གོང་གསལ་གྱི་པར་འདི་རྒྱག་མཁན་ནི་ Jeremy Hoganཡིན།
——————————————————–
༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་ངོས་འཛིན་གནང་བའི་སྤྲུལ་སྐུའི་ཁོངས་ཀྱི་གཅིག་ནི་ལྟག་མཚེར་རིན་པོ་ཆེ་ཐུབ་བསྟན་འཇིགས་མེད་ནོར་བུ་མཆོག་ཡིན་པ་དང་། ཁོང་དགུང་གྲངས་གྱ་བདུན་དུ་ཕེབས་པ་ ༢༠༠༨ ལོའི་ཟླ་དགུ་པའི་ཚེས་ ༥ ཉིན་གྱི་ཉིན་རྒྱབ་ཆུ་ཚོད་གཉིས་དང་ཕྱེད་ཀ་ཙམ་ལ་ ཨ་མི་རི་ཀའི་མངའ་སྡེ་ཨིན་ཌི་ཡཱ་ནའི་ཁོངས་སུ་ཡོད་པའི་སྐུ་འབུམ་བྱམས་བརྩེ་གླིང་གི་ རང་གི་བཞུགས་ཤག་ཏུ་དགོངས་པ་ཞི་དབྱིངས་སུ་གཤེགས་པའི་ཚུལ་བསྟན་པ་རེད། དེ་ནས་ཚེས་ ༡༠ ཉིན་དད་ལྡན་མི་མང་གིས་སྐུ་གདུང་ལ་མཆོད་མཇལ་ཞུས་པ་དང་། ཚེས་བཅུ་གཅིག་ཉིན་སྐུ་འབུམ་བྱམས་བརྩེ་གླིང་དགོན་པའི་རྒྱབ་ཏུ་བཞེངས་པའི་གདུང་ཁང་དུ་ དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་སྒོ་ནས་ཞི་བའི་སྦྱིན་སྲེག་འབུལ་བ་དང་བཅས་སྐུ་གདུང་ཞུགས་འབུལ་ཞུས་ཡོད་པ་རེད། སྐུ་གདུང་ཞུགས་འབུལ་གྱི་སྐབས་སུ་རྒྱ་གར་ནས་༧རྒྱལ་བའི་བཀའ་འབྲེལ་བཞིན་ཆོས་ཚོགས་འདིར་ཆེད་ཕེབས་གནང་བའི་སྤ་རི་རིན་པོ་ཆེ་བློ་བཟང་ཐུབ་བསྟན་མཆོག་གིས་སློབ་དཔོན་དང་། དེ་བཞིན་ཀེའུ་ཚང་རིན་པོ་ཆེ་འཇམ་དཔལ་ཡེ་ཤེས། ཨ་ཀྱཱ་རིན་པོ་ཆེ་བློ་བཟང་ཐུབ་བསྟན། ཨ་ལགས་ཁུ་ཞང་རིན་པོ་ཆེ། སེར་བྱེས་དགེ་བཤེས་ངག་དབང་གྲགས་པ། སྒོ་མང་དགེ་བཤེས་སངས་རྒྱས་དང་བློ་བསྟན་སོགས་དགེ་འདུན་པ་ཚོས་གདུང་ཆོག་གསུངས་ཤིང་། ལྟག་མཚེར་རིན་པོ་ཆེའི་ལྕམ་དཀོན་མཆོག་དབྱངས་སྐྱིད་ལགས་དང་དང་སྲས་སོགས་ཁྱིམ་མི་དང་། སློབ་མ་དང་གྲོགས་པོ། དེ་བཞིན་ཨ་རིའི་ས་ཁུལ་མང་པོ་ནས་ཆེད་ཕེབས་བོད་རིགས་སོགས་འཛོམས་ཡོད་པ་རེད། ལྟག་མཚེར