ཀ
མཐའ་མེད་པའི་ཁྱེད་ཀྱི་འཆར་སྣང་མང་པོ།
ཐལ་རྡུལ་དཀར་པོ་འཚུབ་འདྲའི་བར་སྣང་གི་སྐར་ཚོགས་ཡིན་པ་འདྲ་བྱུང་།
ཁྱེད་ཀྱིས། ་་སྐར་མ་མེ་བདུན་གྱི་སྐྱོགས་ཀྱིས་བཅུས་པའི།
ནམ་མཁའི་དགུ་ཚིགས་སྐྱ་མོ་་༡
ངེད་ཅག་གི་བདུན་དུ་གཏོར་བའི་སྙན་ཚོམ་འདི་དག་ཅིའི་མ་ཡིན།
ཁ
མཛེས་མའི་མིག་འོད་འདྲ་བའི་འོད་ལྡན་སྐར་མ་རེ་རེས
ང་ཚོ་ལ་གསང་བརྡ་ཅི་ཞིག་སྟོན་གྱི་ཡོད།
ནམ་མཁའི་ཕ་མཐར་སྐྱོང་བའི་དགུ་ཚིགས་སྐྱ་མོ།
གསང་བ་ལྐོག་གྱུར་གྱི་ཀློང་ན་སྐྱ་སོབ་བེ
་་ཨ་མཚར་མཚར་ར་མཚར་དགུའི་ཁེད་གླུ་ལེན་ཅིང་མཆིས།
ག
དགུ་ཚིགས་སྐྱ་མོ་འབྲུག་མོའི་བག་ལམ་ཨེ་རེད།
སྨིན་དྲུག་ཕྲ་མོ་བག་མའི་བག་རོགས་ཨེ་རེད།
ང་།
ང་ལ་མཚོན་ན།
ཁྱེད་ཀྱི་སྐྱོགས་ཏེསྐར་མ་མེ་བདུན་ནི། སྐྱོགས་ཤིག་མ་ཡིན་པར་དྲི་རྟགས?ཤིག་སྟེ།
དྲི་རྟགས་འདིའི་རྒྱབ་ལོགས་སུ།
དྲི་ལན་གྱི་ནོར་བུ་མི་འདྲ་བ་གང་མང་བསྔོག་རྒྱུ་དང་བསྒྲུག་རྒྱུ་འདུག
ཨ། ལྗང་བུ།
་་ང་དང་སྐར་ཚོགས་ཕྲ་མོ། ལ་མོ་རྒྱག་དགོས་བྱུང་སོང་།་་༢
༡ ལྗང་བུའི་སྙན་ངག་ཅིག་ལས་དྲངས།
༢ འབའ་གཞས་ཤིག་དྲངས།
ད་ལྟའི་མི་རབས་གསུམ་པའི་སྙན་ངག་པ་དག་གིས་དོན་འགྲུབ་རྒྱལ་དང་འཇུ་སྐལ་བཟང་གི་སྙན་ངག་ལྟེབ་བརྩེགས་བརྒྱབ་ནས་ཡར་ལ་བཞག་ཡོད་ཟེར་གི་ཡོད་པ་ལྟར། དངོས་སུའང་འབྲི་ཐབས་གསར་པའི་སྙན་ངག་མང་པོ་ཞིག་དབྱར་གསུམ་ཆུ་མིག་བརྡོལ་བ་ལྟར་སླེབས་ཡོང་གི་འདུག ཡིན་ནའང་། ལྗང་བུའི་སྙན་ངག་ནི་ད་རུང་ཁོ་ཚོས་ད་རུང་དགའ་ས་ཞིག་དང་ད་རུང་མང་པོ་ཞིག་གི་ལད་ཟློས་བྱེད་ས་ཞིག་ཏུ་གྱུར་འདུག
དེང་རབས་སྙན་ངག་པའི་ནང་གོ་གནས་ངེས་ཅན་བཟུང་ཡོད་པས་སྐྱབས་ཆེན་གྱིས།
ང་རང་ཆེས་དགའ་སའི་ལྗང་བུའི་སྙན་ངག་ནི༼ལྗང་བུའི་སྙན་ངག་དེབ༽ནང་གི་ཆེས་གོ་དཀའ་བའི་རིགས་དེ་དག་དང་། ༼གཟི་མིག་དགུ་བ༽འི་ཁྲོད་ཀྱི༼དྲི་བ༽དང་། ༼ནོར་བུ༽སོགས་ཡིན་པར་སྙམ། གོ་དཀའ་བ་དེ་དག་ནི་གབ་ལན་རྙེད་དཀའ་བའི་གབ་ཚིག་ཅིག་དང་བསླུ་བྲིད་བྱེད་མཁས་པའི་མཛེས་མ་ཞིག་དང་འདྲ་བར་ཁྱོད་ཀྱི་རྟོག་པའི་དབྱིངས་ནས་མི་ནུབ་པར་ཡོད་ཅིང་། ༼གཟི་མིག་དགུ་བ༽བའི་ནང་གི་སྙན་ངག་དེ་དག་ནི་རེག་ན་མེད་པར་འགྱུར་ཅིང་མ་བཅར་ན་གསལ་བོར་མི་མཐོང་བའི་མེ་ཏོག་རེ་དང་འདྲ་བར་ཤིན་ཏུ་མཛེས་པའི་གཟུགས་སུ་བཞེངས་ཡོད་པ་རེད། ཅེས་སྡོམ་ཚིག་གནང་འདུག
སྙན་ངག་པ་འབུར་ཐོན་གྲས་སུ་བརྩི་བའི་མདའ་བཙན་པོས་ཀྱང་ཁེངས་སྐྱོང་གིས། མི་རབས་གསུམ་པའི་འབྲི་བཞིན་པའི་སྙན་ངག་ནི་ལྗང་བུའི་ཁ་ཆུ་བལྡག་གི་ཡོད་པ་ལྟ་བུ་ཞིག་བཤད་འདུག ནུབ་ཕྱོགས་སུ་བོད་ཀྱི་དེང་རབས་སྙན་ངག་ཉམས་ཞིབ་པ་བླ་མ་སྐྱབས་ཀྱིས་ཀྱང་། བོད་ཀྱི་མི་རབས་གསུམ་པའི་སྙན་ངག་ལ་གདེང་འཇོག་ཡག་པོ་གནང་བ་དང་ཆབས་ཅིག་ཁོང་ཚོ་ད་དུང་ལྗང་བུའི་སྙན་ངག་ལས་བརྒལ་ཐུབ་མི་འདུག་པ་མ་ཟད་ལྗང་བུར་ལད་ཟློས་ཀྱི་ཆ་གང་སར་ཁྱབ་ཡོད་ཚད་གླེང་།
ཡང་། ལྗང་བུ་ནི་གང་ཡང་མ་རེད། ད་ལྟ་ལྗང་བུའི་སྙན་ངག་ལྟ་བུ་འབྲི་མཁན་གང་སར་ཡོད་ཟེར་ནས་མིང་མི་ཤེས་མཁན་དེ་འདྲ་ཡང་ཡོད་པ་དེ་ཡང་དངོས་ཡོད་རེད།
མཐའ་མཇུག་ཏུ། ངའི་ལྗང་བུའི་སྙན་ངག་ཅིག་དྲན་སོང་། སྔོན་གཤེགས་དམ་པ་ཞིག་ལ་ཕུལ་བའི་སྙན་ངག་རེད།
དེའི་ནང་། བང་སོ་དཀར་པོ་ཞིག་དང་བང་སོ་དེ་དང་འབྲལ་བཞིན་པའི་མི་ཞིག་གི་སྣང་བརྙན་བཞེངས་ཡོད་པ་རེད། བང་སོ་དེའི་ཐོག་ན། ་་ཁྱེད་ཀྱིས་མགོ་བརྩམས་པ་དེ། ང་ཡིས་མཇུག་བསྡུ་་ ཞེས་ཡིག་འབྲུ་ཉུང་ཉུང་ཞིག་བྲིས་ཡོདཔའང་བཀོད་ཡོད་པ་རེད།
ད་ལྟ་བསམ་ན། བརྒྱད་ཅུ་གྱ་གྲངས་ནང་གི་སྙན་ངག་པ་མང་པོ་ཞིག་ཁྱིམ་འཁོར་བའི་ནང་ལྷུང་སྟེ་སྙན་ངག་འབྲི་མཚམས་ཆད་འདུག་ཀྱང་། ལྗང་བུ་ལ་མཚོན་ན་ད་དུང་ཡང་གློག་བརྙན་བཟོ་ཞོར་དུ་སྙན་ངག་འབྲི་བཞིན་པ་དེས་སྔོན་གཤེགས་དམ་པ་དེར་ཁས་ལེན་བྱས་པའི་དམ་བཅའ་དོར་མི་འདུག་སྙམ། ད་དུང་ཁོང་དང་ལོ་མཉམ་གྱི་རྩོམ་པ་པོ་ཕལ་ཆེ་བ་གུང་གཞུང་གི་དཔོན་པོ་ཆགས་ཤིང་ལྐོག་རྔན་རུལ་བསུང་ཁྲོད་ན་རུལ་བ་ཆགས་ནས་རང་རང་གི་གློད་ཁོག་ཆེན་པོའི་ཁུར་གྱིས་ནོན་ནས་ཡོད་པ་དེ་ལྟར་ཡང་། ལྗང་བུས་ནི་གཞུང་གི་སྤྲད་པའི་ལས་གནས་ཚང་མ་རེ་རེ་བཞིན་འབྲེལ་མཚམས་བཞག་སྟེ། ཁོང་གི་སྙན་ངག་ཁག་གི་ནང་གང་སར་མཐོང་རྒྱུ་ཡོད་པའི་རང་དབང་གི་འཚོ་གནས་དང་འགྲུལ་བཞུད་དང་འཚོལ་ཞིབ་བྱེད་རྒྱུ་དེ་དམིགས་པ་གཙོ་བོར་བཟུང་ནས་ད་བར་ཡོང་འདུག་པའི་དངོས་ཡོད་འདི་ཚོར་ཡང་ང་ཚོས་གདེང་འཇོག་དྲང་མོར་བྱེད་དགོས་པར་མཐོང་། གནས་སྐབས་དེ་ཙམ་བྱེད།
གོ་གནས་ངེས་ཅན་ངེས་ཅན་བཟུང་ཡོད་པས་སྐྱབས་ཆེན་དེ་ཡོད་པའི་སྐྱབས་ཆེན།
ཁེངས་སྐྱོངས་གིས་ཁེངས་སྐྱུང་གིས་ལ་བཅོ།
གློད་ཁོག་ཅེན་པོ་དེ་གྲོད་ཁོག་ཆེན་པོ་རེད།
གཞུང་གི་སྤྲད་ནི་གཞུང་གིས་སྤྲད།
ད་རུང་ཐལ་བ་ཞིག་ཀྱང་ཤོར་འདུག
ཡིག་ནོར་མང་གི་ཡ། ད་ཀླད་པའི་ནུས་པ་ཉམས་ན་འདི་འདྲ་རེད། དགོངས་དག་ཞུས་ན་ཞུ་ཚོད་མི་འདུག དགོངས་དག
རྒན་ལགས།
ཁྱེད་དང་སྐར་ཚོགས་ཕྲ་མོས་ལ་མོ་བརྒྱབ་ནས་ཕེབས་ཤོག
ཡང་བའི་རྩྭ་ཐང་སྟེང་ལ་ཟིལ་བ་གཏོར་གྱིན་ཕེབས་ཤོག
གསར་གཏོད་ཡོད་ཚད་ལེགས་བཤད་དུ་མ་རློམ།།
རྙིང་པ་ཡིན་ཚད་དགོས་མེད་དུ་མ་སེམས།།
གསར་པ་ཐམས་ཅད་གསར་པར་དགའ་ཡང་།།
གནས་ལུགས་མེད་པའི་གསར་བཤད་ཅིག་ཡིན་ན།།
དེ་ལ་དགའ་བ་གནས་ལུགས་ཤིག་ཨེ་ཡོད།།
སྤང་བླངས་དགོས་པ་རྙིང་པ་ལ་ཡོད་ལ།།
སྤང་བླངས་དགོས་པ་གསར་པ་ལོས་ཡོད།།
གསར་གཏོད་བྱ་རྒྱུ་སུ་ལ་ཡང་མི་དཀའ།།
གནས་ལུགས་ཡོད་པའི་གསར་གཏོད་ཅིག་བྱེད་མཁན།།
རྒྱ་མཚོ་ནང་གི་ཟླ་བ་དང་འདྲ་བྱུང་།།
ལྗང་བུས་དོན་གྲུབ་རྒྱལ་གྱི་སྙན་ངག་ལ་ལད་ཟློས་བྱས་ནས་རང་མོས་སྙན་ངག་ཟེར་བ་དེ་བྲིས་ཁ྄ུལ་བྱས། འོན་ཀྱང་ཁོ་ལ་བསམ་རྒྱུ་དྲན་རྒྱུ་འདྲ་ཅུང་ཟད་ཡོད་ནའང་བོད་ཀྱི་སྲོལ་རྒྱུན་བརྡ་ཆད་ལ་སོགས་པའི་ཤེས་བྱས་དབུལ་བས་མཐའ་འབྲས་སུ་ཁོས་བྲིས་པའི་སྙན་ངག་ཟེར་བ་དེ་དག་གོ་རྒྱུ་ཚརོ་རྒྱུ་མེད་པར་ཆགས་པ་རེད། ཨ་མདོའི་སྨྱོན་པ་རེ་གཉིས་དང་བོད་ཀྱི་ཚུལ་ལྡན་རིག་གནས་སྤྱི་བྱེ་ཟུང་ལ་རྒྱུས་མངའ་དེ་ཙམ་མེད་པའི་ཕྱི་རྒྱལ་བ་ཁག་གཅིག་གིས་ལྐུགས་པས་ལྷ་མཐོང་གི་ངང་ཚུལ་འཛིན་ནས་ལྗང་བུ་ཡང་བོད་ཀྱི་སྙན་ངག་མཁས་པའི་རྒྱན་དུ་བྱེད་པ་ལས། ཁོའི་སྙན་ངག་ལ་སྤྱི་ལ་སྨན་པའི་རྒྱུན་འཛིན་དང་། བློ་འབྱེད། མཛེས་ཆོས། དམིགས་སྟོན་ལ་སོགས་རྩོམ་རིག་དང་རིག་གནས་ལ་ཚང་དགོས་པའི་་རིན་ཐང་ནི་དེ་ཙམ་བརྗོད་རིན་མེད་པ་ནི་བོད་ཁུལ་གྱི་ཚུལ་ལྡན་མཁས་པའི་ཁྲོད་དུ་་ཡོངས་གྲགས་རེད་ལ་གཏམ་དེ་སྔར་ནས་རུལ་དུ་ཟད།
འོན་དེང་དུས་ཀྱི་དུས་རབས་གསུམ་པའི་སྙན་ངག་པ་ཟེར་བ་དེ་དག་གིས་ཀྱང་ལྗང་བུ་ལྟར་སྲོལ་རྒྱུན་སྙན་ངག་ལ་སོགས་པའི་རིག་པའི་གནས་ཁག་ལ་སྦྱང་བ་མ་བྱས་པར་ཐད་ཀར་སྙན་ངག་འབྲི་བའི་ལམ་མགྱོགས་སུ་ཆས་པས་དོན་རྒྱུ་ནི་སྙན་ངག་ར་མ་ལུག་དང་ཡ་མ་བརླ་དེ་དག་ཐོན་ཞིང་། དེ་བས་ངུ་མ་དགོད་ཀྱི་ཡུལ་ཞིག་ནི་ད་ལྟ་ལུང་པར་བྱ་དེ་མེད་ན་བོང་བུས་ནམ་ཚོད་ལེན་ཅེས་པའི་དཔེ་ལྟར་དང་།་ལྷག་པར་དུ་ཕྱི་རྒྱལཡུལ་དུ་ཡོད་པའི་བོད་ཀྱི་རིག་གནས་ཀྱི་མཐའ་འཁོབ་བདག་པོ་འགའ་ཞིག་གིས་རིག་གནས་མི་སྣ་དང་བོད་ཀྱི་རིག་གནས་གསར་རྙིང་བཅས་ལ་གདེང་འཇོག་བྱེད་སྐབས་ཕྱི་རོལ་ཡུལ་གྱི་དོན་དངོས་ལ་ཆ་འཇོག་མི་བྱེད་པར་རང་ཉིད་དགའ་མིན་དགའ་མདོག་དང་། ངོ་དགའ་སྤྲེལ་ལད། རྒྱ་ཕབ་ཀྱི་བུ་གར་ཟློ་བའི་མཐོང་ཐོས་ཙམ་ཡང་མེད་ཀྱང་གཏམ་འཆལ་ཉ་ཉུང་མཉམ་བསྲེས་ཅན་སྤེལ་བ་ལ་ཚང་མས་ཡིད་གཟབ་བྱོས་།།
ལྗང་བུའི་སྙན་ངག་ནང་རང་གྲོལ་གྱི་ལད་ཟློས་ཀྱི་དྲི་ཙམ་ཡང་མཐོང་དཀའ་བ་ཞིག་རེད། ཁོང་གཉིས་ཀྱི་གཤིས་ཀ་རྦད་དེ་ལོག་ག་རེད་ལ་སྙན་ངག་གི་ཁྱད་ཆོས་ཀྱང་རྦད་དེ་མ་འདྲ་བ་གཉིས་རེད།
