྲམ་པ་དང་ཁ་ལ་ཡང་གློག་རྒྱུག་བཙུགས་ནས་དམར་ནག་ཁྲག་རྣམས་ཉིལ་ཉིལ་དུ་བཞུར་བཞིན། ལག་ནང་གི་ཚལ་གྱི་སྟེང་དུ་ཡང་ཐིགས་པ་ཟགས། ཡང་བསྐྱར་ཚལ་དེ་རྣམས་ཁ་ནང་དུ་གཙང་མ་ཟོས་པ་ཙམ་མ་ཟད་འཁྱུར་མིད་གཏོང་དགོས་པའི་བཙན་གཤེད་བྱས་སྟབས། ཉི་མ་ཚེ་རིང་རང་དབང་མེད་པར་བཙོན་པ་བརྒྱ་ཕྲག་གི་བཙོག་གཅིན་ཁྲོད་ནས་བསྒྲུགས་པའི་ཚལ་གྱི་ལོ་མ་རྐང་བརྒྱད་པོ་རྣམས་རང་ཉིད་ཀྱི་ཁོག་པའི་ནང་དུ་གཏོང་དགོས་བྱུང༌། དེ་རྗེས་ཉིན་ཤས་ཀྱིས་རྗེས་སུ་བཙོན་པ་ཚོ་ཐུག་འཕྲད་སྐབས། ཁོ་པའི་ནང་མིར་ཉི་མ་ཚེ་རིང་གིས་བཙོན་ཁང་ནང་ཉེས་པ་བསགས་པ་རེད། དེའི་ཆད་པ་སྤྲོད་དགོས་རེད་ཅེས་བཙན་དབང་བཤད་དེ་ཨོའོ་བསུན་ཚལ་གྱི་ལོ་མ་རྐང་རེ་རེར་རྒྱ་སྒོར་བཅུ་རེ་བརྩིས་བསྡོམས་རྒྱ་སྒོར་བརྒྱད་ཅུ་ཐམ་པ་ནང་མིའི་ལག་ནས་བླངས་པ་རེད། སྐབས་དེའི་ཚལ་རྣམས་ཀྱི་རིན་ཐང་ནི་དེའི་དུས་རིན་གོང་ཆེ་ཤོས་དང་ཚལ་གྱི་ལོ་རྒྱུས་ཁྲོད་ཡ་མཚན་པ་ཞིག་ཀྱང་རེད། གཅིག་བྱས་ན་ཚལ་དེ་ཉིད་ལ་དུས་རྒྱུན་ནས་ང་ཚོས་བཙོག་གཅིན་ཕངས་མེད་དུ་བརྒྱབས་པའི་རྐྱེན་གྱིས་ང་ཚོར་ལས་འབྲས་འཁོར་བ་ཞིག་ཀྱང་ཡིན་སྲིད། འོན་ཀྱང་དེ་འདྲའི་ལས་འབྲས་ཤིག་ང་ཚོ་ནང་པས་ཁས་ལེན་མི་ཐུབ་པ་ཡིན། །
    (དེ་ནི་སྤྱི་ཚོགས་ཀྱི་ཟུར་ཞིག་གི་གནས་ཚུལ་རེད་ལ་བཙོག་གཅིན་ཁ་ནང་ཟ་མཁན་གྱི་བོད་མིའི་རྒྱལ་གཅེས་མི་སྣའི་ཚབ་མཚོན་ཞིག་དང༌། འཇིག་རྟེན་འདིའི་སྟེང་གི་བཙོག་གཅིན་ཁྲོད་ཀྱི་ཟས་སྙིགས་ཟ་མཁན་གྱི་ཚབ་མཚོན་མི་སྣ་ཞིག་ཀྱང་རེད། ད་དུང་དེ་དང་དེ་འདྲ་བའི་དངོས་བྱུང་གི་ལོ་རྒྱུས་མང་ལ་ལོ་རྒྱུས་དེ་ནི་བོད་མི་རིགས་ཀྱི་ལོ་རྒྱུས་ཀྱི་ཤོག་ལྷེའི་ནང་དུ་འགོད་འོས་པ་ཞིག་རེད།)

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (64)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (53)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (28)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme