རིག་འབྱུང་དོན་གྲུབ་བཀྲ་ཤིས།
ཕལ་ཆེར་ཉིས་སྟོང་བརྒྱད་ལོའི་དགུན་ཁའམ་ཡང་ན་ཉིས་སྟོང་དགུ་ལོའི་ལོ་འགོ་ཡིན་བསམ། ཁ་ཎ་སྒྲར་གནས་སྡོད་མདའ་ཚན་པ་མགོན་པོ་ཚེ་རིང་དང་གུས་བའི་དབར་ལ། ལྗང་བུ་ལགས་མཁས་དབང་ཡིན་མིན་དང་རྩོམ་རིག་གི་དེད་དཔོན་ཡིན་མིན་གྱི་རྩོད་པ་ཞིག་བྱུང་། རྩོད་པ་དེའི་སྙིང་དོན་ནི། མདའ་ཚན་པས་ལྗང་བུ་ལགས་མཁས་དབང་དང་དེད་དཔོན་རེད་གསུངས་། གུས་བས་མཁས་དབང་དང་དེད་དཔོན་མ་རེད་། སྙན་ངག་པ་ཞིག་རེད་ལབ། མཐའ་མ་དེར་། མདའ་ཚན་པས་ལྗང་བུ་རྩོམ་རིག་མཁས་དབང་ཡིན་པའི་ཁུངས་ལ། བོད་མི་རྩོམ་རིག་ཆེད་མཁས་བ་ཞིག་གི་སྐད་ཆ་འཁྱེར་ནས་ཡོང་། གང་ལྟར་། སྐབས་དེའི་རྩོད་པ་དེ་ཅོལ་ཆུང་གི་རྩོད་པ་ཞིག་ཡིན། རྩོད་པ་དེ་རྒྱག་མཁན་ཡང་ཅོལ་ཆུང་ཞིག་ཡིན། དཔེར་ན་། གུས་བ་ལྟ་བུ།
ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་དབྱར་ཟླ་དྲུག་པའི་ཚེས་དགུ་ཉིན། “ནེའུ་ཡོག་གི་བོད་ཀྱི་ཁང་པར་” དེང་རབས་བོད་ཀྱི་རི་མོའི་འགྲེམས་སྟོན་ཞིག་གི་ཐོག་ཏུ་། ལྗང་བུ་ལགས་དང་དངོས་སུ་མཇལ་འཕྲད་བྱུང་ཞིང་། སྒྱུ་རྩལ་དང་སྒྱུ་རྩལ་བར་འབྲེལ་བའི་སྐོར་ལ་གླེང་མོལ་རིང་ཙམ་བྱུང་། སྐབས་དེ་དུས་། ཁོང་ནི་བོད་པའི་སྲོལ་རྒྱུན་ལ་གུས་བརྩི་དང་ཆེ་མཐོང་གནང་མཁན་ཞིག་ཡིན་པའི་ཚོར་སྣང་གུས་བར་བྱུང་། དེའི་དཔེ་མཚོན་ལྟ་བུར་། སྲོལ་རྒྱུན་གྱི་རྒྱ་ལས་བརྒལ་ཞིང་དེང་རབས་རི་མོའི་ལམ་ནས་བྲིས་བའི་སྟོན་པའི་སྐུ་ཞིག་གི་སྐོར་ལ་། ཁོང་གིས་འདི་འདྲ་ཞིག་གསུངས་སོང་། སྟོན་པའི་སྐུ་བརྙན་ལ་རྩེད་མོ་བརྩེས་བའི་རི་མོ་འདི་འདྲ་ཞིག་ཕྲིས་དང་ཨ་སྒོར་འབུམ་གཅིག་སྟེར་ལབ་ན། ངས་འབྲི་ས་མ་རེད་ཟེར་། ད་དུང་། ཁོང་གི་གྱོན་པ་གོན་སྟངས་ཚུན་ན་། བོད་ཀྱི་འབྲོག་པའི་གཤིས་ཀ་རྣལ་མ་དེ་མངོན་ནས་འདུག
ཉིན་རྗེས་མ་དེར་”ནེའུ་ཡོག་གི་ལ་རྩེ་དཔེ་མཛོད་” དུ་། ཁོང་གི་སྙན་དེབ་གཟུ་མིག་དགུ་བའི་དབྱིན་འགྱུར་མ་དེ་དབུ་འབྱེད་བྱས་བ་རེད་། གུས་བ་ཡོང་གི་ཡིན་པའི་ཁ་ཆད་བྱས་ཡོད་མོད་། བྲེལ་འཚུབ་ཀྱི་དབང་གིས་འགྲོ་ཐུབ་མ་སོང་། ངེད་ཀྱི་གྲོགས་པོ་བསྟན་འཛིན་རིག་གྲོལ་ལགས་དེར་ཕྱིན་འདུག་པ་མ་ཟད་སྙན་དེབ་དབྱིན་འགྱུར་མ་གཅིག་ཀྱང་ཉོས་འདུག རྗེས་སུ་བསྟན་འཛིན་རིག་གྲོལ་ལགས་ཀྱིས་གུས་བར་། ལྗང་བུའི་སྙན་ངག་དང་ལྗང་བུའི་མི་ཚེའི་བཞུད་ལམ་གཉིས་ཀྱི་འབྲེལ་ཐག་ཧ་ཅང་ཐག་ཉེ་བ་མ་ཟད་། ཁོང་གི་སྙན་ངག་རེ་རེར་གོ་བ་ལོན་པ་ལ། ཁོང་དང་སྦྲེལ་ནས་ཡོད་པའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས། སྤྱི་ཚོགས་འཚོ་བ་བཅས་ཤེས་དགོས་ཀྱི་འདུག་ཟེར། དེའི་དཔེ་མཚོན་འགའ་དྲངས་བའི་ཁོངས་སུ། ད་ལྟ་གུས་བའི་སེམས་ངོར་ཡོད་པ་ནི་ལྗང་བུའི་སྙན་ངག་ “ཤེལ་དཀར་གླིང་པ་” ཟེར་བ་དེ་རེད་། ལྗང་བུ་ལགས་ནི་སྙན་ངག་པ་གྲགས་ཅན་ཙམ་དུ་མ་ཟད་རི་མོ་བ་ཞིག་ཀྱང་རེད་འདུག སྒྱུ་རྩལ་བ་གྲགས་ཅན་བསྟན་འཛིན་རིག་གྲོལ་གྱི་མལ་སའི་རྩིག་ལྡེབས་སུ། ལྗང་བུས་བྲིས་བའི་རི་མོ་གསུམ་བཀལ་ནས་ཡོད་།
གུས་བས་བསམ་ན། ལྗང་བུ་ལགས་ཀྱི་སྙན་གྲགས་རྒྱས་ས་གཙོ་བོ་དེ་ཁོང་གི་བྲིས་རྩོམ་ཁག་ལ་བརྟེན་ནས་རེད་། བོད་ཕྱི་ནང་གཉིས་ན་ཁོང་གི་བྲིས་རྩོམ་ཁག་ལ་གདེང་འཇོག་ཆེན་པོ་འདུག དཔེར་ན། བོད་ནང་གི་མཆོད་མེ་དྲ་བ་རུ་། བོད་རིགས་ན་གཞོན་རྩོམ་འབྲི་བ་སྐྱབས་ཆེན་བདེ་གྲོལ་གྱིས། རང་ཉིད་ཆེས་དགའ་སའི་བོད་ཀྱི་རྩོམ་པ་པོའི་མིང་གི་ཁོངས་སུ་ལྗང་བུ་ལགས་ཀྱི་མིང་བཏོན་འདུག ད་དུང་། ལྗང་བུའི་དགེ་རྒན་བྱས་མྱོང་ཞིང་དོན་གྲུབ་རྒྱལ་གྱི་སློབ་གྲོགས་བྱས་མྱོང་མཁན་བོད་པ་མཁས་དབང་ཞིག་གིས། གུས་བར་འདི་འདྲ་ཞིག་གསུངས་མྱོང་། དོན་གྲུབ་རྒྱལ་དང་དོན་གྲུབ་དབང་འབུམ་གཉིས་ཀྱི་ལང་ཚོའི་རྦབ་ཆུ་དེ་སྦྲང་ཆར་དུ་བཏབས་པ་དང་པོ་ཡིན་རུང་། ལྗང་བུ་ལགས་ནས་དེའི་སྔོན་ནས་རང་མོས་སྙན་ངག་འགའ་བྲིས་འདུག་ཟེར་།
ད་ལྟའི་སྐབས་སུ། ལྗང་བུའི་སྒྱུ་རྩལ་གྱི་ལས་ཀ་ནི་རྩོམ་འབྲིའི་རྒྱ་ལས་ཀྱང་བརྒལ་ནས་འདུག་ཅིང་། ཁོང་ནི་པར་ལེན་པ་དང་གློག་བརྙན་འཁྲབ་འཁྲིད་པ་ཞིག་ཀྱང་ཆགས་ནས་ཡོད་། ཁོང་ནས་བཟོས་བའི་དངོས་བྱུང་གློག་བརྙན་ “མཚོ་སྔོན་པོར་” གུས་བས་ཀྱང་བལྟ་རྒྱུ་བྱུང་། དངོས་བྱུང་གློག་བརྙན་དེས་བརྗོད་བྱ་མཚོན་སྟངས་ནི་ཁྱད་དུ་དཔགས་ཤིང་གནད་དོན་གྱི་གཏིང་སར་སྙོབས་ནས་འདུག དངོས་བྱུང་གློག་བརྙན་དེར་བལྟས་རྗེས། དེའི་སྐོར་ལ་བསྐྱར་ཞིབ་ཅིག་འབྲི་གི་ཡིན་ཟེར་ནས། བོད་པ་རྩོམ་རིག་ཆེད་མཁས་གཉིས་ཀྱིས་གུས་བར་དངོས་སུ་གསུངས་བྱུང་། བསྐྱར་ཞིབ་དེ་དག་བྲིས་ཚར་ཡོད་མེད་གུས་བས་མ་ཤེས།
མདའ་ཚན་པ་མགོན་པོ་ཚེ་རིང་དང་གུས་བའི་དབར་ལ་བྱུང་བའི་ཅོལ་ཆུང་གི་རྩོད་པ་དེ་ཡིན་ནམ་། ཡང་ན་གཞན་གྱིས་རྐྱེན་བྱས་བ་གང་ཡིན་ཆ་མི་འཚལ་མོད་། ན་ནིང་ལོར་བོད་ནང་གི་དྲ་རྒྱ་འགར་ལྗང་བུ་ལགས་ལ་དོན་མེད་དུ་སྡུག་དམོད་བྱེད་མཁན་དྲ་འབུ་འགའ་བྱུང་འདུག དཔེར་ན། མཚོ་སྔོན་པོའི་ཟིན་བྲིས་དང་མཆོད་མེ་དྲ་བ་ལྟ་བུ། གུས་བས་བདུན་གཉིས་ཀྱི་སྔོན་ལ་མ་གཏོགས་དེ་དག་མ་ཤེས།
མཚོ་སྔོན་པོའི་ཟིན་བྲིས་ཟེར་བ་དེའི་ཁོངས་སུ། ཟིན་བྲིས་མིང་ལ་རྒྱ་མཚོའི་གྲུ་གཟིངས་ཟེར་མཁན་ཞིག་གི་རྩོམ་ “སེང་རྡོར་གྱི་ནང་རུལ་ཕྱིར་འདོན་པ་” ཟེར་བ་ཞིག་གི་མཆན་ཞབས་སུ། གུས་བའི་དངོས་མིང་བརྒྱབ་ནས་ལྗང་བུ་ལ་སྨད་པའི་མཆན་གཉིས་བཀོད་འདུག གནད་དོན་འདིའི་ཐད་། མཚོ་སྔོན་པོའི་ཟིན་བྲིས་ཀྱི་དོ་དམ་པའམ་རྩོམ་སྒྲིག་པར། གུས་བས་གློག་འཕྲིན་བརྒྱུད་མཆན་རྒྱག་མཁན་གུས་བ་མིན་པ་དང་དྲ་འབུ་གཞན་གྱིས་གུས་མིང་ལོག་སྤྱོད་བྱེད་བཞིན་པ་དེ་གསུབ་རོགས་ཞེས་རེ་སྐུལ་ལན་གཉིས་བྱས་རུང་། འབྲས་མེད་དུ་གྱུར་། མཆོད་མེ་དྲ་བ་རུ་རྩོམ་གང་ཡིན་རྙེད་དཀའ་མོད་། ལྗང་བུ་དང་འབྲེལ་བའི་མཆན་དྲུག་ཅུ་རེ་གཉིས་བཏབས་འདུག་པའི་ཁོངས་སུ། གུས་བ་ཡིན་མདོག་གིས་མདའ་ཚན་པ་དང་གུས་བའི་དབར་ལ་བྱུང་བའི་མཆན་འགའ་ཡང་དེ་རུ་བཀོད་འདུག དེར་བརྟེན། གུས་བས་ལྗང་བུ་དང་ལྗང་བུ་ལས་འཕྲོས་བའི་རྩོམ་ཐུང་འདི་མ་བྲིས་རང་བྲིས་སུ་གྱུར་། རྩོམ་ཐུང་འདི་འབྲི་དོན་ཡང་། ལྗང་བུ་དང་ལྗང་བུ་ལྟ་བུའི་བོད་རིགས་རྩོམ་པ་པོ་གྲགས་ཅན་རྣམས་ལ་གུས་བརྩིའི་ཆེད་དང་། བོད་ཕྱི་ནང་གི་དྲ་འབུ་རྣམས་ལ་གསལ་བཤད་ཙམ་གྱི་སླད་དུའོ།
