ཀླུ་སྨྱོན།
སྒྲུང་ཐུང་ཡིག་བརྒྱ་མ།
མདང་ནུབ་ཀྱི་ཁ་བས་རྡོ་ལ་རྡར་གྱི་རི་བརྒྱུད་ཧྲིལ་བོར་གངས་དཀར་གྱི་ན་བཟའ་བཀླུབས་འདུག སྒྲུང་དེབ་མཐུག་པོ་ཞིག་སིལ་བུར་གཏུབས་ནས་ནམ་མཁར་གཏོར་བ་དང་འདྲ་བའི་སྨུག་སྤྲིན་མཐུག་པོ་ཞིག་རི་རྩེ་ནས་ལྷོ་ཕྱོགས་སུ་སྐྱོད་བཞིན་ཡོད། ཁོས་གདོང་ཤིང་ནགས་མཐུག་པོའི་ཕྱོགས་སུ་འཁོར་ནས་གཅིན་པ་གཏོང་བཞིན་འདུག གཡས་ཕྱོགས་ཀྱི་ལྕགས་ཤོག་ཁང་པ་ནས་བེད་སྤྱོད་བཏང་ཟིན་པའི་སྦྲུམ་འགོག་འགྱིག་ཤུབ་ཀྱི་དྲི་མ་སྐྱུར་བོ་ཞིག་སྣ་ལམ་དུ་བར་མེད་འཐུལ་ཡོང་། ཕ་རོ་བཟའ་རྒྱུ་དེ་མདང་དགོང་ཡང་བསླེབས་པ་འདྲ། ཁེར་བཤད་འདི་ཁོ་རང་མ་གཏོགས་གཞན་གྱིས་ཐོས་མི་ཐུབ་ཀྱང་ཁོའི་སེམས་ནང་ཡིད་ཚིམས་པའི་སྣང་བ་ཞིག་དང་འཁོན་ལན་བསློགས་ཟིན་པའི་ཚོར་བ་ཞིག་འདྲེས་མར་སྐྱེས།
སང་ཉིན་ལོ་གསར་ཡིན་པ་འདྲ། ཉིས་སྟོང་བཅོ་ལྔ། ཨ་ཨ། ཡང་ལོ་གཅིག་རྫོགས་ཚར་འདུག ཁོས་ལག་པ་གཡོན་པས་བྱང་ཆ་ལྡན་པའི་ངང་མཇེ་རྩ་ནས་སྒུལ་ཙམ་བྱས་པ་ན་གཅིན་ཟེགས་འགའ་ཀོ་ལྷམ་ཟད་པོ་དེའི་སྟེང་དུ་ཐོར། ཁོ་སྐམ་དྲགས་པས་རྐང་སྣམ་ཁ་འདིག་གི་ཨུ་ཁུང་ཡང་གསར་བ་རེ་མ་ཕུག་ན་འཆིང་ས་མི་འགྲོ ཁྱི་སྐྱག་ལྟ་བུའི་ཆབ་སྲིད་འཐབ་རྩོད། ཡང་ཁོས་ཅིག་ལ་སྡིག་གིན་འདུག རྒན་རྒོན་ཚང་མ་ས་མཐའ་ནས་འཆི་བཞིན་འདུག ཁོའི་མིག་མཐའ་མཆི་མས་བརླན། མཆིལ་མ་ཞིག་ཤུགས་ཀྱིས་འཕངས་པ་ཕྱི་ཤོག་སེར་པོར་གྱུར་ཚར་བའི་དུད་སྣེ་ཞིག་གི་སྟེང་དུ་ལྷུང་ཞིང་། དེས་འདུར་རྒྱུག་གིས་བྲེལ་བཞིན་པའི་གྲོག་མ་འགའི་ཚེ་སྲོག་བརླགས།
