གཅོད་པ་སྐྱབས།
དུས་ཚོད་ནི་རིག་གནས་གསར་བརྗེའི་སྐབས་རེད། དགེ་བཤེས་ལགས་དགོན་པ་ནས་སྡོད་མ་བཅུག་པར་ཁྱིམ་དུ་ལོག་ཡོད། ཁྱིམ་དུ་དགེ་བཤེས་ལགས་ཀྱི་ཇོ་ཇོ་དང་། ཇོ་ཇོའི་ཆུང་མ། ཇོ་ཇོའི་བུ་དང་བུའི་མནའ་མ་བཅས་ཡོད་ཟེར། ཇོ་ཇོ་བཟའ་མི་གཉིས་ཡུལ་གཞན་ཞིག་ཏུ་གཉེན་ཉེར་ཐུག་འཕྲད་བྱེད་དུ་ཕྱིན། ཇོ་ཇོའི་བུ་ཡང་ཡུལ་གཞན་ཞིག་ཏུ་ཁྱིམ་ལས་བྱེད་དུ་ཕྱིན། ཤུལ་དུ་ལྷག་པ་ནི་དགེ་བཤེས་ལགས་དང་མནའ་མ་གཉིས་རེད།
མཚན་གྱི་ཆུ་ཚོད་བཅུ་པ་ཙམ་ལ་ཁྱིམ་གྱི་སྒོའི་ལྕགས་ལོང་དཀྲོལ་བ་རེད། ལྕགས་ལོང་ཟེར་ན་ཤིང་སྒོ་ཅན་གྱི་ཁང་པའི་སྒོ་ལ་བཏབ་པའི་ལྕགས་ཀྱི་ཨ་ལོང་དེ་ཡིན་པ་དང་། ཨ་ལོང་ཕོ་མོ་ཁ་སྤྲད་རྗེས་སྒོ་ལྕགས་རྒྱག་དགོས་པ་རེད། ལྕགས་ལོང་དཀྲོལ་བ་ནི་དགོན་པ་ཁག་ཏུ་འགྲུལ་བ་རེ་སླེབས་སྐབས་སྒོ་རྡུང་བའི་ཚབ་རེད། དགེ་བཤེས་ཀྱིས་འགྲུལ་པ་ཞིག་སླེབས་སོང་བསམས་ནས་སྒོ་ཕྱེ་རུ་ཕྱིན། སྒོ་ཕྱེས་སྐབས་ཕོ་གསར་ཞིག་ཡོད་པ་དང་། དེས་དགེ་བཤེས་མཐོང་འཕྲལ་བྲོས་ཕྱིན་པ་རེད། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ལ་སླར་ཡང་ལྕགས་ལོང་དཀྲོལ་བ་རེད། དགེ་བཤེས་ལགས་ཀྱིས་མི་འདི་ནི་ང་གཉིད་མ་བཅུག་པར་བརྙས་གཙེས་བྱེད་མཁན་ཞིག་ཡིན་འདྲ་བསམས་ནས་སླར་ཡང་སྒོ་ཕྱེ་རུ་ཕྱིན། སྔར་བཞིན་ཕོ་གསར་དེ་བྲོས་ཕྱིན་པ་རེད། དགེ་བཤེས་ཀྱིས་མི་དེ་ལ་སྡིག་དམོད་བྱེད་བཞིན་སླར་ཡང་སྒོ་བརྒྱབ་སྟེ་ཁྱིམ་དུ་འཛུལ། གཉིད་ཁུག་མ་ཁུག་གི་མཚམས་དེ་འདྲ་ཞིག་ལ་སླར་ཡང་ལྕགས་ལོང་དཀྲོལ། དགེ་བཤེས་ལགས་ཁོང་ཁྲོ་ལངས། ལག་ཏུ་དབྱུག་པ་སྦོམ་པ་ཞིག་འཁྱེར། སྒོ་ཕྱེས་སྐབས་སླར་ཡང་ཕོ་གསར་དེ་ཡིན་པ་དང་། དགེ་བཤེས་མཐོང་འཕྲལ་བྲོས། དགེ་བཤེས་ལགས་ཀྱིས་སྡིགས་དམོད་དང་བཅས་དབྱུག་པ་ཁོའི་ཕྱོགས་སུ་ཤུགས་ཀྱིས་འཕངས། ཕོ་གསར་གྱི་རྐང་པ་ལ་ཕོག་པ་དང་ས་ལ་འགྱེལ། འགྱེལ་མ་ལང་བྱས་ཏེ་བྲོས། དེ་ནས་ཕོ་གསར་དེ་སླར་ཡང་མ་ཡོང་། དགེ་བཤེས་ལགས་ཀྱང་གཉིད་སྐྱིད་པོ་ཁུག་རྒྱུ་བྱུང་བ་རེད།