ལྗང་བུ་ནི་ངེས་དོན་གྱི་སྙན་ངག་པ་གྲགས་ཅན་ཅིག་དང་ཧ་ལམ་བོད་མི་སྙན་ངག་པ་ཚོའི་ཁྲོད་མི་ཚེ་སྙན་ངག་གིས་བསྐྱལ་མཁན་ཁོང་ལས་ལྷག་པ་བྱུང་མེད་ཅེས་ན་རྫུན་དུ་མི་འགྱུར་སྙམ།ལྷག་པར་ཁོང་གི་སྔ་མོའི་སྙན་ངག་གྲགས་ཅན་༼ང་རང་སྦར་ཆོག༽ལྟ་བུ་དང་༼གངས་དཀར་ལྷ་མོའི་བསླུ་བྲིད་༽སོགས་ལ་དཔྱད་བརྗོད་པ་གྲགས་ཅན་བདུད་ལྷ་རྒྱལ་ནས་གདེང་འཇོག་ཆེན་པོ་གནང་མྱོང་ཡོད་ཅིང་།ཁོང་གི་ཕྱིས་བྲིས་ཀྱི་སྙན་ངག་ཁག་ལ་རྩོམ་པ་བོ་གྲགས་ཅན་དབལ་ཤུལ་སྐྱབས་ཆེན་སོགས་ནས་ཀྱང་གདེང་འཇོག་ཆེན་པོ་འཐོབ་ཡོད་ལ།ལྗང་བུའི་སྙན་ངག་ཁག་ཞིབ་དུ་ཀློག་ན་བསམ་བློ་དང་སྒྱུ་རྩལ་གྱི་མཚོན་སྟངས་ངོ་མཚར་ཅན་དེ་སྔ་བོད་ཡིག་ཐོག་ཧ་ལམ་དེ་འདྲ་བྱུང་མྱོང་མེད་པའང་འདུག་པས།དོན་དངོས་སུ་དོན་གྲུབ་རྒྱལ་ལས་ཀྱང་ལྗང་བུ་བོད་ཀྱི་རྩོམ་རིག་ལོ་རྒྱུས་ནང་མི་དམིགས་བསལ་བ་ཅིག་ཆགས་ཡོད་པ་རེད།
འོན་ཀྱང་།རིག་འབྱུང་གིས་ལྗང་བུ་༼ཁོང་ནི་བོད་པའི་སྲོལ་རྒྱུན་ལ་གུས་བརྩི་དང་ཆེ་མཐོང་གནང་མཁན་ཞིག་ཡིན་པའི་ཚོར་སྣང་གུས་བར་བྱུང་༽ཟེར་པ་དེ་སོ་སོའི་ཚོར་བ་དང་སྣང་ཚུལ་ཙམ་ལས་དོན་དངོས་གནས་ཚུལ་ཡིན་པར་མི་བསམ།ལྗང་བུ་ཁོང་སྤྱིའི་ཆ་ནས་སོག་ཞེན་ཆེན་པོ་ཡིན་པ་༼སོག་རུས་ལས་མཆེད་པའི་རྣམ་ཤེས་༽སོགས་ལས་རྟོགས་ཐུབ་ཅིང་།ཡང་ཁོང་གི་ལྗང་བུའི་རྩོམ་བཏུས་ལྷུག་རྩོམ་དེབ་ཀྱི་ནང་ལྟོས་དང་ཁོ་ཨ་ཕོ་ཧོར་གྱི་གངས་འཁྱགས་ལྷུང་སའི་ས་ཆ་ཁག་ཅིག་ཏུ་བསྐྱོད་སྐབས།གོང་བྲན་ཏང་ཁོ་ན་ནི་བྱམས་སྙིང་རྗེ་ཅན་གྱི་དཀོན་མཆོག་ཡིན་པ་ལས་སྤྱན་རིས་གཟིགས་སོགས་ལ་ནུས་པ་གང་ཡང་མེད་པའི་ཟུར་ཟ་དང་དམའ་འབེབས་མང་པོ་བྱས་འདུག་པས།གལ་ཏེ་ལྗང་བུས་༼སྟོན་པའི་སྐུ་བརྙན་ལ་རྩེད་མོ་བརྩེས་བའི་རི་མོ་འདི་འདྲ་ཞིག་ཕྲིས་དང་ཨ་སྒོར་འབུམ་གཅིག་སྟེར་ལབ་ན། ངས་འབྲི་ས་མ་རེད་༽ཟེར་ཡོད་ན་དེ་ནི་ཁོའི་མི་གཞིའི་སྟེང་གི་ནག་ཐིག་ཅིག་རེད་སྙམ།
རང་ཉིད་རང་ལ་་རློམ་པའི་ཨ་དགའ་ཚོས།།
ཡོད་མེད་ཕྱི་མའི་རྩོད་པར་རེད་སྙམ་འཛིན།།
ཡིན་མིན་གོང་མར་རྒོལ་བ་ཚོད་མེད་འཛིན།།
ཡོད་ཚད་ངས་ཤེས་ཚོགས་ཀྱི་འཁོར་ལ་བསྟོད།།
བསམ་བློའི་ཆུ་ཚད་མི་མཐོ་བའི་མི་བུ་དག་ལ་བསམས་ན་སྐུ་ཞབས་ལྗང་བུའི་སྙན་ངག་ཡིན་ན་འདྲ། སྒྲུང་རྩོམ་ཡིན་ནའང་འདྲ་ཞིབ་ཏུ་བསམ་གཞིག་མ་བགྱིས་ན་ཁ་དམ་དྲགས་པའི་བཟོ་ཞིག་མངོན་ཡོང་། དེར་བརྟེན་མང་པོ་ཞིག་གིས་ལྗང་བུའི་རྩོམ་གོ་ཡི་མི་འདུག གོ་རྒྱུ་ཡང་ཡོད་པ་མ་རེད་ཟེར་གྱི་འདུག དེས་ན་རང་མི་རིགས་ཕལ་ཆེ་བའི་བསམ་བློའི་གནས་བབ་ལ་བསམས་ན་ད་ལྟའི་རྩོམ་གཤིས་མ་བརླགས་པའི་ཐོག་ནས་ཅུང་གོ་བདེའི་རང་བཞིན་ཅན་དུ་བསྐྱོད་ཐུབ་ན་མི་བཟང་ངམ་སྙམ་གྱི་ཡོད། ཁོང་གི་སོར་མོ་མི་རྒ་བའི་སྨོན་ལམ་གཏན་དུ་་་་་་་་་་་་་་་་་་་་་་་་།
ཨ་རོ་རིག་འབྱུང་ལགས། སུ་ཞིག་མཁས་དབང་ཡིན་མིན་གྱི་རྩོད་པ་བྱེད་སྐབས། ཐོག་མར་སུ་ཞིག་མཁས་དབང་ཡིན་མིན་རྩོད་མཁན་དེ་ལ་ཆུ་ཚད་ངེས་ཅན་ཞིག་དགོས་པ་རེད། ལྷག་པར་དུ་རྩོམ་པ་པོ་རྒན་རབ་པ་ཞིག་གི་སྐོར་གླེང་སློང་བྱེད་སྐབས། དེ་བས་ཀྱང་བཤད་རྒྱུ་གང་ལ་གང་འཚམས་ཤིག་དགོས་པ་རེད། ཁྱོད་ལ་དེ་ཨེ་ཡོད་ན།
དྲ་གྲོགས་རིག་འབྱུང་དོན་བཀྲ་ལགས། གསལ་བཤད་གནང་བ་ཏག་ཏག་རེད། ད་སྐབས་དམིགས་ཡུལ་ཅི་ཡིན་ཆ་མི་འཚལ་བའི་དེ་འདྲའི་ངན་གོམས་ཤིག་འདུག ཁ་སྔོན་ནས་ཁ་བརྡ་དྲ་ཐོག་འདིར་ཡང་ཁོ་བོའི་དྲ་མིང་༼མེ་༽ཞེས་པའི་མིང་ཐོག་ནས་མཆན་སྤེལ་མཁན་ཞིག་རྒྱུན་པར་མཐོང་རྒྱུ་འདུག
ཁྱེད་ཀྱིས་གསལ་བཤད་བྲིས་པ་ཧ་ཅང་ལེགས། ན་ནིང་ཞིག་ལ་གུས་པའི་དངོས་མིང་ཨ་རིག་དགེ་མཐོང་ཞེས་པའི་ཐོག་ནས་བོད་ཀྱི་དུས་བབ་ནང་དུ་བསམ་འཆར་འདྲ་མིན་སྣ་ཚོགས་ཤིག་བྲིས་འདུག རྗེས་སུ་རྩོམ་སྒྲིག་པ་སྐུ་ཞབས་ལུང་རིགས་རྒྱལ་དང་འབྲེལ་བ་བྱས་ཏེ་དྲ་འབུ་དེ་དག་ཚར་གཅོད་བཏང་བ་ཡིན། དེང་སང་དྲ་རྒྱའི་ནང་གི་སྐད་ཆ་ལ་ཡིད་འཇོག་བྱ་མི་རུང་། དྲ་བར་ཞུགས་པའི་ཉམས་མྱོང་ཡོད་ན་གནས་སྟངས་དེ་ཤེས་ཀྱང་གསར་ཐོན་པ་འགའ་རེ་ཧང་སངས་ཏེ་སྙུག་རྩེ་ནས་དམག་འཁྲིག་རྒྱག་དགོས་སྲིད། བདེ་མོ། བཟང་གི
ངས་ལྟོས་ནས་ལྗང་བུའི་ལྷུག་རྩོམ་དེབ་ལས་གངས་སྐྱོན་ལྟ་བུའི་བོད་ཀྱི་དངོས་ཡོད་འབྲི་ཐུབ་མཁན་གྱི་རྩོམ་པ་བོ་ཞིག་མཐོང་མ་སོང་། དེ་ལ་མ་ཉེས་ཁ་གཡོག་གིས་མ་གཡོག་ན་ཡག
རིག་འབྱུང་གི་འབྲི་རྩལ་ཡག་གི་ར། དོན་གྲུབ་རྒྱལ་དང་དོན་གྲུབ་དབང་འབུམ་གཉིས་ཀྱི་ལང་ཚོའི་རྦབ་ཆུ་ཟེར་དོན་ཅི་ཡིན། མ་ཤེས་ནས་དྲིས་ནས་ཡིན་གོ
གསལ་བཤད་འདི་ཧ་ཅང་འགྲིག་བསྡད་ཡོད་ནི་རེད། དེ་མ་གཏོགས་དྲ་འདུ་ཚོའི་ཁ་ལ་ཉན་ནས་བ་ནི་མ་རེད། ལྷག་ཏུ་རིག་འབྱུང་དོན་གྲུབ་ལ་དབང་ཡོད་ནི་རེད། དྲ་འབུ་ཚོ་ཟེར་ནོ་ཐག་བཏུས་མི་བཏང་ནས། ཧུཧུཧུ
སྐད་ཆ་དྲང་མོ་ཡིན་ད། དགེ་ཕན་ཞིག་གི་ཆེད་དུ་ཡིན་ན་མཆན་བསུ་བཏང་ན་སྐྱོན་མེད་གི། མ་གཞི་ནས་གསལ་བཤད་འདིའི་མགོ་རྐང་བསྒྲིགས་ནས་བལྟས་ན། གསལ་བཤད་མཁན་ཁོ་བོ་དེ་འདྲའི་ལྷག་བསམ་ཞིག་མེད་གི། ལྗང་བུ་ནམ་ཡང་སྗན་ངག་པ་རེད། སྔོན་ཆད་གྲགས་ཚར་བ་རེད། ད་འགྲིག་བསྡད་ཡོད་བ་རེད།
རིག་འབྱུང་། འུ་གཉིས་ཀྱི་བར་ལྗང་བུ་ལགས་མཁས་དབང་ཡིན་མིན་དང་རྩོམ་རིག་གི་དེད་དཔོན་ཡིན་མིན་གྱི་རྩོད་པ་ཞིག་རྩ་ནས་བྱུང་མ་མྱོང་ལ། ངས་ལྗང་བུ་ལགས་མཁས་དབང་དང་དེད་དཔོན་རེད་ཟེར་བའི་སྐད་ཆ་ཞིག་གང་དུའང་བཤད་མ་མྱོང་། ངས་ལྗང་བུ་ལ་སྙན་ངག་པ་གྲགས་ཆེན་ཟེར་བའི་ཚིག་འདི་སྦྱར་བ་ཡིན།
དཔྱིད་ཀྱི་ཕོ་ཉ་ལས་འཕྲོས་པའི་ཁ་བརྡ་ཞེས་པའི་ནང་གི་ངའི་མཆན ༣༥། ༤༡། ༤༣ བཅས་ལ་ལྟོས།
http://www.khabdha.org/?p=4376#comments
༤༣༽ མགོན་པོ་ཕྱག་གཉིས་པ་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༩ ཚེས་ ༡༨ གི་ཆུ་ཚོད་ ༩ སྐར་མ་ ༥༡
ཨ་རོ་རིག་འབྱུང་མཁས་མི་མཁས་དེ་ལྟ་ཚུལ་ཅང་ཡིན་རྒྱུ་མ་རེད། མི་མི་མཁས་པ་ཞིག་གིས་བལྟས་ན་མཁས་པར་མཐོང་བ་དེ་མཁས་པ་ཞིག་གིས་བལྟས་ན་མཁས་པ་མིན་པར་མཐོང་བ་དེ་འདྲ་རེད། ད་བར་ལྗང་བུ་མཁས་པ་རེད་ཟེར་མཁན་དེ་འདྲ་གཅིག་ཀྱང་གོ་མ་མྱོང་། ཡོན་ཏན་ཆེན་པོ་རེད་ཟེར་མཁན་དེ་པད་མ་འབུམ་རེད། རྩོམ་རིག་སྐོར་ཁོ་ཧ་ལས་པ་རེད་ཟེར་མཁན་དེ་ལོན་ཊོན་གྱི་བླ་མ་སྐྱབས་རེད། ངས་ཁོ་མཁས་མི་མཁས་མི་ཤེས། མ་ཐུག་ག་ལོ་མང་པོ་ཕྱིན་སོང་། ངས་ཁོ་རྒྱལ་སྤྱིའི་རྩོམ་རིག རྒྱ་ནག་གི་རྩོམ་རིག བོད་ཀྱི་གནང་དེང་གི་རྩོམ་རིག་ལ་ལྟ་རྒྱ་ཐོས་རྒྱ་ཆེན་པོ་རེད་བཤད་ཡོད། གཞན་མཁས་པ་ཞིག་གིས་བལྟས་ན་དེ་འདྲ་ཡིན་རྒྱུ་མ་རེད། འདི་གོང་གསལ་གྱི་ངའི་སྐད་ཆ་དེ་ཚོར་གསལ་བཤད་ཙམ་ཡིན། རྗེས་མའི་ནང་སྒྲུང་འབྲི།