དོན་འགྲུབ་རྒྱལ་གྱི་གཤིས་ཀ་ནི་གསར་བརྗེ་བ་ཞིག་གི་གཤིས་ཀར་མཐོང་། སྙན་ངག་ཀྱང་དེང་སྐབས་འགའ་རེས་ཁོའིསྙན་ངག་ལ་བསྒྲགས་གཏམ་ཟེར་གྱི་ཡོད་པ་ལྟར། མི་རིགས་ཤིག་ལ་འབོད་པ་དང་སྐུལ་སློང་གི་ཁྱད་ཆོས་དང་ནུས་པ་ལྡན་འདུག མི་མང་པོ་ཞིག་ཁོང་གི་སྙན་ངག་ལ་དགའ་ས་གཙོ་བོའང་མི་རིགས་ཤིག་གི་ལར་ཞེན་གྱིས་སྙན་ངག་གི་མགོ་མཇུག་ཚང་མ་བཟུང་ཡོད་པས་རེད།
ལྗང་བུའི་སྙན་ངག་ནི་དེ་ལྟར་མིན་པར། རང་བྱུང་གི་ཆོས་ཉིད་དང་དེའི་མཛེས་པ། དེ་བཅངས་པའི་དུངས་པ་དང་དེ་ལས་འཕྲོས་པའི་འཆར་སྣང་། སེམས་ཀྱི་འཕྲོ་འདུ་ཕྲ་ཞིབ། རང་དབང་གི་འཚོ་བ་དང་འཚོལ་སྙེགས། ཕོ་མོའི་བརྩེ་དུང་། སོགས་ཚིག་སྙན་ལ་ཉུང་བའི་སྐད་ཆའི་སྒྱུ་རྩལ་གྱི་སྲད་བུར་མུ་ཏིག་བརྒྱུས་པ་དང་འདྲ་བར་བྲིས་ཡོད་པས་མི་ལ་རང་དབང་གུ་ཡངས་པའི་ཚོར་བ་ཞིག་སྟེར་བ་མ་ཟད་འཆར་སྣང་མ་འདྲ་བ་ཞིག་ཀྱང་དེ་དང་མཉམ་དུ་སྟེར་བར་བྱེད། ད་རུང་ཁོང་གི་སྙན་ངག་ལ་རྟོག་གེ་བའི་བསམ་གཞིགས་པས་ཀུན་ནས་བཅངས་ཡོད་པའང་མང་པོ་ཞིག་འདུག ལྗང་བུའི་སྙན་ངག་མང་པོ་ཞིག་ལ་བལྟས་ཡོང་ན། ཁོང་སྙན་ངག་པ་ཞིག་མིན་པ་ཡིན་ན་རང་བྱུང་གི་ཆོས་ཉིད་ལ་རྟོག་ཞིབ་བྱེད་མཁན་མཚན་ཉིད་རིགས་པ་བ་ཞིག་ཆགས་ཡོད་ས་རེད་བསམ་བསམ་ཡང་ཡང་དུ་སྟེར།
ལོ་རབས་བརྒྱད་ཅུ་བའི་མཇུག་དང་ལོ་རབས་དགུ་ཅུ་བའི་མགོ་སྟོད་ནས་བོད་གྱི་གཞོན་སྐྱེས་སྙན་ངག་པ་ཞེས་འུར་སྒྲོར་ག་འདྲ་བྱས་ཀྱང་ལྗང་བུ་འདྲ་བའི་སྙན་ངག་པ་ང་ཚོས་ཚོགས་སྤྱི་འདིའི་ནང་ན་ཧ་ཅང་ཉུང་ཉུང་རེད ལྷག་པར་དེང་གི་དུས་འདིར་ང་ཚོས་སྤྱི་ཚོགས་ནང་དུ་རང་ཉིད་སྙན་ངག་པ་འམ་སྙན་ངག་པའི་ཐ་སྙད་གླེང་བཞིན་པ་དག་ནི་ལད་ཟློས་ཙམ་ལས་མ་འདས།
དངོས་ནས་བསམ་བློ་ཞིབ་ཏུ་བཏང་ན་བློ་རབས་བརྒྱད་ཅུ་དགུ་ཅུ་ནང་དུ་ཡོད་པའི་སྙན་ངག་པ་འམ་སྨྱུག་ཐོག་པ་ཚད་དང་ལྡན་པ་དེ་འདྲ་ད་ལྟ་མཐོང་རྒྱུ་ཧ་ཅང་གི་དཀོན་པོ་རེད
མདའ་ཚན་པས་མདའ་བཙན་པོ་ལུང་དྲངས་བ་དེ་ནོར་བཅོས།