་རིན་པོ་ཆེ། ལྟག་མཚེར་ཞུ་བ་ནི་ལྟག་ཏེ་རྒྱབ་ཀྱི་མཚེར་ས་ཟེར་བ་ཡིན་ཞེས་རིན་པོ་ཆེས་ཡང་ཡང་གསུངས་འདུག་ཅིང་། སྐུ་ཕྲེང་འདི་ནི་ལྟག་མཚེར་སྐུ་ཕྲེང་དྲུག་པ་ཡིན་པ་རེད། ལྟག་མཚེར་རིན་པོ་ཆེ་དང་ལྕམ་དཀོན་མཆོག་དབྱངས་སྐྱིད་གཉིས་ལ་སྲས་ལྷུན་གྲུབ་ནོར་བུ་དང་། ཀུན་དགའ་ནོར་བུ། འཇིགས་མེད་ནོར་བུ་བཅས་གསུམ་བྱུང་ཡོད་པ་རེད།
ཁོང་གི་བོད་རང་བཙན་ཆེད་ཀྱི་ཞུམ་པ་མེད་པའི་སྤོབས་པ་དང་གཞུང་དྲང་བའི་གཤིས་ཀ་སོགས་ལ་གུས་འདུད་དང་སྐུ་མ་བཞུགས་པར་ཡིད་གདུང་ཆེན་པོས་མྱ་ངན་གུས་འདུད་ཞུ།།
ལྟག་མཚེར་རིན་པོ་ཆེས་ད་བར་བོད་དོན་ཆེད་ཕྱག་ལས་མང་པོ་གནང་ཡོད་པ་རེད། རྗེས་སུ་ཡིརང་ཡོད། ཡིད་གདུང་སྐྱེས་ཀྱང་མ་སོང་ལ་སྐྱེ་དགོས་དོན་ཡང་མ་མཆིས། བླ་མ་སྤྲུལ་སྐུ་སུ་ཞིག་ཡིན་ན་ཡང་ན་རྒས་ནུས་མེད་ཆགས་དུས་གྲོངས་སོང་ན་ཡང་དེ་ལ་འགྱོད་པ་མི་འདུག ཡང་སྲིད་ཀྱི་རྗེས་ལ་ཡང་སྲིད་བྱས་རྫོགས་རྒྱུ་ཡོད་མ་རེད། ང་ཚོ་མི་སྐྱ་རྣམས་དང་འདྲ་ས་ཡོད་མ་རེད། ང་ཚོ་གཅིག་ཤི་དུས་ཚར་ཚར་བ་རེད། ཆུ་ནང་རྡོ་གཡུགས་པ་ནང་བཞིན་གར་སོང་ཆ་མེད་རེད། ད་ཡང་སྲིད་གཅིག་མགྱོགས་པོ་བྱུང་ནས་བོད་དོན་ལ་སྔར་ལས་ལྷག་པའི་བྱས་རྗེས་འཇོག་རྒྱུར་སྒུག་བསྡད་ཡོད། མ་ཎི་པདྨེ། མ་ཎི་པདྨེ། མ་ཎི་པདྨེ། མ་ཎི་པདྨེ།
ལྟག་མཚེར་རིན་པོ་ཆེའི་མཛད་པ་བླ་ན་མེད་པ་ཞིག་རེད། གུས་དད་ཡོད། ཡིན་ནའང་ ལྕམ་ཀུན་གཡང་དང་བུ་གསུམ་པོའི་བོད་སྐད་མ་ཤེས་པར་དབྱིན་སྐད་ཀྱིས་ཁོང་ངོ་སྤྲོད་གནང་བ་ནི་རིན་པོ་ཆེ་སྐུ་གཤེགས་པ་ལས་ཀྱང་སེམས་སྐྱོ་བ་ཞིག་རེད། ཨ་རི་བ་མགོ་ན་སྐྲ་མེད་པ་དེས་བོད་སྐད་ཀྱིས་རིན་པོ་ཆེ་ལོ་རྒྱུས་ངོ་སྤྲོད་གནང་བ་ནི་དགོད་སྤྲོ་བ་ཞིག་མ་རེད་དམ། བོད་པའི་བོད་སྐད་མ་ཤེས། ཨ་རི་བའི་བོད་སྐད་ཤེས་བ་འདི་ཅི་རེད།