བོད་རིགས་རྩོམ་པ་པོ་སྐུ་ཞབས་ལྗང་བུ་ལགས་ལ་རྩོམ་རིག་གི་དེད་དཔོན་ཞེས་མིང་བཏགས་ན་མི་འཚམ་པ་གེ་ཡོད་རྒྱུ་མ་རེད་སེམས། གང་ཡིན་ཟེར་ན། རང་རེས་རྩོམ་པ་པོ་དག་གི་ཁྲོད་ནས་རྩོམ་རིག་གི་དེད་དཔོན་གསུམ་དགོས་པའི་དབང་དུ་བཏང་ན་སྐུ་ཞབས་ལྗང་བུ་ལགས་ལ་གུས་བརྩི་མི་བྱེད་མཁན་ཞིག་ཕལ་ཆེར་རང་རེས་རྩོམ་པ་པོ་དང་སྙན་ངག་བའི་ནང་ལ་མེད་བསམ། ཡིན་ནའང་། རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས་དོན་གྲུབ་རྒྱལ་དང་དོན་གྲུབ་དབང་འབུམ་གཉིས་ཀྱི་རྐང་རྗེས་ལག་གསུབ་འདོད་མིན་གང་ལྟར་ཀྱང་ཡིད་གཟབ་གནང་ན་ཧྲ་ནི་རེད།
བོད་ཕྱི་ནང་གཉིས་དང་རྒྱ་བོད་སོག་གསུམ་ལ་གྲགས་ཆེ་བའི་བོད་མི་སྙན་ངག་པ་ནི་སྙན་ངག་པ་འདས་པོ་ཡི་དམ་ཚེ་རིང་རེད། དེའི་རྗེས་ནས་སུ་ཡིན་ད་དུང་འཚོལ་དགོས་སམ་སྙམ།
ལྗང་བུ་ནི་རྩོད་མེད་ཀྱི་སྙན་ངག་མཁན་གྲགས་ཅན་ཙམ་དུ་མ་ཟད། བོད་ཀྱི་མི་རབས་གསར་བའི་སྤྱི་ཚོགས་ཁྲོད་རང་མོས་སྙན་ངག་གིས་ཇི་ལྟར་ཁོར་ཡུག་གི་སྣང་བརྙན་ཚུར་ལེན་དང་། རང་གི་ཚོར་འགྱུ་གསོན་འབྲི་བྱེད་པའི་ཐབས་ལམ་སྟོན་མཁན་གྱི་དེད་དཔོན་གཉིས་པ་དེ་ཆགས་ཡོད། དེའི་ཐད་མཁས་དབང་དོན་གྲུབ་རྒྱལ་དེད་དཔོན་དང་པོ་དེ་ཡིན་པ་བཤད་ཅི་ལ་དགོས། མ་གཞི་ནས་མཁས་པ་ནས་བླུན་པོ་ཚུན་ཆད་ལ་རང་གི་རིགས་ཞེན་ལ་དུངས་པ་རེ་ངེས་པར་དུ་ཡོད་དབང་གིས་མཁས་དབང་ལྗང་བུས་རང་གི་རིགས་རྒྱུད་མཆེད་ཁུངས་ལ་ཤ་ཞེན་བྱས་པར་ཉེས་པ་ཅི་ཡོད། དཔེར་ན། ཨ་མདོ་བ་ཞིག་གིས་རང་ཉིད་ཨ་མདོ་ཡིན་དབང་གིས་ཨ་མདོའི་ཞེན་ཁོག་བཟུང་ན་དེ་ཡང་ཉེས་པར་བགྲང་ངམ་ཅི། གང་ལྟར་བཤད་འདོད་པ་ནི། བཙན་བྱོལ་སྤྱི་ཚོགས་ནང་ལྗང་བུ་སོགས་བོད་ནང་གི་སྙན་ངག་མཁན་རྣམས་སྲང་ལ་འཇལ་ཐུབ་པའི་མི་སྣ་ནི་ཉིན་མོའི་སྐར་མའི་མཆེད་ཟླར་ཟད་དོ།།
ཨ་ཇོ་ལྗང་བུ་ལགས། སྙན་ངག་གཅིག་པུ་མ་ཡིན་པར་སྒྲུང་རྩོམ་ལ་ཡང་བྱང་ཆ་ཆེན་པོ་ཡོད། ངའི་ཡིད་ནས་ནམ་ཡང་བརྗེད་དཀའ་བ་ཞིག་ནི་ལོ་བརྒྱད་ཅུ་བའི་ནང་མཚོ་སྔོན་མང་ཚོགས་སྒྱུ་རྩལ་ཐོག་བཀོད་པའི་(ལྷ་སའི་ཟླ་བ་)ཟེར་བའི་སྒྲུང་རྩོམ་དེ་ཡིན། སྒྲུང་རྩོམ་དེར་བྱ་དགའ་ཨང་དང་པོ་ཞིག་ཐོབ་པ་ཡིན་བསམ། དེ་མིན་ཁོང་ནུབ་བྱང་མི་རིགས་སློབ་གླིང་དུ་ཡོད་སྐབས་བྲིས་པའི་སྙན་ངག་རྣམས་ཚིག་སྙན་ལ་གོ་བདེ་བོ་ཡོད། རྗེས་སུ་ཁོང་བོད་ལྗོངས་རྩོམ་སྦྲེལ་ནང་ཡོད་སྐབས་སྙན་ངག་གི་དེབ་ཅིག་བྲིས་འདུག ནིའུ་ཡོག་ལ་རྩེ་དཔེ་མཛོད་ཁང་གི་དགེ་ཆོས་ཀྱི་རྗེས་དྲན་ཚོགས་ཐོག་གམ་སྙན་ངག་གི་ཚོགས་ཐོག་ཞིག་ནས་ངེད་གཉིས་ཐུག་ནས་ངས་ཁོང་ལ་ཁྱེད་ཀྱི་སྙན་བདེ་དེ་གོ་རྒྱུ་གང་ཡང་མི་འདུག་ཅེས་བརྗོད་པ་ཡིན། ཁོང་གིས་ང་ལ་བདེ་དེའི་དྲན་གྱིས་པ་ཧྥ་རན་སི་ལ་འགྲོ་ཐུབ་པ་རེད་ཟེར་བ་ལས་ལན་གཞན་གང་ཡང་རྒྱབ་མ་སོང་།
ལྗང་བུ་འདི་ དེང་ལང་ལྗང་ནག་ཞིག་རེད། ངོ་མ་ཡིན།
ཁ་བརྡའི་རྩོམ་སྒྲིག་པ་ལགས། གཞན་གྱི་མཆན་དོན་མེད་ལ་ནག་བསུབ་མ་གཏོང་། དབང་ཡོད་བྱེད་རྒྱུ་ཡིན་ན་རང་ཉིད་མི་ཚང་གི་འགྲོ་འདུག་གནས་མལ་ལས་གནད་དོན་གཞན་གྱི་ཆེད་དུ་གླེང་མོལ་མ་བྱས་ན་འགྲིག་གི་རེད། རྦད་དེ་དཔྱད་རྩོམ་ལ་བབ་པའི་ཁ་གཏན་ནས་གྲགས་མི་ཆོག་ནཡང་འགྲིག་གི་རེད། དེ་མིན་བྱ་ཏེ་ཡིས་རྒུམ་འབུ་འཐུ་བ་ནང་བཞིན་མིག་ལམ་ན་འབུར་འབུར་ཡིན་ཚད་ལ་མཆུ་ཙག་བྱས་ནས་བླང་དོར་བྱེད་དགོས་བ་ཞིག་འདུག་གམ། དྲ་འབུ་ལབ་དུས་ནག་ཉེས་ཅན་ཞིག་ལ་བརྩི་སྲོལ་འདུག་པ་ལས། དོན་གྱི་ཕུང་དཀྲུགས་བྱེད་མཁན་དེ་སུ་རེད། དོན་འགྲུབ་བཀྲིས་ཡིས་གསལ་བཤད་འདིས་བཟོ་ལྟ་ལ་ལྟོས་དང་། གང་འདྲ་འདུག
འགྲོ་ལུགས་འདུག་སྟངས་འདི་བཞིན་རང་ཕྱོགས་ཀྱི་དགོས་འདུན་ཁོ་ན་བསྒྲུབ་ན། དེའི་མིང་ལ་སྒེར་གཅོད་པ་ཟེར་ནི་རེད་ལོ།
རབ་ཡིན་ན་བདག་གི་དཔྱད་མཆན་དེ་རང་འཇགས་འགོད་རོགས། ལན་མི་ཐོབས་པའི་གནད་འགག་ཅི་ཡང་མེད། འདི་ལྟར་དོན་མེད་ལ་བདག་གི་བསམ་བློ་ལ་ཚད་བཀག་བྱས་བཏང་ན་དངོས་ནས་སྐྱིད་པོ་མི་འདུག མང་མང་གི་མིག་ལམ་ལ་བཤམས་རྗེས་ནག་ཉེས་ཡོད་ན། གཞི་ནས་བཙོན་ལ་བཅུག་ཀྱང་ཆོག་ལ། རྒྱང་ཕུད་དུ་བཏང་ཀྱང་ཆོག ཉེས་བ་གང་དེ་འཁུར་ཁོ་ཐག་ཡིན།
དང་པོ།
མདའ་ཚན་པ་མགོན་པོ་ཚེ་རིང་ལགས་ཕེབས་ནས་གསལ་བཤད་གནང་བར་བཀའ་དྲིན་ཆེ། རྩོམ་ཐུང་འདི་མ་བྲིས་སྔོན་ལ། གུས་བས་སྔར་གྱི་རྩོད་པ་དེ་བཙལ་བ་ཡིན། རྙེད་མ་སོང་། དེར་བརྟེན། དྲན་སྣང་དུ་གང་ཡོད་པ་དེ་གཞི་ལ་བཞག་ནས་བྲིས་བ་རེད་། དེ་ཚིག་ཟིན་ཇི་མ་ཇི་བཞིན་རེད་མི་འདུག དེ་གུས་བས་ཅུང་ནོར་འདུག ཁྱེད་ཀྱི་ཚིག་ཟིན་ནི། སྙན་ངག་པ་གྲགས་ཅན་དང་སྙན་ངག་གསར་བ་གསར་བཏོད་གནང་མཁན་གྱི་གྲས། གཞན། བོད་ཀྱི་སྲོལ་རྒྱུན་དང་དེང་རབས་རྩོམ་རིག རྒྱ་ནག་གི་རྩོམ་རིག ཕྱི་རྒྱལ་གྱི་རྩོམ་རིག་བཅས་ལ་ལྟ་རྒྱ་ཆེན་པོ་ཟེར་བ་འདིའི་ཚོའི་ནང་ལ་འདུས་འདུག་དྲན།
གཉིས།
གོང་བཀོད་རྩོམ་ཡིག་གི་མཇུག་ཏུ་གསལ་བ་བཞིན། རྩོམ་ཐུང་འདི་ལྗང་བུ་དང་ལྗང་བུ་ལྟ་བུའི་གྲགས་ཅན་རྩོམ་པ་པོ་རྣམས་ལ་གུས་བརྩིའི་ཆེད་དང་། བོད་ཕྱི་ནང་གི་དྲ་འབུ་རྣམས་ལ་གསལ་བཤད་ཙམ་གྱི་སླད་དུ་ཡིན། འདི་། ང་མཁས་བ་དང་ཁྱོད་བླུན་པོ། ང་འགྲིག་དང་ཁྱོད་ནོར་སོགས་ཀྱི་རྩོད་པའི་ཆེད་དུ་མིན་ལ། གུས་བ་སྔ་ས་ནས་རྩོད་པ་དེའི་རིགས་དང་གཏན་དུ་ཁ་བྲལ་ཚར་། ད་། བསྐྱར་དུ་རྩོད་པ་དེའི་རིགས་ཀྱི་གསེང་ལ་ཡང་མི་འཛུལ།
གསུམ།
ངས་བྲིས་བ་འདི་ལ། བསམ་ཚུལ་མཐུན་དང་མ་མཐུན་གཉིས་ཀ་ཡོང་གི་རེད་། དེ་ལ་སྐྱོན་ཡོད་མ་རེད་། གཙོ་བོ་། རང་གི་བསམ་ཚུལ་རང་གིས་བཤད་ཐུབ་པ་ཙམ་གྱིས་འགྲིག
བཞི།
གོང་དུ། དྲ་གྲོགས་ཤིས་ཚང་ལྗང་སྨྱུག་དང་ཨ་རིག་དགེ་མཐོང་། གཅན་བཟོད་རྒྱམ། གཞན་། རྒན་མདའ་ཚན་པ་བཅས་ཕེབས་ནས་རང་རང་གི་བསམ་ཚུལ་བཤད་པར་བཀའ་དྲིན་ཆེ། ཁྱེད་ཚོའི་མིང་མཐོང་བ་ཙམ་གྱིས་གུས་བ་དགའ་ནས་ཡོད་། གཞན། ལྷག་མ་རྣམས་དྲ་འབུ་ཡིན་པ་འདྲ།
འོན་ཀྱང་། དྲ་འབུ་རེ་གཉིས་ངོ་འཕྲོད་པ་འདུག དཔེར་ན། ནག་ཐར་སྐྱིད་ལྟ་བུ།
རིག་འབྱུང་དོན་གྲུབ་བཀྲ་ཤིས་ཀྱིས།
