ཨེ་མ་ཧོ།
ན་མོ་གུ་རུ་ས་མནྟ་བྷ་དྲ་ཡེ།
ཡེ་ནས་མངོན་སངས་རྒྱས་པའི་ཀུན་ཏུ་བཟང་།།
ཕུན་ཚོགས་ཞིང་གི་བདག་པོ་རྡོ་རྗེ་འཆང་།།
གང་འདུལ་འགྲོ་ཁམས་འདྲེན་པའི་སྤྲུལ་པའི་སྐུ།།
གསང་གསུམ་བསྟན་པའི་བདག་པོ་རྒྱལ་གྱུར་ཅིག།
ཆོས་དང་དད་མདུན་གཅིག་པའི་ཆོས་ཀྱི་མཆེད།།
མཁས་དང་བཙུན་པའི་རྣལ་འབྱོར་ནང་གི་མཆེད།།
བྱམས་དང་སྙིང་རྗེའི་བདག་ཉིད་སྤྲུལ་པའི་སྐུ།།
ཡེ་ཤེས་ཧེ་རུ་ཀ་དཔལ་བདེ་ལེགས་སམ།།
ཡུ་རོབ་འཛིན་མའི་རྒྱལ་ཁབ་བཅུ་གསུམ་ནང་།།
རྒྱལ་བསྟན་འཛིན་པའི་བསྟན་བདག་མང་མཆིས་ཀྱང་།།
སྦྱིན་བདག་ཕལ་ཆེར་གསེར་མདོག་ལྕང་ལོ་ཅན།།
ཡུ་སྒོར་གཞན་དབང་སོང་བར་ཉུང་ཉུང་མིན།།
རིག་པ་ཆོས་ཚོགས་ཕྱོགས་རིས་ཞེན་ཆགས་ཆེ།།
ཀརྨ་ཆོས་གླིང་ཀོ་ལོང་གཙང་བཙན་འདྲ།།
དྷྲུ་རིགས་ཚོགས་པ་རང་འདོད་ཁོ་ན་ལས།།
ཚད་ལྡན་སྦྱིན་བདག་གནང་བར་ཤིན་ཏུ་དཀོན།།
གཏེར་ཆེན་གླིང་ནི་མཛེས་ལྗོངས་ས་སྟོང་ཞིང་།།
དགེ་ལྡན་གླིང་ཁ་བཀའ་གདམས་གཙང་མ་དགོས།།
ནམ་མཁའ་རྫོང་ནི་ཆེ་མཐོའི་གཞུང་ཁང་འདྲ།།
ཚུལ་ལྡན་ཆོས་པའི་སྦྱིན་བདག་ཤིན་ཏུ་དཀོན།།
སངྒྷ་རཀྵར་རིས་མེད་སྤྲང་ཚོགས་བཞིན།།
ཇོ་ནང་ཀུན་ཕན་དབུ་སེར་ཉམ་ཆུང་རིགས།།
གཡུང་དྲུང་འཐེབ་རྩ་ངེས་མེད་རི་དྭགས་བཞིན།།
ཡང་དག་སྦྱིན་བདག་མཛད་པ་ཤིན་ཏུ་དཀོན།།
བཙན་བྱོལ་དོན་གཅོད་མི་ནག་ཁ་མཁས་མོད།།
གསར་འབྱོར་ཕལ་ཆེར་གཞན་གཡོག་ཁོ་ནས་གཡེང་།།
མི་ཚེ་ས་མཐར་བསྐྱལ་པའི་འདོ་ཤོར་མང་།།
རྣམ་དག་ཆོས་སྦྱིན་གནང་བ་ཤིན་ཏུ་དཀོན།།
དབྱིན་ཡུལ་རྒྱལ་ཁབ་འཁྱམས་པའི་རྒྱལ་ཁམས་པ།།
དྲིན་ཆེན་ཨ་མ་གཡོག་པའི་བན་རྒན་ངས།།
མི་ཚེར་གསོག་པའི་དབྱིན་སྒོར་མ་ལུས་པ།།
གངས་ལྡན་རི་བོའི་ཆེད་དུ་ཚང་མ་བཏངས།།
རྫོགས་ཆེན་དུས་འཁོར་རི་ཁྲོད་གསར་དུ་བསྐྲུན།།
ལོ་འགར་མ་འཆི་ཚེ་ཐག་རིང་བ་ན།།
ལོ་ལྔའི་འཆར་འགོད་ཕལ་ཆེར་གྲུབ་པ་ན།།
ཀླུ་དབང་གཉིས་པ་སྙིང་གི་གྲོགས་པོ་ཁྱེད།།
གནས་འདིར་ཕེབས་པའི་རྟེན་འབྲེལ་སྨོན་ལམ་ཞུ།།
རང་བྱུང་མཛེས་སྡུག་བལྟ་བའི་བལྟད་མོ་བལྟ།།
རང་བྱུང་འཁོར་ཡུག་གཙང་མའི་བདེ་སྐྱིད་མྱོང་།།
རང་རིག་མཉམ་ཉིད་རྟོགས་པའི་ངོ་བོ་སྐྱོང་།།
རང་གཉིས་གང་དགར་རྫོགས་ལྡན་དུས་སྟོན་རོལ།།
གང་ལྟར་བཟང་ངན་གང་ཤར་རྣམ་རྟོག་ཕྲེང་།།
བརྗོད་པའི་དགོས་པ་ཆེས་ཆེར་མ་མཐོང་ཡང་།།
བརྡ་འཕྲིན་རིག་པའི་ལན་འདེབས་མེ་ལོང་གཟུགས།།
རྩོལ་མེད་མཐེབ་རྩེས་རི་མོ་དེ་སྐད་ཐལ།།
ཀླུ་སྨྱོན་ཧེ་རུ་ཀའི་འཕྲིན་ལན་དུ་ཤྲྰིཿསྨྱོན་ཨེ་མ་ཧོས་ཞིམ་ཇ་ཕོར་གང་གི་ཚེ་དཔལ་རིན་རྒྱལ་མཁར་ནས་བགྱིས་པར་དགེའོ།།
ཤ་ཚ་མོ་ཞིག་བྲིས་འདུག
རྣལ་འབྱོར་བ་ཡིན་ཙང་ཡིན་སྐྱོན་ཅི་ཙམ་མང་ནའང་ཡོན་ཏན་ཡིན་རྒྱུ་རེད། ཧ་ཧ་ཧ