རིན་པོ་ཆེ་གཞན་དོན་དུ་གཤེགས་པ་ལ་ཡིད་སྐྱོ་མི་དགོས་ལ།
དེ་ལས་ལྕམ་དཀོན་མཆོག་དབྱངས་སྐྱིད་གཙོའི་བུ་གསུམ་ནས་བོད་སྐད་མ་ཤེས་དབྱིན་སྐད་བཤད་པ་དེ་ལ་ཡིད་སྐྱོ་སོང་།
ལྕམ་དཀོན་དབྱངས་ལ་ངར་ཆ་རྒྱུས་ཡོད། ཁོང་གིས་དབུས་སྐད་གོ་བརྡ་འཕྲོད་པ་ཞིག་བཤད་ཐུབ། ཡིན་ན་ཡང་སྐུ་ཟླ་གྲོངས་ནས་བདུན་ཞག་ཚང་མེད་པའི་མ་བུ་འདི་དག་ལ་དེ་རིང་འདི་འདྲའི་རིགས་བརྗོད་པ་ཤིན་ཏུ་ནས་མི་འོས། དེ་ནི་རྒྱ་ནག་གི་སྒྲུང་གཏམ་མཁས་པ་ཞིག་གི་འདས་རྐྱེན་ནང་གི་མཁས་པ་ཁོང་གི་པུར་འཇུག་མཛད་སྒོའི་སྟེང་དུ་མི་འགས་ཁོང་གི་བུའི་གོ་ས་ནས་ཁོང་ལ་སྐུར་འདེབས་བྱས་པ་དེ་དང་ཧ་ཅང་འདྲ་བོ་འདུག་ལགས།
སྟག་འཚེར་རིན་པོ་ཆེ་ནི་ཁྱེད་ཚོས་དུར་ལས་བྱེད་སྟངས་ཀྱི་དགའ་ཕྱོགས་བཤད་པའི་སྐབས་དེ་ཚད་དུ་ཅིག་ཏུ་དགོངས་པ་རྫོགས་སོང་། ཕ་ཡུལ་དྲ་རྒྱ་ནས་སྟག་འཚེར་རིན་པོ་ཆེའི་སྐུ་གདུང་སྦྱིན་བསྲེག་གི་ཐབ་ལས་ཀྱི་པར་མཐོང་ནས་སེམས་སྡུག་བསྔལ་གྱིས་གཟིར་ཏེ། ཁྱོད་ཚོའི་དུར་བཤད་དེ་དག་ཞིབ་ཏུ་བཀླགས་ལ། རྒྱལ་སྤྱིའི་གསར་འགྱུར་ཁག་ཏུ་ཐོན་པའི་ཁོང་གི་མྱ་ངན་ཞུ་ཚིག་དག་ཀྱང་བཀླགས། ཡིན་ནའང་སྐབས་འདིར་ངའི་སེམས་ཀྱི་སྡུག་བསྔལ་ལ་སངས་རྒྱུ་ཞིག་ཕར་ཞོག་ཁོང་ཁྲོས་སྦོས་ཡོང་གི་འདུག བོད་ཡིག་གི་གསར་འགྱུར་དེ་དག་ནི་ཁ་མི་ཚང་བའི་ཁོང་གི་རྣམ་ཐར་ཐུང་ཐུང་ཞིག་རེད། ཁ་ཆག་རྣ་རལ་གྱི་རྣམ་ཐར་ཐུང་ངུ་དེ་བོད་ཀྱི་དུས་བབས་ཀྱིས་ཨེ་ཤི་ཡའི་དྲ་ཚིགས་ནས་ཡིག་ནོར་དང་བཅས་ཇི་མ་ཇི་བཞིན་དུ་བཤུས་སོང་ཞེས་བཤད་སོང་ལ། ང་དེ་ལ་བདེན་པ་ཡིན་མིན་གྱི་བརྩད་གཅོད་གཏོང་རྒྱུའི་ཁོམ་པ་མེད་ལ། ཡོད་རུང་དེ་ལ་ཅི་ཟེར་དགོས་སམ།