སྤྱིར་བཤད་ན་མིའི་བསམ་ཚུལ་དཀྱུས་མ་ཞིག་ལ་ཐེ་གཏོགས་བྱེད་དགོས་དོན་མི་འདུག་མོད། འོན་ཀྱང་རིག་གཞུང་དང་མི་རིགས་ཞིག་གི་རིན་ཐང་གཞི་ལ་བཞག་ཏེ་འདི་ལྟར་སྨྲས་ན། རང་ཉིད་ཀྱང་དེའི་ཁུངས་སུ་གཏོགས་པས་ཁ་མ་གྲགས་ཐབས་མེད་རེད། ལྗང་བུ་ནི་བདག་གི་མཐོང་སྣང་གི་དོན་གནད་མིན། ང་ཚོའོ་གཞོན་སྐྱེས་དག་གི་བསམ་བློར་བབ་ཅོལ་གྱི་གཏམ་དང་མཁས་རློམ་གྱི་དྲེགས་ཀྱིས་བཀང་པས་རྒྱ་ཆེ་ས་དང་གཏིང་ཟབ་ས་ཡོད་པའི་བོད་པའི་རིག་གཞུང་གི་སྙིང་བཅུད་ལ་རྣམ་དཔྱོད་ཀྱི་རྩལ་གང་ཡང་འདོན་ཐུབ་ཀྱི་མེད་པ་བྲིས་རྩོམ་དག་ལས་མངོན་གསལ་རེད། སྙན་ངག་ནི་གནའ་སྔ་མོ་ནས་རིག་གཞུང་གི་ཡན་ལག་ཙམ་པོ་པ་ལས་སྙིང་བཅུད་ཡིན་པ་སྔོན་བྱོན་མཁས་པ་སུས་ཀྱང་སྨྲས་མེད། གཞོན་སྐྱེས་ཚོ་སྙན་ངག་ལ་དུང་བས་དབང་གིས་སླར་སྙན་ངག་གིས་རྨོངས་པར་ཚུད་དེ་སྨན་གྱིས་བཏབ་པའི་ནད་པ་བཞིན་ཆགས་འདུག སྙན་ངག་གི་ལམ་ནས་བདེན་པ་དང་གནས་ལུགས་ལ་རེ་ཞིང་བསྙེགས་པ་ནི་མུན་ཁུང་དུ་ལག་ཉོབ་བྱས་ཏེ་ཁ་དོག་དཔྱད་པ་དང་གཅིག་མཚུངས་རེད། དེའི་རྐྱེན་གྱིས་ང་ཚོས་སྙན་ངག་དོན་ཆེན་དུ་འཛིན་པའི་འདུ་ཤེས་ཀྱི་ཕ་རོལ་དུ་འགྲོ་དགོས། ལོ་རབས་བརྒྱད་བཅུའི་ནང་ངས་ཀྱང་འཇུ་སྐལ་བཟང་དང་ལྗང་བུ་ལ་སོགས་དེ་དུས་ཀྱི་བྲིས་རྩོམ་མང་པོ་བཀླགས་མྱོང་། ཡིན་ནཡང་སེམས་དང་སེམས་བྱུང་གི་འགྱུ་བ་རྣོན་པོ་ཞིག་དང་དྲན་སྣང་གསར་བ་ཞིག་ལ་གསོན་ཤུགས་སྤྲད་མ་སོང་། ང་ཚོ་སུ་ཡིན་ཡང་མི་ཤེས་ཤེས་ཁུལ་བྱས་ན་འཚང་དང་། ཤེས་རྒྱ་ཁོག་ཏུ་བཅུག་ན་སྐྱོན་ཟེར་བ་བཞིན་ལག་བསྟར་ཕབས་ན་རང་བདེ་གཞན་ཕན་རེད་མ་གཏོགས། དེ་ལས་བརྒལ་ན་རང་གཞན་གཉིས་འཕུང་གི་འོབ་དུ་ལྷུང་སྲིད། ལྗང་བུ་སྙན་ངག་གི་དེད་དཔོན། ཀླུ་མཁར་བྱམས་ཆབ་སྲིད་ཀྱི་དེད་དཔོན་དུ་རློམ་ན་རིན་ཐང་ལས་རིན་མེད་ཆགས་འདུག མི་རེ་རེར་རང་ཚོད་ཀྱི་གཏམ་དང་རང་མྱོང་གི་གོ་རྟོགས་ཞིག་ཡོད། དེ་ཀུན་གྱི་ནང་དུ་མཆོག་ཏུ་རློམ་པ་ནི་མི་གཞིའི་ངན་གོམས་ཀྱི་རང་གཤིས་ཁོ་ན་འོ། བརྒྱ་བཤད་སྟོང་གི་རྩ་བ་རིག་གཞུང་གི་སྙིང་བཅུད་ནི་སེམས་གཤིས་ཀྱི་ལྷན་སྐྱེས་གསལ་རྒྱས་རྫོགས་གསུམ་ལ་་གོ་མྱོང་རྟོགས་གསུམ་དགོས་པ་འདི་ཡིན། ལྷག་དོན་དུ་དུས་རབས་ཉེར་གཅིག་པའི་ཚན་རིག་གི་དཔྱད་གཞིར་གྱུར་དང་འགྱུར་བཞིན་པ་འདི་གསར་སྐྱེས་པ་ཚོས་མཐོང་གི་
མེད་པས་ཤེས་རིག་སྙིང་བཅུད་ལ་ཁ་ཐག་ཇེ་རིང་ས་ན་རང་རློམ་གྱི་རྣམ་རྟོག་ལ་ཨུ་ཚུགས་ཀྱིས་བདེན་པ་སྤྲོད་བཞིན་བསམ་གཞིགས་ཀྱི་གཡང་སར་ལྷུང་འདུག། །།
བསམ་གཞིགས་རྣམ་རྟོག་ཤེད་ཀྱིས་དྲངས།།
རྣམ་རྟོག་རང་རློམས་མཁས་པས་བསུས།།
མཁས་ཚུལ་རང་ཚུགས་ངན་པས་བརྐུས།།
རྐུན་པོ་རང་གི་འཚང་དང་འགྲོགས།།
ལྗང་བུ་མཁས་དབང་ཡིན་མིན་མི་ཤེས་མོད། ཆབ་བྲག་ལྷ་མོ་སྐྱབས་ལགས་ནི་བཙན་བྱོལ་སྤྱི་ཚོགས་ཀྱི་ཕུལ་བྱུང་རྩོམ་པ་པོ་ཞིག་རེད། དོན་དམ་གྱི་རྩོམ་རིག་ལ་ཤི་འཐམ་གྱི་མིག་དཔེ་རུང་བའི་ཕུལ་བྱུང་རྩོམ་པ་པོ་ཞིག་རེད། ལྗང་བུ་ངོ་མས་ཕ་རན་སིའི་མཐོ་སློབ་ཏུ་ངོ་སྤྲོད་ཀྱིས་གདན་ཞུ་བྱས་ཡོད། ལྷག་པར། ལྗང་བུས་རང་ཉིད་ལས་ལྡབ་མང་པོར་ལྷག་པའི་རྩོམ་པ་པོ་ཞིག་ཏུ་མཚམས་སྦྱོར་བྱས་ཡོད།
རིག་འབྱུང་དོན་གྲུབ་ལགས། ཕྲན་གྱི་ཐོག་མའི་མཆན་དེ་སྐུ་ཉིད་ཀྱིས་ཀློག་ཡོད་དམ། རྒྱུ་མཚན་ཅི་ཞིག་ལ་་བརྟེན་ནས་ནག་བསུབ་བཏང་བ་ཡིན། བདག་གི་ཐོག་མའི་མཆན་གྱི་ཕྱོགས་གང་ན་དྲ་འབུའི་སྐྱེས་བ་ལངས་འདུག
བརྡར་ཤ་གཅོད་པར་དྲི་བ་དང་དྲིས་ལན་བརྒྱུད་གནས་ལུགས་དེ་བཙལ་དགོས་བ་མ་ཡིན་ནམ། གལ་སྲིད་སྐུ་ཉིད་ཀྱི་རང་སྐྱོན་ངོས་ལེན་གྱི་ཚབ་ལ་ཁྱབ་བསྒྲགས་འདི་བྱས་བའི་དབང་དུ་བཏང་རུང་། ཅིའི་ཕྱིར་དུ་ཞེས་བའི་དྲི་བ་འདི་ལྷུན་གྱིས་གྲུབ་པ་མ་ཡིན་ནམ། དེ་ན་བདག་གི་མཆན་གཉིས་བ་དང་གསུམ་པ་ཕུད། ཅི་ཞིག་བྲིས་ན་ད་གཟོད་ཁ་བརྡ་ཚང་གི་དྲ་འབུའི་མིང་ཐོ་ལས་ཐར་རྒྱུ་རེད།
ཨ་རོ་ནག་ཐར་སྐྱིད་།
དང་པོ།
ཁྱོའི་མཆན་དང་པོ་ཅི་ཞིག་ཡིན། ཁ་བརྡས་བསུབ་ཡོད་ན་བསྐྱར་དུ་འཁོད་། གོང་གི་ཁྱེད་ཀྱི་མཆན་དེ་ཚོ་ངས་བཀླགས་པ་ཡིན། མཆན་དེ་ཚོ་འབྲི་བའི་སླད་དུ་། ཁྱེད་ཀྱིས་ནག་ཐར་སྐྱིད་ཀྱི་མིང་དེ་གཡར་དགོས་བ་མི་འདུག དངོས་མིང་བརྒྱབ་ན་མ་འགྲིག་པ་མི་འདུག་དྲན།
གཉིས་པ།
ངའི་རྩོམ་ཐུང་འདི་གསལ་བཤད་རྩོམ་ཐུང་ཞིག་ཡིན། འདིའི་ནང་ན་ང་ལ་བརྡར་ཤ་འདྲ་གཅོད་རྒྱུ་ཅང་མེད་། ཁྱེད་ཀྱིས་གང་བསམ་རུང་ཇི་ལྟར་འགྲེལ་རུང་ང་ལ་ཁྱད་པར་མེད་།
གསུམ།
ལྗང་བུ་ལ་དྲི་བ་ཡོད་ན། ཁྱེད་རང་སྒེར་ནས་ཕྲིས། ཁྱེད་ཚོ་སྡོད་སའི་ལུང་པ་གཅིག་རེད་།
གཞན། གུས་བར་ཞུ་ཡ་མི་འདུག དེ་ཙམ་ཡིན།
ང་སྔོན་མ་ཆུང་ཆུང་སྙན་རྩོམ་ཀློག་རྒྱུར་་སྨྱོ་བཞིན་པའི་སྐབས་ཤིག་ལ། དུས་དེབ་ཁ་ཤས་ནང་ལྗང་བུའི་རང་མོས་སྙན་ངག་ཐོག་མར་ཀློག་པ་ཡིན། གོ་བ་ཅང་ལོན་མ་སོང་། ཡིན་ཡང་ཁོང་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པས་ཏན་ཏན་གོ་རྒྱུ་མེད་པ་ཞིག་འབྲི་གི་མ་རེད་བསམ་ནས། ཡང་བསྐྱར་ཁོའི་རྩོམ་ཡིག་ཁ་ཤས་ཀློག་པ་ཡིན། ཡར་རྒྱས་འགྲོ་ཡ་མི་འདུག ང་ལ་མཚོན་ན་ཁོའི་སྙན་རྩོམ་ཀློག་མ་ཀློག་ཁྱད་པར་གང་ཡང་མི་འདུག་བསམ་ནས་ཐང་ཆད་སོང་། དེ་ནས་བཟང་སྟེ་ངས་ཁོང་གི་རྩོམ་ཡིག་ཚིག་གཅིག་ཀློག་མ་མྱོང་། དེའི་ཕྱིར་ངས་ཐོག་མར་ལྗང་བུའི་རྩོམ་ཡིག་ཁ་ཤས་ཀློག་མྱོང་། ཡིན་ནའང་གོ་བ་ཚིག་གཅིག་ལོན་མ་མྱོང་། དེ་ནས་བཟུང་སྟེ་ངས་ཁོའི་རྩོམ་ཡིག་ཚིག་གཅིག་ཀློག་མྱོང་མེད་ཟེར་རྒྱུ་ལས་མེད། ཧ་ལམ་ཀློག་པ་ཡིན་ན་སྐོམ་པ་བསོད་སྤྱད་ཅིག་ཡིན་དང། ཐང་ཆད་སྤྱད་ཅིག་ཡིན་ཐེ་ཚོམ་ཡོད།
ཨ་ལ་ལ་ལ། སྟག་སྨྱོན་ཁྱོད་དང་ངེད་གཉིས་མི་གཅིག་ཡིན་ས་རེད། སྔོན་ཆད་སྦྲང་ཆར་དང་མཚོ་སྔོན་མང་ཚོགས་སྒྱུ་རྩལ་སོགས་དེབ་ཡོད་ཚད་བལྟ་ཀློག་བྱས་པ་ཡིན། ལྗང་བུའི་རྩོམ་ཡིག་ཐོག་མར་ཀློག་ན་ཡང་། གོ་རྒྱུ་ཚོར་རྒྱུ་མེད་པར་མ་ཟད། རྩོམ་ཡིག་ཡོད་ཚད་ལ་གྲུབ་དོན་མེད་པ་དེས་ང་ཉོབ་བཅུགས་སོང་། དེའི་རྗེས་ནས་དེ་ཚོ་ཀློག་པར་དུས་ཚོད་རྩ་ནས་བཏང་མེད། བོད་ནང་གི་ཅིག་རེད་ཟེར་ན་ཡོད་ཚད་ལ་དག་སྣང་སྦྱང་དགོས་པ་འདྲ་ཡང་། དག་སྣང་སྦྱང་ཐུབ་པ་མི་འདུག བཛྲ་ས་ཏྭ་ཧྰུཾ།།
འདི་ན་ལྗང་བུའི་སྐོར་བགྲོ་གླེང་བྱེད་ཀྱིན་འདུག ལྗང་བུ་ལགས་ལ་ལོ་ཤས་སྔོན་བཅར་འདྲི་བྱས་པ་ཞིག་སྦྲེལ་ཐག་འདིར་མཐུད་ན་ཉན་ཐུབ། རྣམ་པ་ཚོར་ཐུགས་ཕན་གསོས་པའི་རེ་བ་ཡོད། སྒྲ་ལྡན་གསར་འགྱུར་ཐོག་མནན་ན་གོ་ཐུབ།
http://www.rfa.org/tibetan/chediklaytsen/amdolaytsen/rawanggilentek/poet-jangbum-dorje-tsering-20060612.html/t0609-pgt.mp3/inline.html