དེ་ནས་ཉི་མ་འགའ་ཡི་རྗེས་ལ་ཁྱིམ་མི་ཚང་མ་འཛོམས། དགུང་ཟས་ལ་རོལ་སྐབས་དགེ་བཤེས་ལགས་ཀྱི་སེམས་ལ་སྒྲུང་འདི་འཁོར། ཁོང་གིས་ཐུག་པ་ཚ་བོ་དེ་མཆོད་ཞོར་སྒྲུང་འདི་ལ་བརྟེན་ནས་ཁོང་གཉིད་ཡག་པོ་ཁུག་མ་ཐུབ་པ་དེ་ནང་མི་ལ་བཤད་འདོད་སྐྱེས། ཁོང་གིས་ཁྱིམ་མི་རྣམས་ལ་དོ་སྣང་མ་བྱས། ཐུག་པ་འཐུང་ཤོར་དང་སྒྲུང་བཤད་ཞོར་བྱས། རང་གི་འཁྲིས་ལ་ཡོད་པ་ནི་རང་གི་ཇོ་ཇོ་རེད། དགེ་བཤེས་ཀྱིས་ཁྱིམ་མི་རྣམས་ལ་དོ་སྣང་བྱས་་སྐབས། ཁྱིམ་མི་ཚང་མ་ངོ་ཚ་ཐག་ཆོད་ནས་ཁྱིམ་ནས་བྲོས་ཡོད་པ་ཤེས་པ་རེད། ཁོང་གི་ཇོ་ཇོས་ཁོང་ལ་བཤད་རྒྱུར། “ལྕགས་ལོང་དཀྲོལ་བ་དེ་འགྲུལ་པ་ཡོང་བ་མ་རེད། འདི་དགའ་རོགས་འཚོལ་དུ་ཡོང་བ་རེད། ཁྱིམ་ནས་སྐད་ཆ་འདི་བཤད་རྒྱུ་ཡོད་མ་རེད།” ཅེས་བཤད། དེ་ལྟར་དགེ་བཤེས་ལགས་ཀྱིས་འཇིག་རྟེན་ཁྱིམ་པའི་འགྲོ་ལུགས་མ་མཁྱེན་པར་ཁྱིམ་མི་རྣམས་ངོ་ཚ་པོ་བཟོས་པ་རེད་ཟེར།
དགེ་བཤེས་ལགས་ལ་ཁག་ཡོད་མ་རེད། གཅིག་ནས་ཁྱིམ་པའི་ཕོ་མོའི་འགྲོ་ལུགས་མ་མཁྱེན་པ་རེད། གཉིས་ནས་སྐུ་མ་འདྲ་བའི་མི་དེས་ཚོད་མ་ཟིན་པ་རེད། གཞན་ཞིག་ནས་རང་འབྱོན་ཐོ་གཞན་ལ་ངོམས་འདོད་པའི་སྐྱོན་གྱིས་ཡང་རེད། སྙན་པོ་འདུག །སྙན་པོ་འདུག །
མཚར་གཏམ།
གྲོང་ཁྱེར་དང་བར་ཐག་ཆེས་རིང་བའི་གྲོང་གསེབ་ཁུག་ཀྱོག་ཅིག་ཏུ་བོད་ཡིག་གི་ཤེས་ཚད་ཅུང་མཐོན་པོར་རློམ་པའི་དགེ་རྒན་ཞིག་ཡོད་པ་དེས་ལོ་ན་ལྔ་དྲུག་ཙམ་ལ་སླེབས་པའི་བློ་གསར་སློབ་བུ་སྐོར་ཞིག་ལ། འདི་སྐད་དུ། རྐུན་མའི་རྐུ་ནི་ར་རྐུ་ལ།། རྒྱལ་བའི་སྐུ་ནི་ས་སྐུ་ཡིན།། ཞེས་པའི་དག་ཡིག་གི་སློབ་ཁྲིད་གནང་སྐབས། སློབ་ཕྲུག་ཅིག་ཡར་ལངས་ཏེ་གུས་རྔམས་དང་བཅས་རྒན་ལགས། ” རྐུན་མའི་རྐུ་ནི་ར་རྐུ་” ཞེས་པའི་དོན་ཅི་རེད་ཅེས་དྲིས་རྗེས། རྒན་ལགས་ཀྱིས་པསམ་བློ་ཞིབ་མོ་ཞིག་བཏང་སྟེ་རྐུན་མས་དང་ཐོག་ར་བརྐུས་ཤིང་དེ་ནས་ལུག་དང་གླང་སོགས་པརྐུས་པའི་དབང་གིས་མིང་དེ་ལྟར་ཐོགས་སོ་ཞེས་པརྗོད་དོ།།
2སེམས་བཟང་ལགས་ཀྱིས་1དོན་འགྲུབ་ལགས་ལ་སྒྲུང་གི་ཐོག་ནས་གོ་བརྡ་སྙིང་རྗེ་པོ་ཞིག་སྤྲད་འདུག་ག ཧཧ