ཞོགས་ཇ་འཐུང་བར་གང་དུ་འགྲོ་དགོས། ལྕགས་ཤོག་ཁང་པ། མི་སྲིད། རྒྱོ་རྒན་དེ་གཉིས་ད་དུང་གཅིག་གཅིག་ལ་འཐམས་ནས་ཉལ་བསྡད་ཡོད་སྲིད། འདོད་ཆགས་གྲྭ་ལོག་ཆེ། ཕེ། ཁོས་དམོད་ཚིག་ཅིག་བཏོན་རྗེས་ཕྱིར་ནང་དུ་ལོག ཕོ་བ་ལྟོགས་ནས་འུར་སྒྲ་གྲག་བཞིན་འདུག བཞི་མདོར་གཞོན་ལྷན་དང་བུད་མེད་ཚོགས་པ་གང་རུང་ཞིག་གིས་དགོང་མོར་མར་མེ་ཁྲོམ་སྐོར་ཡོད་ལུགས་ཀྱི་གསལ་བརྡ་སྒྲ་དུང་ལས་སྒྲོག་བཞིན་འདུག ཁོ་ལ་མཚོན་ན་དེ་དང་སྲང་ཁྱི་ཚོའི་ངུ་སྐད་གཉིས་ཀྱིས་རྣ་བ་སུན་པར་བྱས་ཡོད། ཁོས་ཆབ་སྲིད་ལམ་སྟོན་དང་མའོ་ཙེ་ཏུང་གི་དེབ་ཆུང་དམར་པོ་སོགས་ལག་པར་གང་ཐེབས་པ་མགོ་ནས་མཇུག་བར་ཀློག་སྲོལ་ཞིག་ཡོད། ཡིན་ན་ཡང་ཁོས་རྟག་པར་ཆབ་སྲིད་པ་ཚོས་ཐ་སྙད་གསར་པ་བཀོལ་སྟངས་ལ་མཉམ་འཇོག་པ་མ་གཏོགས་དེ་དག་གི་ཆབ་སྲིད་ལྟ་གྲུབ་ལ་དོ་སྣང་སྤུ་ཙམ་ཡང་མི་བྱེད་མོད། འཆི་ཁ་རྒས་ཁར་ཆུང་མ་ཞིག་དང་རང་ཉིད་ལ་དབང་བའི་ཁང་ཆུང་ཞིག ད་དུང་རྒྱང་ལྗོངས་མཛེས་པོ་ཞིག་མཐོང་ཐུབ་པའི་སྒེའུ་ཁུང་ཞིག་ལ་རེ་སྨོན་བྱེད་བཞིན་འདུག ་་་ ་་་
—-ལོ་གསར་ཉིན་ཁེར་རྐྱང་ངང་ཆུ་ཁོལ་འཐུང་བཞིན་བྲིས།
གྲྭ་པས།
ལོ་གསར་ལ་ཆུ་ཁོལ་འཐུང་། །
མ་ིསྐྱས།
ལོ་གསར་ལ་ཆང་ཁོལ་འཐུང་། །
བོད་པས།
ལོ་གསར་ལ་བོད་ཇ་འཐུང་། །
རྒྱ་གར་པས།
ལོ་གསར་མངར་ཆ་འཐུང་། །
བླ་མ་ཀླུ་སྨྱོན་སོགས་བོད་སྐད་ལ་དོན་གཉེར་ཡོད་པ་ཡོངས་ལ་བོད་ལོ་གསར་ལ་བཀྲ་ཤིས་བདེ་ལེགས། བོད་སྐད་ཀྱི་ཞབས་ཏོག་ལ་དམིགས་ཏེ། བོད་ཚིག་འགའ་ལ་དཔྱད་པར་བྱ། ཧྲིལ་བོར་དང་ཧྲིལ་པོར་དང་པོ་ཁ་སྐད་དང་གཉིས་པ་དེ་བོད་འགའ་ཞིག་གི་ཁ་སྐད་ཡིན་པ་ཡིག་སྐད་དང་མཐུན། བེད་སྤྱོད་ཅེས་པའི་བེད་ལ་ཟུར་དུ་གོ་དོན་ཞིག་མེད་པ་འདྲ། གཅིག་ན། བྱེད་ཅེས་པ་གནའ་བོའི་འབོད་སྟངས་ཉམས་པ་ལས་བེད་དུ་ཆགས་པ་ཡིན་ཤས་ཆེ། ཤུབ་ཅེས་པ་ཁ་སྐད་འགའ་ཞིག་ཏུ་ཤུབས་ཟེར་བ་ཡིག་སྐད་དང་མཐུན། དགོང་ཞེས་པར་ཡང་ཁ་སྐད་འགར་དགོངས་ཞེས་པ་ཡིག་སྐད་དང་མཐུན། དགོངས་པ་ཞེས་པའི་མིང་ཚིག་བཞེད་པའི་དོན་དུ་བཀོལ་བ་ཡང་རྒྱ་གར་ཚིག་བོད་ཚིག་བཟོས་པ་ལས་བྱུང་། འདུར་དང་ཁ་འདིག་གི་དོན་བདག་གིས་མ་ཤེས། མིང་ཚིག་འདི་གཉིས་བོད་ཀྱི་ཡིག་སྐད་ན་ཡོད་པ་ཁོ་བོས་མ་མཐོང་། འོན་ཀྱང་དཔལ་ལྡན་རིགས་པའི་དབང་ཕྱུག་གིས།