པེ་ཅིན་དུ་ལོ་རབས་བདུན་ཅུའི་སྐབས་ནས་བཟུང་དགུ་བཅུའི་བར་དུ་གསར་འགོད་བྱས་མྱོང་བའི་དབྱིན་ཇི་སྤོར་ཏོ་ John Gitting ཞེས་རྒྱ་དགའ་ཞིག་ཡོད་པ་དེས་ཀྱང་སྟག་འཚེར་རིན་པོ་ཆེ་ལ་མྱ་ངན་ཞུ་ཚིག་བྲིས་ཏེ་ཚགས་པར་གྲགས་ཅན་གྱི་ཐོག་ཏུ་ཐོན་ཡོང་གི་འདུག ཁོ་ནི་འཇམ་ནོར་གྱི་རྒྱ་མིའི་རྒྱུགས་ཁྱི་མགོ་སེར་ཚོའི་ཟིན་ཐོ་ནག་པོའི་ཐོ་གཞུང་ནང་གི་མི་ཞིག་ཀྱང་ཡིན་མོད། ཡིན་ནའང་ཕྱོགས་ལྷུང་གི་སྐད་ཆ་བཤད་པ་ཅང་དོ་སྣང་མ་བྱུང་བར། དེ་ལས་ལྡོག་སྟེ་སྟག་འཚེར་རིན་པོ་ཆེའི་བླ་མའི་མི་ཚེ་ནས་སྐྱབས་བཅོལ་གྱི་མི་ཚེ། ཨ་རིའི་གསང་ལས་དང་འབྲེལ་བའི་འཇབ་དམག་གི་མི་ཚེ་ནས་ཕྱི་འབྲེལ་དོན་གཅོད་ཀྱི་མི་ཚེ། དེ་ནས་དགེ་རྒན་གྱི་མི་ཚེ་དང་ཚེ་མཇུག་གི་རང་བཙན་གྱི་དགོངས་དོན་བཅས་རིན་པོ་ཆེའི་མི་ཚེའི་རྒུད་པ་དེ་བོད་རང་བཙན་འཐབ་རྩོད་ཀྱི་ཉམས་རྒུད་དང་སྦྱར་ནས་བྲིས་པའི་མཛད་རྗེས་མགོ་སྔ་ཚང་མོ་ཞིག་ཀློག་ཐུབ་སོང་། བོད་ཡིག་གི་བརྒྱུད་ལམ་ནས་གཞན་ཕར་ཞོག་ཐ་ན་བོད་ཀྱི་གནས་ཚུལ་འདི་ཙམ་ཡང་མགོ་སྔ་ཚང་མོ་ཞིག་ཀློག་མི་ཐུབ་པ་འདི་བོད་མི་ལན་པ་ལས་བོད་ཡིག་ལན་པ་ག་ལ་ཡིན།
སྐབས་དེར་ངས་རང་ཉིད་ཀྱི་སྡུག་བསྔལ་དེ་སྟག་འཚེར་རིན་པོ་ཆེ་སྐུ་མ་བཞུགས་པའི་དོན་དངོས་དེ་ལས་བརྒལ་ཏེ་ང་རང་ཉིད་ཀྱི་དགའ་སྡུག་ཅིག་གི་ཐོག་ལ་འཕོས་ཚར་བ་ངོས་ཟིན་སོང་། ཡིན་ནའང་མ་བསམ་ས་ནས་ང་ལ་སྟོབས་ཤུགས་ཤིག་རྒྱས་ལ། དེ་ནི་ ངའི་དུར་སའི་མདུན་ལ་ལངས་ཏེ་མ་ངུ་ཞིག་ཅེས་པའི་སྙན་ངག་ཐུང་ཐུང་དེས་སྤར་བའི་སེམས་ཤུགས་རེད། སྙན་ངག་ཅེས་པའི་ཚིག་དེ་ན་གོ་ན་སུན་མཁན་ཞིག་གློ་བུར་དུ་སྙན་ངག་ཅིག་གི་དབང་དུ་ཤོར་བ་འདི་ལ་ཧ་ལས་པར་གྱུར། དགོངས་པ་མ་ཚོམས། ང་ལ་སྙན་ངག་དེ་ཡང་སྐྱར་འདི་རུ་ཐེངས་ཤིག་ཀློག་ཏུ་འཇུག་རོགས། སྟག་འཚེར་རིན་པོ་ཆེའི་སྐུ་གདུང་སྦྱིན་བསྲེག་གི་ས་ཕག་གི་ཐབ་ཀ་དེའི་པར་ལ་བལྟས་ནས། ངས་སྙན་ངག་དེ་འདི་ལྟར་རིན་པོ་ཆེའི་གསུངས་སྐད་ལ་དྲངས།