ལྗང་བུའི་རྩོམ་མཐོང་མ་མྱོང་། མ་གཞི་ནས་དེང་སང་ཅོལ་ཅུང་འདི་ཚོས་རིག་གཞུང་གི་བརྒྱུད་འཛིན་པ་ཚོའི་རྩོམ་སྣང་མེད་དུ་བཏངས་ཏེ། གང་ཡང་གཏད་སོ་མེད་པའི་བྱང་རྒྱལ་དུ་སྨྲ་བ་བདག་གི་དཔེ་ཚོགས་ཁྱབ་སྤེལ་བྱེད་ཀྱི་འདུག་ག
འདིར་གནད་དོན་ཆེན་པོ་མིན་འདུག། དོན་དག་རྡོག་རྡོག་དེ་གསུམ་རེད་འདུག
དང་པོ། ལྗང་བུར་མཚན་བསྟོད་ཇི་ལྟར་བྱ་དགོས་སམ། ལ་ལས་མཁས་དབང་ཟེར། ལ་ལས་དེད་དཔོན་ཟེར། ལ་ལས་སྒྱུ་རྩལ་པ་ཟེར། ཁྱད་པར་ཅི་ཡང་མིན་འདུག། ཁོང་སྙན་ངག་ཐད་ལ་མཁས་དབང་རེད། བརྩོད་པ་མིན་འདུག། ཁོང་སྒྱུ་རྩལ་བ་ཕུལ་བྱུང་ཞིག་ཀྱང་རེད། གློག་བརྙན་བཟོས་འདུག། རི་མོ་ཡང་བྲིས་འདུག། སྒྱུར་རྩལ་བ་རེད། བཀྲ་ཤིས་བདེ་ལེགས། འགྲིགས་ཀྱི་འདུག
གཉིས་པ། དེང་གི་སྤྱི་ཚོགས་ནང་ལ་ལྗང་བུ་སྐད་གྲགས་ཡོད་ལ། སྒྱུ་རྩལ་གྱི་ལས་ཀ་ཡང་མང་པོ་བྱེད་ཀྱི་འདུག
བོད་པ་ཚོར་མཚོན་ན། འདི་ནི་སྤོབས་པ་བྱེད་འོས་པ་དང་ཡི་རངས་བྱེད་འོས་པ་ལས། ཕྲ་དོག་བྱེད་དགོས་ཀྱི་མིན་འདུག། རྒྱ་མི་དང་ཕྱི་རྒྱལ་གྱི་མི་རིགས་ནང་ལ། མཁས་དབང་དང་སྒྱུ་རྩལ་བ་ཕལ་པ་ཞིག་ཐོན་ཡང་། གོང་ལ་བཀུར། བདག་པོ་བརྒྱབ། མཚན་སྙན་སྤྲོད་ཀྱི་འདུག། དེར་བརྟེན་ཁོང་ཚོའི་སྤྱི་ཚོགས་ནང་ལ་མི་སྣ་མང་པོ་ཐོན་གྱི་འདུག། ངེད་ཚོའི་སྤྱི་ཚོགས་ནང་ལ། བོད་པ་ཞིག་མགོ་ཅུང་འདེགས་པ་དང་། ལམ་གསེང་ཐུབ་པ་ཚོས་མགོ་ནས་གནོན། མ་ཐུབ་པ་ཚོས་རྐང་པ་ནས་འདྲུད་ནས། རང་མེད་མི་མེད་བཟོ་གི་འདུག། དེ་ནོར་འཁྲུལ་ཆེན་པོ་ཞིག་མ་རེད་དམ། ང་ཚོའི་མི་རིགས་ཀྱི་ཕུལ་བྱུང་མི་སྣ་ཚོར་ཡར་འདེགས་མ་ཐུབ་ན། ང་ཚོ་སྤྱི་ཚོགས་ཇི་ལྟར་ཡར་རྒྱས་གཏོང་གི་ཡིན་ནམ།
གསུམ་པ། གཞན་ལ་དྭོགས་པ་དང་། དྲི་མ་ལྡན་པའི་བསམ་བློ་དེ་ཚོ་སྤྲོད་རྒྱུ་མིན་འདུག། དྲང་པོ་དྲང་བཞག་བྱེད་དགོས་ཀྱི་འདུག། སྐྱོན་ཡོད་ན་ཤོད། ཡིན་ནའང་། དེ་ལ་རྒྱུ་མཚན་དང་དཔང་པོ་ཡོད་པའི་སྒོ་ནས་ཤོད་ན་འགྲིགས། ངས་ཀྱང་དྲ་རྒྱ་འདིར་ཡོང་ནས། བླ་མ་ག་གེ་མོ་དང་མི་སྣ་ག་གེ་མོར་རང་གིས་མིང་མཐོང་ལག་ཟིན་བྱུང་བའི་སྤྱོད་པ་རྣམས་བློ་ལ་མ་ཐད་སྟབས་སྟོན་གྱི་ཡོད། ཡིན་ནའང་། དེ་བླ་མ་ག་གེ་མོ་ཞིག་དང་མི་སྣ་ག་གེ་མོ་ཞིག་རྐང་པ་ནས་འདྲུད་ཆེད་མིན། བསམ་ཚུལ་བཤད་ནས་ཡོ་སྲང་བྱེད་པ་ལས། དེ་ལ་ཕྲ་དོག་བྱེད་ཀྱི་མེད།
ངས་བལྟས་ན། རིག་བྱུང་དོན་གྲུབ་བཀྲིས་དང་། ལྗང་བུ། དེ་བཞིན་ཀླུ་སྨྱོན་སོགས་ནི་དེང་དུས་བོད་མིའི་སྤྱི་ཚོགས་ནང་ལ་རང་རང་སོ་སོའི་འཇོན་ཐང་ལས་བསྒྲུབས་པའི་གྲུབ་འབྲས་མང་པོ་ཞིག་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བཞིན་པའི་མི་སྣ་ཤ་སྟག་ཡིན་སྟབས། ཁོང་ཚོའི་ཀུན་སློང་ལ་སྐྱོན་མི་འདུག། ཁོང་ཚོས་ང་ཚོར་སྤྲད་པའི་ཤེས་བྱ་དང་། སྒྱུར་རྩལ། བསམ་བློ་གསར་པ་དེ་ཚོ་ཕན་ནུས་ལྡན་སྟབས། ཐུགས་རྗེ་ཆེ་ཞུ་རྒྱུ་ཤ་སྟག་ཡིན།
ད་དུང་མུ་མཐུད་ཁྱེད་ཚོའི་བ་ཕྱུགས་ཀྱི་ལུས་ལྟ་བུའི་ཤེས་བྱའི་མཛོད་དེ་ནས། བྱིས་པ་ང་ཚོར་ཞིམ་མངར། མཚམས་རེ་སྐྱུར་ཙམ་ཡིན་པའི་འོ་མ་དེ་ད་དུང་གནོངས་རོགས། ལྟོས་དང་ངའི་སྙན་ངག་གི་རྒྱན་ལ།
ཁྱོའི་སྐུ་ཚེ་ཁ་བརྡ་ཚང་ནས་རིང་རྒྱུ་རེད་ཡ།
རྒྱུ་མཚན་ཡང་དག་མེད་པའི་སྒོ་ནས་རྩོམ་པ་པོ་དང་མཁས་དབང་། དེ་བཞིན་གོང་དུ་བཀུར་བའི་མི་སྣ་རྣམས་ལ་སྐྱོན་བརྗོད་བྱེད་པ་ནི་ངོ་ཚ་དགོས་པ་ཞིག་ཡིན། སྐྱོན་བརྗོད་དེའི་རིགས་ནི་རང་ཉིད་ཀྱི་མ་འཇོན་པ་དང། རང་ཉིད་ཀྱི་མ་ཐུབ་པ་ཞིག་གཞན་ཞིག་གིས་བྱེད་དུས་དེ་ལ་འགྲན་སེམས་སྐྱེས་ཀྱང་འགྲན་ཐུབ་རྒྱུའི་རང་ཉིད་ལ་ཤེས་འཇོན་གང་ཡང་མེད་པར་ཕྲག་དོག་ཁོ་ན་ལས་ཐོན་པ་ཞིག་ཡིན། དེར་བརྟེན་ཕྲག་དོག་གི་སྒོ་ནས་སྐྱོན་བརྗོད་བྱེད་པ་དང་རྒྱུ་མཚན་ཡང་དག་བརྗོད་ནས་སྐྱོན་བརྗོད་བྱེད་སྐབས་བྲོ་བ་ཡང་མི་འདྲ་ཞིག་ཡོད་པས། ཁྱེད་ཚོས་སྐྱོན་བརྗོད་བྱེད་སྐབས་རྒྱུ་མཚན་ལྡན་པ་དང་རྒྱུ་མཚན་ཡང་དག་བརྗོད་པའི་ཐོག་ནས་སྐྱོན་བརྗོད་བྱེད་དགོས་པ་ཡིན། །
ལྗང་བུ་ལ་ཕྲག་དོག་བྱེད་མཁན་ཚོ་ནི་མཐར་ཐུག་ན་ལྗང་བུའི་རྩོམ་རྩལ་མེད་མཁན་ཚོ་ཡིན་ནི་རེད་།
གང་དུ་གཞན་ལ་མི་དགའ་བའི་གཏམ་སྨྲ་མཁན་དང་ཕྲག་དོག་བྱེད་མཁན་ཡོད་ན་། ཕྲག་དོག་བྱེད་མཁན་དེ་ཕྲག་དོག་བྱེད་ས་ལས་སྐྱོ་བ་ཡོད་པ་སྟོན་གྱི་ཡོད་ནི་རེད་། བདེན་མི་བདེན་རང་གི་གདོང་ལ་མཛུ་གུ་བཙུགས་ནས་བསམ་བློ་ཐོང་ར་ཤེས་སླ་ནི་རེད་ཡ།
ང་རང་ཉིད་ལ་མཚོན་ན། ལྗང་བུ་ནི་རིག་གསར་རྗེས་ནས་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་ཚོའི་ཁྲོད་ཀྱི་སྙན་ངག་པ་རྩེ་གྲས་ཤིག་རེད། སྙན་ངག་གིས་གོ་བ་སྤྲོད་ཐུབ་མ་ཐུབ་དེ་སྙན་ངག་ཀློག་མཁན་རང་རང་གི་མྱོང་སྟངས་ཤིག་རེད། དེ་ལ་ཡང་ཚད་གཞི་གཅིག་ཀྱང་མི་དགོས་པ་དེ་འདྲ་མ་རེད་འདོད། མ་གཞི་ནས་སོ་སོ་ལ་དེའི་མྱོང་སྟོབས་འདྲ་བོ་མེད་མཁན་ཞིག་གིས་དེ་དག་ལ་འདི་དང་གན་ཅེས་ཕ་རོལ་བ་རྒྱ་ཐོག་ལ་འཇོག་་རྒྱུ་དཀའ་མོ་རེད། དེ་ལས་ཁ་རོག་གེར་ལག་ལ་གང་ཡོང་དེ་ཚོ་བཀླག་ནས་བསྡད་ན་ལེགས་ས་རེད། ཧུམ་་་་་་ཁོང་ལས་ལྷག་པའི་སྙན་ངག་པ་བོད་ཀྱི་ལོ་རྒྱུས་སྟེང་ཏན་ཏན་ཡོད་སྲིད་པ་རེད། ཡིན་ཡང་། སྙན་ངག་གི་ལུས་དང་དུས་ཀྱི་ཆ་ནས་ལྗང་བུ་ལ་ངོ་མས་མཐེ་བོང་རེ་འབབ་གི་འདོད། ཚིག་བཙའ་རོ་མ་དེ་ཚོ་ལ་གར་ལངས་རྩེས་ལ་བཏོད་ཐུབ་མཁན་ཁོང་འདྲ་བོ་ཁ་ཤས་རེད།
སྐུ་ཞབས་ལྗང་བུ་སྙན་གྲགས་རྒྱས་པ་དང་ཧོར་གཙང་འཇིགས་མེད་རླུང་རྟ་འབར་བ་གཉིས་ངེད་ལ་མཚོན་ན་དུས་མཉམ་ལྟ་བུ་ཞིག་ཡིན། ཡིན་ནའང། ངེད་ལ་སྐུ་ཞབས་ལྗང་བུའི་སྙན་ངག་ལ་རྒྱུས་མངའ་མེད། འོན་ཀྱང་ཧོར་གཙང་གི་དེབ་ནག་རིལ་མ་རྣམས་བཀླགས་མྱོང། ཞིབ་ཏུ་བཀླགས་ཀྱིན་བཀླགས་ཀྱིན་ད་གཟོད་ངས་སྔ་མ་ལས་ཕྱི་མ་རྣམས་རྩ་ཆེན་དུ་མཐོང་རྒྱུའི་བློ་མིག་རྙེད་པར་གྱུར། དེ་ནི་སྐུ་ཞབས་ཆབ་བྲག་ལྷ་མོ་སྐྱབས་ལགས་རེད། སྐུ་ཞབས་ཆབ་བྲག་ལགས་ནི་ངེད་ཀྱི་གཟུགས་སུ་ཤར་བའི་སྙན་ངག་མཁན་གྱི་སྣང་བརྙན་དུ་གྱུར་བ་ནས། འཛིན་གྲྭའི་ནང་ཁ་ཡར་འཁོར་དང་མར་འཁོར་གྱི་བརྒྱུད་རིམ་མ་དགོས་པར། དཔེ་དེབ་དང་དཔེ་དེབ། ཡང་ན་མཐོང་བ་དང་མྱངས་པ་མངོན་སུམ་བརྒྱུད་ནས། སྙན་ངག་མཁན་ལ་མཇལ་བ་ཐོག་མ་ལྟ་བུར་གྱུར་སྟབས། དེང་སང་ནང་དོན་རིག་པའི་དེ་ཉིད་སྙན་ངག་གི་ལམ་ནས་བཞེངས་པའི་ཙོང་ཁ་པ་ནས་ཟམ་གདོང་རིན་པོ་ཆེ་སོགས་ཕུད། འཇིག་རྟེན་མི་སྐྱའི་སྡེ་ནས་ངེད་རང་སྐུ་ཞབས་ཆབ་བྲག་ལྟ་བུའི་སྙན་ངག་པ་ངོ་མ་ཞིག་དང་མཇལ་མ་མྱོང།