ངའི་དྲི་བ་ཞིག་ལ་ལན་རྒྱག་སྐབས་མདའ་བཙན་པོས་ལྗང་བུའི་སྙན་ངག་སྐོར་ལ་འདི་འདྲ་ཞིག་བཤད་སོང་། ༼ལྗང་བུའི་སྙན་ངག་དག་ཁ་སྐད་སྙན་ངག་ཡིན་པ་གཞིར་བཞག་ན། སྐྱབས་ཆེན་གྱི་སྙན་ངག་མ་ཐེ་བའི་མི་རབས་གསུམ་པའི་སྙན་ངག་གྱོལ་བོ་དག་ནི་ཁ་ཆུ་སྙན་ངག་རེད་༽ཟེར།
ལྗང་བུའི་སྙན་ངག་ནི་ངའི་ཕ་ཡུལ་རྨ་ལྷོའི་རྩྭ་ཐང་དང་མཚུངས་པས་མིག་གིས་མ་མཐོང་ན་བཟང་ངན་གྱིས་དབྱེ་བ་འབྱེད་མི་ཐུབ་ལ། སྤྲོ་སྣང་གིས་ནམ་ཡང་བཟི་མི་ནུས་སོ། ། དེའི་ཕྱིར་གླེན་རྟགས་རེ་སྟོན་རྒྱུ་ལས་ལྗང་བུའི་སྙན་ངག་ནི་འདི་འདྲ་ཞིག་ཅེས་ཁ་ཚོད་གཅོད་རྒྱུའི་ལས་ལ་མ་འབད་རོགས་ཞུ།
གོ་གྲངས་ནང་། མི་རྣམས་ཀྱིས་ལྗང་བུའི་སྙན་ངག་ལ་གོ་རྒྱུ་མི་འདུག་ཟེར། ལྗང་བུས། མི་ལོ་ཉི་ཤུ་རྩ་གྲངས་སྒུགས་དང་དེ་ནས་གོ་ཟེར།།
ད་ལྟ་ཁྱོད་ཚོས་གོ་ཡི་འདུག་གམ།
བྲིས་ངན་གཞན་གྱིས་མི་ཤེས། ཞག་གསུམ་སོང་ན་རང་གི་མི་ཤེས། ཟེར་བ་དེ་རེད། ལོ་ཉི་ཤུ་རྗེས་ནས་གཞན་གྱིས་ག་ལ་ཤེས། ལྗང་བུ་རང་གིས་ཀྱང་མི་ཤེས་ཟེར། ལྗང་བུས་རང་གིས་བྲིས་པའི་སྙན་ངག་ཞིག་ལ་འགྲེལ་བཤད་བརྒྱབ་ན། གོ་ན་སྙན་ངག་མིན་ཟེར་ནས་བཤད་རྒྱུ་ལས་ལྷག་མི་འདུག གོ་རྒྱུ་མེད་པ་ནི་ངོ་ནས་སྙན་ངག་ཞིག་ཡིན་པ་འདྲ། ཁ་སང་དེ་རིང་ཞིག་ལ་ངས་ཀྱང་། མིག་བཙུམས་ནས། དབྱངས་ལ་གྱེར་ནས། ཚིག་དོན་གང་ཡང་ཡིད་ལ་ཤར་མ་བཅུགས་པར། གདུགས་དཀར་ནང་གི་ཕཊ་བརྒྱད་དེ་དབྱངས་ལ་ལེན་གྱི་ཡོད། ཕཊ་བརྒྱ་བོ་ཡིད་ལ་བང་རིམ་བཞིན་དུ་བསྒྲིགས་ནས། དབྱངས་ལ་གྱེར་ནས་ཐོན་དང་། དེང་རབས་སྙན་ངག་གི་ཁྱད་ཆོས་ཚང་བསྡད་ཡོད་ཀི ད་དུང་ཁྱོད་ཀྱིས། ཧེ་ཧེ་ཕཊ ཧོ་ཧོ་ཕཊ་ཟེར་ནས་ག་ལེར་བཏོན་དང་། ཡིད་ལ་བདེ་བ་ཟད་མི་ཤེས་པ་ཞིག་ཀྱང་དྲུད་ཡོང་གི
རང་གི་སྙན་ངག་ལ་འགྲེལ་བརྒྱབ་པ་ཡིན་ན་སྙན་ངག་གི་མཐའ་ལ་སྒོར་ཐིག་ཅིག་བྲིས་པ་དང་གཅིག་པ་རེད། ཀློག་པ་པོ་རེ་རེས་གོ་བ་མི་འདྲ་བ་རེ་རྙེད་རྒྱུ་ཡོད་པའི་ཁྱེད་ཀྱི་སྙན་ངག་གི་རྒྱ་ཆེ་བའི་གོ་དོན་དེ་ཚད་བཀག་ཅན་དང་ཆུང་དུ་ཕྱིན་པ་རེད། དེས་ན་འགྲེལ་རྒྱབ་པ་དེས་རང་གི་སྙན་ངག་དེ་རང་གི་རྐང་ཞབས་ལ་དེད་པ་འདྲ་བོ་རེད།