ང་འདི་ན་བསྡད་མེད།
ང་གཉིད་བསྡད་མེད།
ང་ནི་ལྷགས་རླུང་ཁྲི་སྟོང་ལྡང་བ་དེ་ཡིན།
ང་ནི་གངས་ངོས་ཀྱི་ཕ་ལམ་འོད་འཚེར་བ་དེ་ཡིན།
ང་ནི་སྙེ་མའི་རྩེ་ན་འཚེར་བའི་ཉི་འོད་དེ་ཡིན།
ང་ནི་སྟོན་ཟླ་ར་བའི་སྦྲང་ཆར་བསིལ་མ་དེ་ཡིན།
ནམ་ཞིག་སྐྱ་རེངས་ཀྱི་དབེན་འཇགས་ཁྲོད་ནས་ཁྱེད་རང་གཉིད་ལས་སད་དུས།
ཁ་ཁུ་སིམ་པའི་བྱེའུའི་ཚོགས་དེས་བདེ་ལྕག་འཁྱུག་པའི་ངང་ནས་ལྡིང་འཁོར་བརྒྱབ་ཅིང་།
ཨ་སྔོན་དབྱིངས་ལ་འཕུར་བའི་ཤུ་སྒྲ་དེ་ནི་ང་རང་ཡིན།
ང་ནི་མཚན་མོའི་འོད་མདངས་མག་མོག་གི་སྐར་ཚོགས་དེ་ཡིན།
མ་ངུ་ཞིག
ང་འདི་ན་མེད།
ང་ཤི་མེད།
བོད་ཀྱི་འཇབ་རྒོལ་དམག་མིའི་བཀོད་འདོམས་དམག་སྤྱི་ཆེན་མོ་ཞིག་འདི་ལྟར་ང་ཚོ་དང་ཁ་གྱེས་དུས། ང་ཚོའི་ཚགས་པར་ཁག་ཏུ། ང་ཚོའི་རླུང་འཕྲིན་ཁག་ཏུ། རིན་པོ་ཆེའི་ཕྱག་ཏུ་རང་བཙན་འཐབ་རྩོད་ཀྱི་མེ་མདའ་འཆང་བའི་ལོ་རྒྱུས་ཙམ་ཡང་གླེང་མཁན་མེད། དེ་རིང་ང་ཚོས་ཁོང་གི་རང་བཙན་འཐབ་རྩོད་ཀྱི་དམག་དོན་གྱི་ལོ་རྒྱུས་དེ་བརྗེད་ཚར་བ་མ་ཟད། ཐ་ན་ཁོང་གི་བུ་ཕྲུག་ཚོས་ཕ་སྐད་ཀྱང་བརྗེད་པར་གྱུར།
སྐབས་འདིར་ང་ལ་མ་ཎི་འདོན་འདོད་མེད་ལ། མཆོད་མེ་ཕུལ་འདོད་ཡང་མེད།
མིག་ཆུ་དེ་བས་ཀྱང་གཏོང་འདོད་མེད། སྟག་འཚེར་རིན་པོ་ཆེས། བོད་ཀྱི་ཆེད་དུ་ང་ངུ་འདོད་ཀྱང་མིག་གི་མཆི་མ་སྐམ་ཚར་འདུག་ཅེས་གསུངས་པ་ལྟར། ངའི་མིག་ནས་ཀྱང་མཆི་མ་ཐོན་རྒྱུ་མི་འདུག
སྟག་མཚེར་རིན་པོ་ཆེས།
ང་ཤི་མེད།
ང་འདི་རུ་ཡོད།
ང་གང་དུའང་ཡོད།
ཚང་མའི་ཁ་ན་འུར་རུ་རུ་འདོན་བཞིན་པའི་མ་ཎི་དབྱངས་རྟ་དེ་ང་ཡིན།
གློག་རླབས་ཐུང་འབྲིང་གི་རླུང་རྡུལ་ཁྲོད་བཞུར་བཞིན་པའི་སྐད་ངག་དེ་ཚོ་ང་ཡིན།