སྐུ་ཞབས་ལྗང་བུ་ལགས་ལ་མཚོན་ན། སྙན་ངག་ནས་སྒྱུ་རྩལ་ལས་རིགས་འདྲ་མིན་ལ་འཐམས་ཏེ། ངེད་པ་ཐོག་མར་ཡིག་འབྲེལ་བྱུང་སྐབས། ཁོང་གིས་ངེད་ལ་ཁྱེད་རང་གློག་བརྙན་འཁྲབ་མཁན་གྱི་ཧེ་རོ་ལྟ་བུ་ཞིག་འདུག་ཅེས་སྨྲས་མྱོང། སྐད་ཆ་དེས་ངས་ཁོང་ཉིད་ཀྱི་འཚོལ་སྙེགས་ཀྱང་ཚོར་བ་ལྟ་བུར་གྱུར། ཡིན་ནའང། ཁོང་གིས་གསར་བཟོ་གནང་བའི་ཐ་སྙད་མང་པོ་ཞིག་ལ་ངེད་རང་ཁྱོན་ནས་མོས་མཐུན་མ་བྱུང། དེ་ཙམ་མ་གཏོགས་སྐུ་ཞབས་ལྗང་བུར་འགྲོག་འདྲིས་མ་བྱུང། གང་ལྟར་ཡང་དེད་མར་དེད་ཀྱང། དུས་སྐབས་གང་ཞིག་གི་སྙན་ངག་མཁན་པོ་ཞིག་ཡིན་ན། སྐབས་དེའི་རིགས་ཀྱི་བདེ་སྡུག་གཙོས་པའི་གདོང་ལེན་བྱ་སའི་ཡུལ་དངོས་ལ་བླང་དོར་མ་ནོར་བ་ཞིག་དང། དེའི་ཆེད་དུ་སྙན་ངག་གི་ལམ་ནས་མི་གཤིས་རྣལ་མ་ཞིག་ཐོབ་རྒྱུར་བརྩོན་པ་དག་ནི་རིན་ཐང་ཆེན་པོ་རེད། བཙན་བྱོལ་ཁོར་ཡུག་འདི་ལ་མཚོན་ན། སྙན་ངག་གི་མི་གཤིས་རྣལ་མ་རྙེད་ཡོད་མཁན་སྐུ་ཞབས་ཆབ་བྲག་ཕོ་ཉ་ལས་ཕལ་ཆེར་སྲིད་མཐའ་ཙམ་རེད། དེ་བས། ངས་བཙན་བྱོལ་ནང་གི་སྙན་ངག་ཀློག་རྒྱུ་ནི་སྐུ་ཞབས་ཆབ་བྲག་གི་མི་གཤིས་ལ་སློབ་རྒྱུ་དང་ཁོང་དང་གླེང་མོལ་བྱེད་རྒྱུ་ལྟ་བུར་གྱུར།
ངས་བསམ་ན། ལྗང་བུ་ནི་སྒྱུ་རྩལ་གྱིས་མྱོས་པའི་དམི་རྒོད་ཅིག་རེད།
ང་རང་བོད་ནང་སྡོད་སྐབས་ནས་བཟུང་སྐུ་ཞབས་ལྗང་བུ་ལགས་ཀྱི་སྙན་ངག་དང་། བརྩམས་ཆོས་ཀློག་རྒྱུའི་གོ་སྐབས་བྱུང་།
དེ་ནས་རིམ་བཞིན་ཡོ་རོབ་ནང་ཁོང་དང་ཕན་ཚུན་ངོ་ཤེས་པ་ནས་ཁོང་གི་ཡོན་ཏན་ལ་རྒྱུས་མངའ་ལེན་རྒྱུའི་བགོ་སྐལ་ཐོབ་བྱུང་བ་ནས། ཁོང་ནི་གྲགས་ཅན་གྱི་སྙན་ངག་མཁན་གྱི་མིང་ཡོད་དེ་ཁོ་ནས་མི་ཆོག་པར་བོད་ཀྱི་སྲོལ་རྒྱུན་གྱི་ཤེས་རིག་ཅི་ལ་མཁས་པ་དང་། ལྷག་དོན་བརྡ་སྤྲོད་རིག་པར་མཁས་པའི་སྐྱེས་བོ་ཞིག་རེད་འདུག། ཁོང་ནི་རྒྱ་ཡིག་དང་བོད་ཡིག་གཉིས་ཀར་ཤིན་ཏུ་སྦྱངས་བྱ་ཟབ་པས་ན་ཁོང་དང་གླེང་མོལ་བྱ་སྐབས་ཁོང་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ལ་ཞིབ་འཇུག་གཏིང་ཟབ་ཡོད་མཁན་གྱི་བོད་རིག་པ་བ་མཆོག་ཏུ་འགྱུར་བ་ཞིག་ཡིན་པར་ངེས་པ་རྙིད་མྱོང་།
ཁོང་གི་སྒྱུ་རྩལ་གྱི་བརྩམས་ཆོས་ལ་དུས་རབས་དང་། ཁོར་ཡུག་དང་བསྟུན་པའི་དོན་སྙིང་ཟབ་མོ་འདུག
ངས་ཁོང་ནི་དུས་རབས་ཀྱི་ནོར་བུ་ཞིག་ལ་ངོས་འཛིན་བཞིན་ཡོད།
དེང་རབས་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཁྲོད་གཞན་དང་མ་བསྟུན་པ་ལད་ཟློས་ཉུང་བ།རང་ཉིད་ཀྱི་ཁྱད་ཆོས་འབུར་དོད་ཡོད་མཁན་འགའ་བློ་གཟུར་གནས་ཀྱིས་འཇོག་དགོས་ན།རྒན་རབས་པའི་ཁྲོད་དེང་དུས་སྙན་ངག་གི་ཆ་ནས་བརྗོད་དོན་དང་མཚོན་ཐབས་ཀྱི་ཁྱད་ཆོས་གང་ཐད་ནས་ལྗང་བུ་ལགས་འབུར་དོད་ཅིག་རེད་འདུག་ལ།ཚིགས་བཅད་སྙན་ངག་འབྲི་དགོས་ན་ཧོར་འཇིགས་དང་འཇུ་བསྐལ་ལྟ་བུ་བོད་ཕྱི་ནང་གཉིས་ན་ཧ་ལམ་དཀོན།ཕྱི་རབས་པའི་ཁྲོད་གཉན་དང་ཐེའུ་རང་གི་སྙན་ངག་ལྟ་བུའི་དཔའ་ཉམས་དོད་ཅིང་འབྲོག་གཤིས་མངོན་པ་དེ་འདྲའི་ཐུན་མོང་མ་ཡིན་པ་ཅིག་མེད་ཚོད་རེད།དཔེར་ན།ཐེའུ་རང་གི་བཙན་པོའི་རལ་གྲི་ཐོགས་དང་གདོང་དམར་པ་ཟེར་པ་ལ་ལྟོས་དང་མཁྱེན་ངེས།དེ་ཚོ་འབུར་དོད་ཀྱི་རིགས་རེད།གཞན་བོད་ལ་སྙན་ངག་པ་མང་པོ་འདུག
གོང་སྐུ་ཞབས་ལུང་རིག་རྒྱལ་གྱིས་ལྗང་བུའི་སྙན་རྩོམ་གྱི་ནང་དོན་གོ་རྒྱུ་མེད་པ་ཀློག་མཁན་ལ་ཆ་རྐྱེན་མ་ཚང་བ་རེད་ཟེར་གྱི་འདུག་རེད། བྱས་ཙང་ཁ་བཙུམ་ནས་སྡོད་ལབ་ཀྱི་ཡོད་བཟོ་འདུག འོན་ཀྱང་ལུང་རིག་རྒྱལ་གྱིས་དྲི་བ་འདི་ལ་གསལ་བཤད་བྱེད་རོགས། དཔེར་ན་ཞབས་བྲོ་འཁྲབ་མཁན་གྲགས་ཅན་ཞིག་གིས་གློག་མེད་སའི་ཁང་ཆེན་ཞིག་གི་ནང་དུ་གཞས་འཁྲབ་པ་ཡིན་ན། ཁོང་གིས་ཞབས་བྲོ་ཡ་མཚན་ཞིག་འཁྲབ་ཀྱི་ཡོད་མེད་ལྟ་མཁན་གྱིས་མཐོང་གི་མ་རེད། ལྟད་མོ་དེ་ལ་དེ་ལ་མཐོང་རྒྱུ་མི་འདུག་ལབ་ན་སུའི་ནོར་འཁྲུལ་རེད་དམ། འདིའང་ལྟ་མཁན་ལ་ཆ་རྐྱེན་མ་ཚང་པས་ལན་པ་རེད་དམ། གཞས་འུག་པས་མཐོང་གི་རེད། གཞན་པ་ཚོར་ཆ་རྐྱེན་ཚང་གི་ཡོད་པ་མ་རེད་ལབ་ན་ག་འདྲ་འདུག་གམ། ལྗང་བུའི་སྙན་རྩོམ་ལ་ནང་དོན་ཡོད་མེད་ཀྱང་རྩོད་པའང་འདི་དང་གཅིག་པ་རེད།
ངའི་སེམས་ཁོང་ན་མཆོག་ཏུ་གྱུར་བའི་བོད་ཀྱི་བློ་འབྱེད་བསམ་བློ་བ་ཞིག་ཡོད་པ་ནི་ཟམ་གདོང་རིན་པོ་ཆེ་ཡིན། ངའི་ཉེ་འཁོར་རུ་རྣམ་དཔྱོད་ཀྱི་འཇུག་པ་ཡངས་ཤིང༌།བློ་གྲོས་ཀྱི་སྤོབས་པ་འབར་བའི་སྙན་ངག་པ་ཞིག་ཡོད་པ་ནི་ལྗང་བུ་ཡིན། ངའི་ཁོར་ཡུག་ན་སྐྱེས་སྟོབས་ཀྱི་དཔལ་འབར་བའི་གྲོགས་པོ་རེ་ཡོད་པ་ནི། སྐྱབས་ཆེན་བདེ་གྲོལ་དང་རི་སྔོན་བླ་མ་ཐར། ཨ་ཚོགས་ཀླུ་མཁར་བྱམས་དང་ཙོང་ཁ་ཚེ་བརྟན་རྒྱལ་བཅས་ཡིན།
ལྗང་བུ། ང་ཚོའི་འབྱུང་འགྱུར་རམ་སང་ཉིན་ནི་སྨིག་རྒྱུའི་གྲོང་ཁྱེར་ཞིག་ཏུ་ངོས་འཛིན་བྱེད་པའི་སྙན་ངག་པ་གང་གིས་གྲི་དང་སྟ་རེ་བརྡར་སའི་ཡུལ་གྲུ་འདིའི་ཆེད་དུ་ནམ་ཡང་གཏོར་བཤིག་གི་ལམ་བུ་ཞིག་ནས་ཆས་ཏེ་ཡོང་བའི་སྙན་ངག་ལས་ང་ལ་བློང་བོར་བོར་གྱི་བསམ་གཞིགས་དང་མྱ་ངན། མཛེས་པ་སོགས་རྫོགས་མཐའ་མེད་པ་ཞིག་བྱིན།
ལྗང་བུ་ཟེར་དོན་ལ་སོག་པོའི་མཚོན་དོན་ཞིག་ཡོད་པ་འདྲ། གང་ལྟར་ཁོས་རང་ཉིད་ནི་དེང་རབས་བོད་ཀྱི་སྙན་ངག་གི་མགར་བ་ལྟ་བུར་འདོད་པས། རང་ཉིད་ལ་མགར་བ་ལྗང་བུར་འབོད།
ཁོ་ལ་ཡོན་ཏན་སྣ་རེ་ཡོད་ཀྱང་ཆ་ལུགས་དེ་ཙམ་ཡག་རྒྱུ་མི་འདུག དེ་སྔོན་ཁོས་བོད་ཁམས་ཡོངས་ལ་ལྗོངས་རྒྱུ་བྱས་ནས་དོན་ཆེན་བསྒྲུབ་པར་ཁ་གཡར་ནས་རང་ཉིད་འུར་སྒྲོག་དང་ཞལ་འདེབས་བསླངས་པ་དང་། མཐའ་མར་གཞན་གྱིས་སྤྲད་པའི་དཀར་ཐིགས་སྦི་རག་དམ་བི་ཁང་པ་གང་ལ་བརྗེས་ནས། ཉིན་མཚན་མེད་པར་ར་བཟི་ནས་བསྡད་པར་གྲགས། འདིའི་སྐོར་ཀྱང་ཞོར་དུ་གླེང་དགོས།
ནང་གི་ཡོན་ཏན་གྱི་ཆ་དང་ཀུན་སྤྱོད་གཉིས་ཆ་ནས་གླེང་ན་ཞ་དཔེ་རྒྱས་འགེབས་སུ་མི་འགྲོ་བར་ཕན།
ལྗང་བུ་དང་སྔོན་པོ་ཅང་མི་ཤེས། གཞོན་ནུ་ཟླ་མེད་ཀྱི་རྩོམ་རྩལ་ཧ་ལས་པ་ཞིག་འདུག ངའི་ཧོ་རོ་དེ་ཁོང་ཡིན་ད།
ལྷུག་སྒྲུང་ལ། སྤོབས་མཐའ།
བཅོས་སྒྲུང་ལ། ཀླུ་སྨྱོན།
རྩེད་མཚར་ལ། ཟླ་མེད།
དོགས་འདྲི་ལ། རིག་འབྱུང་དོན་བཀྲ།
བཀའ་བཀྱོན་ལ། སྟག་སྨྱོན།
དག་ཆ་ལ། ལ་དྭགས་ལེགས།
བོན་རྩོད་ལ། ལ་སྟོད།
་བཅས་སོ།།