ངའི་རེ་བ་ལ། ཁ་ཉིན་སྐྱབས་ཆེན་ལ་དྲིས་པ་བཞིན། སྐུ་ཞབས་བླ་མ་སྐྱབས་ཀྱིས་ལྗང་བུ་ལ་བཅར་འདྲི་ཞིག་བྱས་ན་ཡག་པོ་འདུག་སྙམ། དེ་ཡང་བཤད་ཚེགས་འདིའི་རིགས་མ་ཡིན་པར། སྤྱིར་བཏང་གི་ཁ་བརྡ་རེ་བྱ་ཐུབ་ན་ཡག་པོ་འདུག
བཅར་འདྲི་ཨེ་། ལྗང་བུ་ནི་གཅིག་ནས་མི་ཁ་ལྐུག་ཅན་ཞིག་དང་་གཉིས་ནས་ཁོ་ལ་ཐུན་མོང་གི་བློ་རྩེས་ཟིན་ཐུབ་པའི་རིག་བརྡ་ཀླད་བརྡའི་བང་རིམ་ཞིག་ཀྱང་མི་མངའ་བས་ཁྱོད་ཀྱིས་བཅར་འདྲི་བྱས་ཀྱང་དེ་ནི་ཁོས་བྲིས་བའི་སྙན་ངག་ལྟར་རང་འཕྲུལ་གཞན་རྨོངས་ཡུལ་ཞིག་ལས་གཞན་ཡོང་རྒྱུ་ཅི་ཡང་མེད།་་དེ་ལས་དགེ་འདུན་ཆོས་འཕེལ་དང་། དོན་གྲུབ་རྒྱལ་ལ་སོགས་ལྟ་བུ་འཆད་རྩོད་རྩོམ་གསུམ་ཀྱི་ཡོན་ཏན་དང་ལྡན་ཞིང་། བརྩམས་ཆོས་ལ་གངས་ཞུན་དང་མོའི་བྲོ་དང་ལྡན་ལ། གསར་གཏོད་ཀྱི་སྙིང་སྟོབས་མཆིས་ཞིང་། མཐོོ་དམན་སྐྱེ་བོ་སུས་བལྟས་ཀྱང་གོ་དོན་ལེན་རྒྱུ་ཡོད་ལ་དེ་ལ་སློབ་སྦྱོང་བྱས་ན་རང་རང་སོ་སོའི་བརྩེ་བ་དང་འདོད་ཚུལ་དག་འདོན་རྒྱུར་ཕན་རླབས་ཆེ་བ་དེ་དག་སྐོར་དོ་སྣང་དང་དཔྱད་གཏམ་སྤེལ་ན་མ་ལེགས་སམ། བསམ་འཆར་འདི་གང་འདྲ་འདུག་མི་ཆུང་དུག་ཏི་རིལ་ལགས།
སྤྱིར་སྙན་ངག་གྱི་མཚོན་དོན་ལ་འགྲེལ་བ་རྒྱབ་རྒྱུ་གཅིག་ལས་མང་བ་ལྡན་ཚུལ་་ནི་དེ་ལ་མཚོན་དོན་གཙོ་ཕལ་གང་རུང་ཞིག་ཡོད་ཅིང་ཚུར་སྣང་ཐུབ་པའི་རྨང་གཞིའི་སྟེང་རྒྱ་བསྲེང་བྱས་འཐུས་ཞེས་པའི་དོན་རེད་མ་གཏོགས། དེང་དུས་ཅན་གྱི་རིས་མོ་ཞེས་པ་ལྟར་གཞི་གང་ཡང་འཇོག་རྒྱུ་མེད་བ་ཞིག་ལ་གང་དྲན་གྱིས་འགྲེལ་བརྗོད་བྱས་ན་འགྲིག་ཟེར་བ་ལྟར་མ་ཡིན་ནོ། དེ་ཡང་ལམ་ཙམ་བརྗོད་ན་རིས་མོ་ནི་ཚོན་རིས་དབྱིབས་ཀྱི་ལམ་ནས་མཚོན་དོན་མངོན་པར་བྱེད་པ་ལས་དེ་ལ་ཐུན་མོང་ལ་སྤྱོད་པའི་བརྡ་ཆད་ཞིག་མེད་པས་སོ། འོན་ཀྱང་སྙན་