་
ལུས་ཅན་ཡིན་ཡང་ཕྲ་བའི་ཕྱིར།
འགའ་ཞིག་ལ་ལར་ཐོགས་མེད་དེ།
ཆུ་བཞིན་གསེར་ལ་དངུལ་ཆུ་བཞིན།
མ་མཐོང་ཕྱིར་ན་མེད་མ་ཡིན། ༨༤ །། རྣམ་འགྲེལ་ཚད་མ་གྲུབ་པའི་ལེའུ
་
ཡིག་སྐད་ན་བོད་ཀྱིས་མཁས་པས་བཀོལ་ཡོད་པ་བསྟན་པར་རིགས་སོ།
་
གསར་བ་དང་གསར་པ་འབྲི་ཚུལ་གཉིས་ལས་ཕྱི་མ་ཡིག་སྐད་དང་མཐུན། སྒྲོག་དང་སྒྲོགས་གཉིས་གོ་དོན་མི་འདྲ་བ་མཐོང་། འབྲུག་ལྟར་ཆེར་སྒྲོགས་དང་། ལས་ཀྱི་ལྕགས་སྒྲོག ཅེས་པ་ལྟ་བུ། ཞོགས་ཇ་ཞེས་པ་སྔ་ཇའི་དོན་ལ་བོད་ནུབ་ཕྱོགས་པས་གཏན་ནས་མི་གོ དེ་བས་སྔ་ཇ་ཞེས་པ་བཀོལ་ན་ཆོས་སྐད་དང་མཐུན། ཡིག་སྐད་ན་ཡོད་པའི་མིང་ཚིག་དག་གིས་་བོད་སིལ་བུར་གཏོང་བའི་ལྕགས་སྒྲོག་གི་མདུད་པ་དམ་པོ་བཤིགས་ཏེ། བོད་གཅིག་སྒྲིལ་འབྱུང་བར་ལུག་ལོ་གསར་འདིར་སེང་གེ་ང་རོ་སྒྲོགས་སོ།
་
ནོར་པ་ཀུན་ལ་ཞུས་དག་མཛོད།
སྔ་ཇ། ཉིན་ཇ། ཕྱི་ཇ།
ཞོགས་ཇ། ཉིན་ཇ། དགོངས་ཇ།
ནུབ་ཟས།
ཉིན་ཟས།
ནུབ་ཟས།
ངའི་ཕ་ཡུལ་ནས་འདི་ལྟར་ ནངས་ཇ། དྲོས་ཇ། ནུབ་ཚ་ ཟེར།
དབྱར་ཉི་མ་རིང་དུས་དྲོས་ཇ་དང་ནུབ་ཚའི་བར་དུ་ཕྱི་ཇ་ཟེར་བ་ཞིག་ཀྱང་འཐུང་སྲོལ་ཡོད།
ཨ་ཁུ་འདི་ཚོ་བོད་ནས་གསར་དུ་ཡོང་དུས་ལམ་བར་ལ་གྲོགས་མོ་མང་པོ་ཡོད་ས་རེད་རྗེས་སུ་དགོན་པར་ཕྱིན་ནས་དེ་དག་ཐམས་ཅད་གཞན་གྱིས་འཁྱེར་བར་བརྟེན་ག་དུས་ཡིན་ནའང་དེ་ཚོས་མཛའ་མོ་དང་མཇེ་དང་སྟུ་ཟེར་ནསནཅིག
བཤད་ཡོང་གི་འདུག་
ངོ་མ་ཡག་གི
ཁ་བརྡས་ཡིག་གཟུགས་ལ་འགྱུར་བ་བཏང་བ་ཡིན་ནམ། སྔོན་མ་ལྟར་བདེ་སྣང་ཞིག་མི་འདུག