རིག་འབྱུང་དོན་འགྲུབ་ཀྱིས་བྲིས་བའི་རྩོམ་ཐུང་ངོ་སྤྲོད་ཐོག་ལ་གླེང་སློང་མང་པོ་བྱས་སོང་། གུས་བའི་བསམ་ཚུལ་ལ་མཁས་མི་མཁས་ཟེར་བའི་ཐ་སྙད་འདི་རིག་འབྱུང་དོན་འགྲུབ་ལྟ་བུ་ཞིག་གིས་བཏགས་ཀྱང་མིང་ཐོག་དཀའ།དོན་འགྲུབ་ཀྱི་སེམས་ངོར་ལྗང་བུ་མཁས་པ་དང་རྩེར་སོན་སྙན་ངག་པ་འདོད་ཀྱང་མི་གཞན་ཚོས་ངོར་མཁས་པ་ཕར་བཞག་ཐ་ན་སྙན་ངག་པ་ཡག་པོ་ཞིག་ཡིན་མིན་ཡང་ཐེ་ཚོམ་རེད།གང་ལྟར་སྐབས་དེར་དུས་དང་བསྟུན་ནས་བཤད་ན་སྙན་ངག་པ་ཡག་པོ་ཞིག་རེད་ལབ་ན་འགྲིག ཡིན་ཡང་ལྗང་བུ་ཁོ་རང་སྔོན་མའི་འབྲི་སྟངས་ལས་ཡར་རྒྱས་སོང་མི་འདུག ནམ་ཡིན་ཡང་གོ་དཀའ་བ་དང་ཚིག་ལ་ཡང་བོད་ཀྱི་རྩོམ་གཤིས་ཆེན་པོ་མཐོང་མ་སོང་།
ལྗང་བུས་རྩོམ་རིག་མང་པོ་རྒྱ་ཡིག་ནས་ཀློག་ཡོད་ངེས་ཆེ།ནུབ་ཕྱོགས་རྩོམ་རིག་མང་པོ་རྒྱ་ཡིག་ནས་ཀློག་དུས་སྐད་རིགས་རིམ་པ་གཉིས་བརྒྱུད་པ་རེད།རྒྱ་ཡིག་ལ་བསྒྱུར་མཁན་དེས་ཀྱང་ནུབ་ཕྱོགས་རིག་གཞུང་དང་མིའི་བསམ་བློ་ཆ་ཚང་ཞིག་འབྲེལ་འདྲིས་མེད་དུས་བསྒྱུར་མཁན་རང་གི་མི་རིགས་ཀྱི་རྩོམ་རིག་དང་སེམས་ཁམས་ཀྱི་གཤིས་ཀ་འདྲེས་ཡོད་པར་སྙམ།ཕྲན་གྱིས་ལྗང་བུས་སྙན་ངག་གཟི་མིག་དགུ་བའི་ནང་ནས་གཅིག་གཉིས་ཀློགས་པ་ཡིན།རང་བཞིན་གྱིས་གཉོབ་སྣང་ཞིག་གིས་ཀློག་འདོད་བྱུང་མ་སོང་།མ་ཟད་རྒྱ་ཡི་རྩོམ་གཤིས་འདུག་བསམ་སོང་།སྤྱིར་རྩོམ་རིག་གང་ཡིན་ཡང་ཡག་མིན་དེ་ཐག་གཅོད་མཁན་སུས་ཀྱང་བཤད་དཀའ།དཔེར་ན་སྟོན་པ་བཅོམ་ལྡན་འདས་ཀྱི་གསུངས་ལས་ལྷག་ཞིག་སུས་ཀྱང་གསུངས་དཀའ།ཡིན་ཡང་ཕྱི་རོལ་བ་མང་པོ་ཞིག་གིས་དེ་ལ་ཚོར་སྣང་མེད་ལ།མྱོངས་སྣང་ཡང་ཅི་ཡང་མེད།དེ་བཞིན་ལུང་རིག་རྒྱ་ཡིས་ཀློགས་མཁན་གྱིས་མ་གོ་བ་རེད་ཟེར་ནས་མཐའ་གཅིག་ཏུ་དགག་བཞག་བྱེད་པ་འདི་མི་ཡི་སེམས་ཁམས་ཟེར་བ་དང་མི་ཡི་བློ་ངོར་གྲུབ་པའི་ལྟ་བ་གཉིས་པ་ལ་འབྲེལ་འདྲིས་སྤུ་ཙམ་མེད་པའི་རྟགས་རེད།
གོང་དུ་ང་ལ་འབྲེལ་བ་ཡོད་པའི་མཆན་གཉིས་འདུག ལན་ནི་མེད། དགོངས་དག གལ་སྲིད་བློ་གཟུ་བོ་ཡིན་ན་ཚིག་འབྲུ་རེ་རེ་བཞིན་ཀློག་རོགས། རྣམ་པ་གཉིས་ཀྱི་མཆན་དང་ངའི་བསམ་ཚུལ་ཅུང་ཁ་ཁ་འདྲ་བོ་རེད། མཐའ་མ་དེར་ངས་ཅིག་བཤད་ཁུལ་བྱས་ཡོད། དེ་ནི་དཔེར་ན། ད་བར་གྱི་སྙན་ངག་པ་ཡིན་ཟེར་མཁན་དེ་དག་ལ་ཐ་སྙད་ག་ཚོད་འདུག ལོ་༢༠ རིང་ལ་ཐ་སྙད་མི་འདྲ་བ་ག་ཚོད་བེད་སྤྱོད་བཏང་འདུག བག་ལ་ཞ་བསྡད་པ་ག་ཚོད་ཡར་ཁྱེར་ཡོང་སོང་། ཤ་ཁི་སི་ཕིར་གྱིས་ཐ་སྙད་མི་འདྲ་བ་ ༣༡༥༣༤ བེད་སྤྱོད་བཏང་འདུག ངས་དེ་ལ་ཚད་གཞི་ཅི་ཡང་མི་དགོས་པ་དེ་འདྲ་ཡིན་རྒྱུ་མ་རེད་ཟེར་དོན་ནི། གཙོ་བོ་ཐ་སྙད་དང་བརྡ་དག་གི་སྐོར་ལ་ཟེར་གིན་ཡོད། བོད་པ་མ་གཏོགས། བརྡ་སྤྲོད་མ་ཤེས་གོང་སྙན་ངག་འབྲི་མཁན་ཞིག་ཡོད་ན། ངས་མི་ཤེས།
བོད་ཀྱི་རྩོམ་རིག་གི་སྤང་ཐང་ཡངས་པོ་ན། ཐ་ན་སུག་བཞི་ལ་རང་དབང་མ་ཐོབ་པའི་སྒྲོག་མ་འགའ་ཡང་རྒྱུག་གིན་ཡོད་ཚོད་འདུག
ལུང་རིག་གིས་བཤད་པ་བདེན་པ་རེད་སྙམ།གནའ་རབས་ཀྱི་སྙན་ངག་ལ་གཞུང་ལུགས་ཡོད་པ་ལྟར་དེང་དུས་སྙན་ངག་ལའང་གཞུང་ལུགས་ཡོད་པ་རེད།གཞུང་ལུགས་ཀྱི་སྒྲོམ་དེ་ལ་གོམས་འདྲིས་ཆེན་པོ་མེད་རུང་བག་ཆགས་ཆུང་ཙམ་ཅིག་མེད་ན་གསར་དར་སྙན་ངག་དེ་ཚོ་བོད་ཡིག་ཤེས་ཚད་ཙམ་ཀྱིས་གོ་དཀའ་མོ་རེད།
དཔེར་ན།བཙན་བྱོལ་ནང་འཚར་བའི་བོད་སྐད་ཤེས་མཁན་བོད་མི་མང་པོས་བོད་ནང་གི་གཏམ་དཔེ་ཙམ་ལའང་གོ་བ་ལོན་མཁན་ཉུང་ཉུང་རེད།དེ་ལས་ཁོང་ཚོའི་བློ་ངོར་རྒྱ་གར་གྱི་གཏམ་དཔེ་དེ་ཚོ་ཧ་ཅང་འཇུག་པོ་འདུག་ག
དེ་ཁོང་རྣམ་པར་རྣམ་དཔྱོད་མེད་པ་དང་གཏམ་དཔེ་དེར་སྒྱུ་རྩལ་མེད་པས་མ་རེད།སྤྱི་ཚོགས་ཀྱི་གོམས་གཤིས་བག་ཆགས་སོགས་མང་པོ་ཅིག་ལ་རག་ལུས་ཡོད།
དཔེ་གཞན་ཞིག་ནི།བོད་ནང་བོད་ཡིག་ཤེས་ཚད་ཡག་པོ་ཡོད་མཁན་སློབ་ཆེན་སློབ་ཕྲུག་ཚོས་ཀྱང་རྗེ་ཙོང་ཁ་པ་དང་རྫ་དཔལ་སྤྲུལ།འཇུ་མི་ཕམ་སོགས་ཀྱི་སྙན་ངག་ལ་དགའ་མོས་གདེང་འཇོག་བྱེད་རྒྱུའི་ཚབ་ཏུ་སྐྱོན་བརྗོད་གང་མང་ཡོང་བཞིན་པ་རེད།དེའང་སྙན་ངག་པ་དེ་ཚོའི་སྐྱོན་མིན་པར་ཀློག་མཁན་དེ་ཚོར་ནང་ཆོས་ཀྱི་ཤེས་ཡོན་ཞན་པ་དང་སྲོལ་རྒྱུན་རིག་གཞུང་ལ་མཐོང་རྒྱ་ཆུང་རྐྱེན་སྙན་ངག་དེ་ཚོ་གོ་དང་མྱོང་ཐུབ་ཀྱི་མེད་པ་རེད།
ངས་བསམ་ན་བོད་ཀྱི་གསར་དར་སྙན་ངག་སྲོལ་རྒྱུན་སློབ་གསོ་ཁོ་ནའི་ནང་འཚར་བ་ཚོས་མི་གོ་བ་དེ་སྙན་ངག་པ་ཚ་ཁོ་ན་ལ་སྐྱོན་འཛུགས་གནང་རྒྱུ་མེད་རེད།མང་པོ་བཤད་མི་དགོས་བཙན་བྱོལ་ནང་འཚར་བ་མང་པོས་སོ་སོས་བོད་ཡིག་མི་ཤེས་པ་ཕར་བཞག་སྟེ།བོད་ཡིག་སྦྱང་དཀའ་མོ་དང་རྗེས་ལུས་རེད་ཅེས་ག་ཚོད་བཤད་ཀི་འདུག དེ་ཚོ་རིགས་པ་འགོ་མཚུངས་རེད།
དྲ་ཐོག་ཏུ་བོད་ཡིག་དར་ནས་ལོ་ཤས་སོང་རིང་གྲུབ་འབྲས་མེད་པའི་ཆུ་ཚོད་མང་པོ་ཞིག་འདི་ནང་བཏང་ཟིན་པ་ཡིན། སྔར་ལས་ཆེས་ཉུང་དུ་བཏང་ཟིན་ཀྱང་ད་དུང་ཡང་འཚམས་འཇོག་ཆ་ཚང་བྱས་མེད་ཀྱང་ལག་ལེན་ཁེལ་བ་བྱེད་ཀྱི་ཡིན། གང་ལྟར་དྲ་ཐོག་འདིར་བསམ་ཚུལ་བརྗེ་རེས་བྱེད་པ་ནི། ང་ཚོས་མཉམ་དུ་རྩམ་རྡོག་རྡོག་ཅིག་སྐོར་བ་བརྒྱབ་ནས་ཕུར་ཕུར་གཏོང་གི་ཡོད་པ་དང་གཅིག་པ་རེད། བྱས་ཙང་རྩམ་རིལ་དེའི་ཐོག་གི་རི་མོ་ག་འདྲ་ཡིན་མིན་ང་ཚོ་མཐོང་སྣང་གཅིག་པ་ཞིག་ནམ་ཡང་ཡོང་གི་མ་རེད། དེ་ལས་ཤར་ནུབ་ལ་སོང་ནས་རང་གི་ཆུ་ཚོད་བཟང་པོ་ལོངས་སུ་སྤྱད་ན་ཡག་པོ་རེད།
བོད་ཡོངས་ན་གོ་རྒྱུ་མེད་པའི་རྩོམ་འབྲི་མཁན་ལྗང་བུ་གཅིག་པོ་ཡིན་པ་ཡོངས་གྲགས་རེད། ལྗང་བུའི་རྩོམ་ཡིག་ལ་བཀླགས་ཐབས་ལོགས་ཀ་ཞིག་ཡོད་ན་ངས་མི་ཤེས། ལྗང་བུའི་རྩོམ་ཡིག་གི་དོན་གོ་བ་ལ་བཀའ་བསྟན་འགྱུར་ཀློག་པ་ལས་ཀྱང་ལྷག་པའི་ཐ་སྙད་ཀྱི་ཤེས་ཚད་དགོས་ཡོད་ན། ཆོ་མེད་རེད། དེ་འདྲའི་དཀའ་ལས་ཁག་པོ་ཞིག་གོ་བ་ལོན་ལོན་བར་དུ་སྦྱངས་ནས་ག་རེ་ཐོབ་ཀི་རེད་དམ།
༢༨༽ ཟུར་གནས་ལགས་ཀྱིས་གསུང་ངོ་མ་བདེན་པ་རེད། སྲིད་པ་བོད་ཀྱི་དཔེ་ལ་མིས་མི་བཀྱག་ན་བླ་མ་དང་དཔོན་པོ། ཤིང་གིས་ཤིང་བཀྱག་ན་ལྷ་ཁང་དང་གསེར་ཁང་ཟེར། ང་ཚོའི་བོད་པའི་སྤྱི་ཚོགས་ཆུང་ཆུང་བོ་འདིའི་ནང་བོད་མི་རེའི་མགོ་འབུར་ཡོང་དུས་དེ་ཡར་སྐྱོར་རྒྱག་དགོས་པ་ལས་རྐང་པ་ནས་མར་འཐེན་མི་ཉན།
༣༩༽ སད་ན་ལེགས་ནས། རྒྱུས་མངའ་ཡོད་པའི་ཚུལ་གྱིས་༼དེ་སྔོན་ཁོས་བོད་ཁམས་ཡོངས་ལ་ལྗོངས་རྒྱུ་བྱས་ནས་དོན་ཆེན་བསྒྲུབ་པར་ཁ་གཡར་ནས་རང་ཉིད་འུར་སྒྲོག་དང་ཞལ་འདེབས་བསླངས་པ་དང་། མཐའ་མར་གཞན་གྱིས་སྤྲད་པའི་དཀར་ཐིགས་སྦི་རག་དམ་བི་ཁང་པ་གང་ལ་བརྗེས་ནས། ཉིན་མཚན་མེད་པར་ར་བཟི་ནས་བསྡད་པར་གྲགས། ༽བཀོད་འདུག ངའི་གོ་ཐོས་ལ་ཁོ་རང་གི་ལྗོངས་རྒྱུའི་དོན་ཆེན་ལ་རྒྱ་ནག་གིས་བཀག་འགོག་བྱས་རྐྱེན་སེམས་མ་སྐྱིད་པར་ཆང་འཐུང་གི་འདུག་ཟེར་བ་ཐོས། བདེན་མིན་མི་ཤེས།