ངག་རྩོམ་རིག་གྱི་གོ་དོན་ནི་མིང་ཚིག་སྐད་བརྡའི་ལམ་འབའ་ཞིག་ལ་བརྟེན་ནས་མངོན་པར་བྱེད་པས་ན་རྩོམ་པ་པོ་སུ་ཡིན་ཡང་ཐུན་མོང་དུ་སྤྱོད་པའི་ཐ་སྙད་མིང་ཚིག་དང་། མཚོན་དཔེ། སྐད་གོམས་སོགས་མ་བརྟེན་ཐབས་མེད་དང་། ཁ་སྣོན་གསར་གཏོད་བྱེད་སྐབས་ཀྱང་སྲོལ་རྒྱུན་གྱི་གཞི་མ་ལས་མ་འདས་བར་བྱ་ས་ཐོག་རང་གི་བརྗོད་འདོད་པའི་དོན་རྣམས་ཀློག་པ་པོར་བཏོན་དགོས་པ་ལས་རང་སྣང་གང་ཤར་གྱི་མིང་ཚིག་སྦྱོར་བ་དང་། ལུང་སྐད་ཟ་རི་མ། རྒྱ་འགྱུར་ཡ་མ་བརླ་སོགས་བེད་སྤྱོད་བྱས་ན་མཐའ་མ་ཀློག་པ་པོ་ལྐུགས་པ་ཞེས་དང་། མ་འོངས་ལུང་བསྟན་ཡིན་ཞེས་པ་སོགས་ལས་གཞན་གང་ཡང་བརྗོད་རྒྱུ་ལྷགས་མེད་དོ་ཅེས་པ་འདི་ནི་ལྗང་བུ་ལ་སོགས་བོད་ཕྱི་ནང་གི་མི་མ་ནེ་ཡི་ངག་གི་དབང་པོ་ཅན་རྣམས་ལ་སྤྲིངས་པའི་གཏམ་སྟར་ཁའི་རིལ་ལུའོ།།
ལུང་རིགས་རྒྱལ་ལགས་ལ་ལགས་སོ་ཞུ་འདོད་བྱུང་། དེ་མིན་མི་བུ་ལགས་ཀྱིས་ཅི་ཟེར་བ་ཧ་གོ་མ་སོང་། དགོངས་དག
ཐུགས་རྗེ་ཆེ། སང་ཉིན་ཞོགས་པར་ནམ་མཁའ་ན་སྤྲིན་པ་དཀར་པོ་རེ་ཡོད་ན། དེ་ངས་ཁྱེད་གཉིས་ལ་འཐེན་པའི་ཁ་བཏགས་ཡིན། ཁྱེད་ཚོ་རྟག་ཏུ་ཁ་བྲོ་བཀྲ་ཤིས།
རེད། ནེ་ཙོའི་སྐད་མ་གཏོགས་གོ་གི་མ་རེད། གོ་འདོད་ན་རྩོམ་རིག་གི་མཐའ་འཁོབ་ཏུ་མི་སྡོད་པར་བོད་ཀྱི་ཚུལ་ལྡན་རྩོམ་རིག་བརྩམས་བྱའི་དབུས་སུ་ཞུགསནས་དེ་དག་ཀློག་ཅིག དེ་མིན་ན་མུ་མཐུད་ནང་དོན་ཕར་ཞོག ཐ་ན་སྐད་བརྡ་ཡང་ཡག་པོ་འཕྲོད་པའི་དཔྱད་རྩོམ་དང་བཅར་འདྲི་ཡག་པོ་ཞིག་འབྲི་མི་ཐུབ། མདོར་ན་། ཁྱོད་ཚོས་བོད་ཀྱིརྩོམ་རིག་བྱིངས་ཀྱི་གནས་ཚུལ་ཡག་པོ་མཤེས་པའི་ཐོག་ལྗང་བུ་ལྟར་དབུས་ཁམས་མདོ་གསུམ་གྱི་སྐྱེ་བོ་ཚང་མས་བཀླག་ཤེས་པའི་་ཡི་གེ་དག་པོ་ཞིག་ཀྱང་འབྲི་ཤེསཀྱི་མི་འདུག་ཅེས་པའི་དོན་ལགས།
ད་ནེ་ཙོ་ལྕེ་རལ་ལ་སྐད་ཅ་མང་པོ་བཤད་ནས་ཅི་ཕན། དེ་ལས་གྲ་ལོག་དང་གྲ་སྨྱོན་ཚོའི་སྐྱ་འཆམ་ལ་ལྟས་མོ་བལྟ་བར་འགྲོའོ།