“ལྗང་བུ”ནི་ལྗང་བུའོ།
ད་ལྟ་གཞི་ནས་ཁོམ་སོང་བས་ཁ་བརྡའི་ནང་ལ་དྲ་ཉུལ་ཞིག་བྱེད་དུ་ཡོང་བ་ཡིན། འདིར་རྩོམ་པ་པོ་གླེང་གིན་ཡོད་པ་འདྲ་བོ། རྩོམ་ཡིག་གླེང་གིན་ཡོད་པ་འདྲ་བོ། “ལྗང་བུ”ཁོ་ན་གླེང་གིན་ཡོད་པ་འདྲ་བོ། ཕན་ཚུན་ལ་ཤགས་འགྱེད་ཀྱིན་པ་འདྲ་བོ་ཅི་རིགས་ཤིག་འདུག ཡིན་རྒྱུ་རེད། ཀུན་སློང་འདྲ་མི་འདྲ་བ་དུ་མ་ཞིག་གི་རང་དབང་གི་ཁ་བརྡ་རེད། བཤད་ལོས་ཆོག
ཡིན་ན་ཡང། རྩོམ་པ་པོའི་ཆ་ནས་བཤད་ན་འདྲ་ཀློག་པ་པོ་ཞིག་གི་ངོས་ནས་བཤད་ན་འདྲ། ང་འདྲ་བའི་ཕལ་བ་འགའ་ཞིག་གིས་ཕལ་ཆེར་ཙམ་མིན་པར་ཡིན་ཐག་ཆོད་ཀྱིས་ལེགས་ཉེས་ཚད་འཇལ་བྱེད་སྟངས་འདི་ནི་ལོ་ཚོད་དང་ཤེས་ཚད་གང་གི་ཆ་ནས་ཀྱང་གསར་བུའི་སྣང་བ་ལས་མ་འདས་སོ།
རྩོམ་པ་པོ་སུ་ཞིག་གླེང་ན་དེ་ངེས་པར་དུ་ཁོང་གི་བརྩམས་ཆོས་དག་དང་འབྲེལ་ནས་གླེང་དགོས། རྒྱུ་མཚན་ནི་གཅིག་རང་སྟེ། བརྩམས་ཆོས་མེད་ན་རྩོམ་པ་པོ་ཞེས་པའི་མཚན་སྙན་མི་ཐོགས་པས་སོ། བརྩམས་ཆོས་ཀྱི་ཆ་ནས་གླེང་དགོས་ན་ཁྱེད་རང་ཁོང་གི་ཀློག་པ་པོ་ཡག་ཤོས་ཤིག་མིན་ན་ཡང་ཚད་ལྡན་ཞིག་ཡིན་དགོས། འདིར་གླེང་མཁན་མང་ཆེ་བར་ཆ་རྐྱེན་འདི་ལྡན་མེད་ཚོད། དེས་ན་་་་ད་དུང་ཅི་ཞིག་ལ་་་་་་
ངོ་མ་བཤད་ན་རང་རློམ་ཅན་ཧ་ཅང་མང་གི ལྷག་པར་དུ་སྒྱུ་རྩལ་ལ་དུངས་ཞེན་ཕྱོགས་ལྷུང་ཅན་མང་གི ཁོ་རང་ཚོས་རང་གི་སྣང་བར་མི་འགྲོ་དག་སྒྱུ་རྩལ་དུའང་མི་འདོད། དཔེར་ན་སྒྱུ་རྩལ་ནི་ཁ་དོག་དང་དྲི་བསུང་ཅི་རིགས་ཀྱི་མེ་ཏོག་སྣ་བརྒྱ་ཞིག་ཡིན་ན། ཁྱོད་ཉིད་མི་དགའ་སའི་མེ་ཏོག་དག་མེ་ཏོག་ཏུའང་མི་སྣང་བ་བཞིན་ནོ།
ཁྱེད་རང་ཚོས་ལྗང་བུ་འཐེན་ནས་སྐྱེ་འཇུག་མི་ཐུབ་ལ་ལྗང་བུ་མནན་ནས་འགོག་ཀྱང་མི་ཐུབ། གལ་ཏེ་ཐུབ་ན་དེ་ནི་ལྗང་བུ་མིན། ངས་ཤེས་པའི”ལྗང་བུ”ཡང་ལྗང་བུ་འདི་འདྲ་ཞིག་གོ
ལྗང་བུ་ནི་ལྗང་བུའོ། ཡིན་ན་ཡང། ང་རང་ཚོ་ང་རང་ཚོ་ཡིན་ནམ། ཡང་ན་་་་
སྐྱག་ནི་ཟིག་རེད། རེབ་གོང་པ་ཚོ་ལྡེབ་ལངས་ཡིན་ས་རེད། སྐྱོན་སྟོན་མཁན་ཚོས་རྩོམ་ཡིག་ཞིག་གཞིར་བཞག་མེད་པ་བཞིན་དུ། བསྟོད་པ་བྱེད་མཁན་ཚོས་ཀྱང་རྩོམ་ཡིག་ཞིག་གཞིར་བཞག་བྱས་མི་འདུག དེ་ན་རྩོད་པ་འདི་རྩོད་པ་གཞན་ཞིག་ཡིན་ས་རེད། སྟག་སྨྱོན་ཁྱོད་ཀྱང་རྔ་མ་བརླ་བར་ལ་བཅུགས་ནས་ཕྲོས། ང་ཡང་ལག་པ་མགོ་ལ་བསྐྱོར་ནས་འབྲོ་རྒྱུ་ཡིན། རེབ་གོང་པ་ཞིག་ཡིན་ན་རྩོམ་ཡིག་ཡག་པོ་འབྲི་མི་ཤེས་ཟེར་མི་རུང་། ཡིན་གཅིག་མིན་གཅིག་མཁས་པ་རེད་ཟེར་ནས་ཐེ་མོ་ཡར་ལ་སྟོན། དེ་ནས་མགོ་ལ་རེག་མི་ཡོང་། དེ་མ་གཏོགས་ཚང་མ་རུབ་བརྒྱབ་ནས་སླེབས་ཡོང་ནོ་ཁ་ཐོག་སྨྱིག་ཐོག་འདི་རེད། ཧཧཧ
ད་། གུས་བར་དམིགས་བསལ་ཞུ་རྒྱུ་ཅང་མེད་།
དང་པོ།
མིང་དངོས་སུ་བཏོན་ནས་བསམ་ཚུལ་ཤོད་མཁན་དང་དྲ་གྲོགས་རྙིང་པ་སྨྱུག་མིང་ཅན་རྣམས་ལ་གུས་བརྩི་ཡོད་། ད་ལྟའི་སྐབས་སུ། མི་ཞིག་གབ་མིང་འདྲ་མིན་འོག་ཡིབ་ནས་བསམ་ཚུལ་འདྲ་མིན་ཤོད་བཞིན་པ་ནི་དྲ་ཐོག་གི་སྐྱོ་གར་ཞིག་རེད་སྙམ།
གཉིས་པ།
ལྗང་བུས་སྙན་ངག་བྲིས་འདུག ལྷུག་རྩོམ་བྲིས་འདུག བཅོས་སྒྲུང་བྲིས་འདུག རི་མོ་བྲིས་འདུག
དེང་སང་གློག་བརྙན་ཡང་བཟོ་བཞིན་ཡོད་པ་རེད་། ཁོང་ལ་སྒྱུ་རྩལ་གྱི་ལས་ཀ་རེ་རེའི་སྒང་ན་མིང་རེ་འདུག འདི་བསྟོད་དགོས་རྒྱུ་ཞིག་ལས་སྨད་དགོས་རྒྱུ་ཞིག་མ་རེད་དྲན།
གསུམ།
ངེད་ཀྱི་བསམ་པར་། ང་ཚོས་བསམ་ཚུལ་རྩོམ་ཡིག་འབྲི་ན་རེད་། སྐྱོན་བརྗོད་རྩོམ་ཡིག་འབྲི་ན་རེད་། བསྐྱར་ཞིབ་འབྲི་ན་རེད་། གང་ལྟར་། ང་ཚོ་ལ་རྩོམ་འབྲིའི་རིག་ལམ་ཞིག་ངེས་པར་དུ་དགོས་ཀྱི་འདུག
རིག་ལམ་མེད་པར་བསམ་ཚད་ཁ་རུ་འདོན་པ་འདིས་ང་ཚོའི་བྲིས་རྩོམ་དག་ཐལ་བར་བསྒྱུར་གྱིན་འདུག
དཔེར་ན། ཁྱེད་ཀྱིས་དེབ་ཞིག་ལ་གླེང་བརྗོད་སྤེལ་ན། གླེང་བརྗོད་མ་སྤེལ་སྔོན་ལ། གླེང་བརྗོད་སྤེལ་སྟངས་ཀྱི་རིག་ལམ་དེ་ཁོངས་སུ་ཆུད་དགོས་རེད་དྲན། གང་ཡིན་ཞེ་ན། གླེང་བརྗོད་ལ་གླེང་བརྗོད་འབྲི་སྟངས་ཀྱི་རིག་ལམ་ཞིག་ཡོད་རེད་།
དེ་ཙམ་བྱོས།
བརྩེ་དུང་ཁྱོད་ཀྱིས་ཁྱེར་ཆོག
དུས་ཚོད་ཁྱོད་ཀྱིས་ཁྱེར་ཆོག
ཐ་ན་བླ་སྲོག་ཀྱང་ཁྱོད་ཀྱིས་ཁྱེར་ཆོག
འོན་ཀྱང ནང་མ་སྤྲོ་སྐྱིད་ཁང་གཅིག་པུ
ང་ལ་འཇོག་གནང་རོགས།
འདི་ནི་ལྗང་བུས་༢༠༠༡།༩།༢༦ཉིན། རེད།
སྙན་རྩོམ་གཟི་མིག་དགུ་པའི་ཤོག་ངོས་༨༢་ན།
གལ་ཏེ། ཁྱེད་རང་གྲོང་ཁྱེར་གྱི་གཙོ་བདག་གང་ཞིག་ཡིན་ན། ཡིག་ལན་ཅི་འདྲ་ཞིག་གནང་ས་རེད།
མི་སེར་གྱི་ཚབ་བྱས་ནས་གྲོང་ཁྱེར་སྲིད་གཞུང་ལ་ཕུལ་བའི་སྙན་ཞུའི་ཡི་གེ
གོང་གི་སྙན་ཚིག་གི་མིང་བྱང།
ལོ་ངོ་བཅུ་ཕྲག་གཅིག་གི་ཡར་སྔོན་ས་རྰ་སློབ་གྲྭར་ལྗང་བུའི་རྩོམ་དེབ་ཅིག་ཐོག་མར་མཐོང་། ཐེངས་དུ་མར་བཀླགས། དེའི་ཁྲོད་ནས་ད་ལྟ་ཡང་བློ་ངོར་བྱང་ཡོད་པའི་སྙན་ངག་ཅིག་ནི།
སྤྲིན་གསེབ་ནས་བརྡོལ་བའི་ཉི་འོད་ཀྱིས་རྦབ་ཆུས།
རི་ལ་ཐང་མེད་པར་གསེར་མདོག་གིས་སྦྲན་ཞིང་།
ཕྱོགས་ཀུན་ཏུ་འཕྱོ་བའི་གཡང་དཀར་གྱི་ཁྱུ་དེ།
རྦབ་ཆུ་ལས་འཐོར་བའི་ཝུ་དཀར་ལ་འཁྲུལ་སོང་། ཟེར་བ་འདི་ཡིན། བར་སྐབས་སྙན་ངག་ལ་སུན་ནས་ལོ་མང་སོང་སྟབས་ལྗང་བུས་སྙན་ངག་གསར་པ་བརྩམས་ཡོད་མེད་ཤེས་རྟོགས་མ་བྱུང་། འོན་ཀྱང་སྔོན་དུས་བཀླགས་མྱོང་བའི་སྙན་ངག་ཁག་ལས་འགའ་ཞིག་ནི་གོང་ལྟར་གོ་རྒྱུ་ཡོད་པ་ཙམ་མིན་པར་ཀློག་ཐེངས་གཅིག་གིས་བློ་བྱང་དུ་འགྲོ་ངེས་པ་ལྟ་བུའི་སྙན་ཉམས་ཡོད་པ་དེ་འདྲ་ཡང་འདུག ཀློག་ཐེངས་གཅིག་ལ་བློ་བྱང་དུ་འགྲོ་བའི་སྙན་ཚིག་ཅིག་ལ་དགེ་ཆོས་དང་ཤེལ་དཀར་གླིང་པའི་ཚིག་བཅད་དེ་ཚོ་ལས་གཞན་རྗེ་བཙུན་ཙོང་ཁ་པའི་ཚིག་གཤིས་དགའ་མའི་ལག་པ་ལྟར་འཇམ་པའི་སྙན་རྩོམ་དེ་ཚོ་དང་། འབྲུག་པ་པད་དཀར་གྱི་རྔམས་བརྗིད་སྟག་མོ་ནགས་རོལ་ལྟ་བུའི་སྙན་ངག་དེ་ཚོར་ཡང་དཀའ་སེ་རེད།
ད་དུང་ལྗང་བུའི་སྙན་ངག་གཞན་ཅིག་ནི།
ཤ་ཕོའི་རྭ་བ་ལྷུང་།
རྟ་ཕོའི་དྲུག་ཤ་སྐམ།
མེ་ཏོག་གི་དྲི་བསུང་ཉམས་ཤིང་།
བྱ་བྱིའུ་ཡི་སྐད་སྙན་འགགས།
ཁ་བ་ལེབ་མོ་བྱ་རྒྱལ་གཤོག་པ་འདྲ།
བྱང་རླུང་དྲག་པོས་སེང་གེའི་ང་རོ་འཇོམས།
ཟེར་བ་ཞིག་ཀྱང་ཡོད་པ་དྲན། འོན་ཀྱང་ད་ལྟ་དེའི་མཇུག་བརྗེད་ཟིན་འདུག
ཁ་བ་ལེབ་མོ་བྱ་རྒྱལ་གཤོག་པ་འདྲ།
བྱང་རླུང་དྲག་པོས་སེང་གེའི་ང་རོ་འཇོམས། དངོས་གནས་ཚིག་འདི་གཉིས་སྙན་པོ་རེད།
ཁ་བརྡ་དྲ་བའི་སྨྱུག་གྲོགས་ཚོ་ལ་རེ་སྐུལ་ཞིག་ཡོད། ལྗང་བུ་ལགས་ཀྱི་སྙན་རྩོམ་གཟི་མིག་དགུ་པའི་དཔེ་དེབ་ད་སྐབས་གང་ནས་རག་ཐུབ་བམ།