ས་མ་རུབ་སྔོན་གྱི་སྐར་མ་མཛོ་འདོགས་དེ་ང་ཡིན།
ནམ་མ་གསལ་སྔོན་གྱི་ཐོ་རེངས་སྐར་ཆེན་དེའང་ང་ཡིན།
ང་ཤི་མེད།
ང་འདི་རུ་ཡོད།
ང་གང་དུའང་ཡོད།
ང་གསར་གནས་ཀྱི་བརྒྱུད་ལམ་ཁག་ཏུ་ཡོད།
ང་བོད་སྐོར་གྱི་དཔེ་དེབ་རེ་རེའི་ནང་ཡོད།
ང་བྱམས་བརྩེའི་གླིང་གི་སྐུ་འདྲ་རེ་རེའི་འོད་ཟེར་ཡིན།
ང་ཤི་མེད།
ང་འདི་རུ་ཡོད།
ང་གང་དུའང་ཡོད།
ང་བོད་ཀྱི་མཐོ་སྒང་དུ་གཡུགས་པའི་བསིལ་རླུང་ཡིན།
ང་ནི་རྩྭ་ལྗང་གི་ལོ་མ་རེ་རེའི་ཐོག་གི་བརླན་ནེམ་ནེམ་གྱི་ཟིལ་ཆུའི་དོག་པ་ཡིན།
ང་ཨ་ཕའི་ཁ་ཆེམས་ནང་གི་ཨ་ཕ་ཡིན།
ང་གསར་དུ་བཙས་པའི་བྱིས་པ་ཆུང་ཆུང་དེ་ཡིན།
ང་ཤི་མེད
ཁྱེད་ཚོ་མ་ངུ་ཞིག
ང་འདི་རུ་ཡོད།
ང་གང་དུའང་ཡོད།
ཁྱེད་ཚོའི་སྐད་ཆའི་ཁོངས་ཀྱི་ཁག་གཅིག་ནི་ རྨོངས་བཤད་ཤ་སྟག་ལས་མ་འདས། མིག་ནས་མཆི་མ་འཆོར། ཁྱེད་ཚོས་ལྟག་མཚེར་རིན་པོ་ཆེའི་མཛད་པ་ལ་རྗེས་སུ་ཡི་རངས་ཞུ་མོད། མཛད་པ་ཡང་མཁྱེན་མིན་ཆ་མ་འཚལ། ལྟག་མཚེར་རིན་པོ་ཆེས་ཨ་རིའི་གསང་ལས་ཀྱིས་བོད་མི་ཚོར་དམག་སྦྱོང་སྐབས་ཀྱི་སྣེ་འཁྲིད་ཀྱི་ཕྱག་ལས་གནང་འདུག བོད་མི་སྐྱབས་བཅོལ་བ་ཐོག་མར་སླེབས་དུས་རོགས་རམ་འཚོལ་མཁན་ཐོག་མ་དེ་ཡིན་འདུག གོ་མིན་ཏང་གིས་སྒོར་མོ་སྤྲད་དུས་ཕྱིར་འཁྱེར་གསུངས་འདུག ཀྲུའུ་ཨེ་ལེ་ཡིས་བོད་ལ་ལོག་ཅེས་བཤད་སྐབས་ངའི་མགོ་ངའི་ཕྲག་པའི་སྟེང་ཡོད་པས་གར་འགྲོ་ངས་ཤེས་ཞེས་ལན་གསུངས་འདུག མདོ་སྨད་པ་ཡོན་རྒྱམ་གྱིས་བྲིས་པའི་རྣམ་ཐར་དེར་གཟིགས་དང་། ཁོང་གིས་བརྩམས་པའི་བོད་་་་ངའི་ལུང་པ་ ཞེས་པ་དེར་གཟིགས་དང་ཡང་གསལ།
བོད་ཡིག་ཤེས་དང་མི་ཤེས་གལ་ལོས་ཆེ། ཡིན་ཡང་སྐབས་སུ་མ་བབ་པའི་སྐད་ཆ་ཞིག་རེད། སྐད་ཆ་སོམས་ལ་ཤོད། རྩམ་པ་ལྡོད་ལ་མྱིད། ཐུགས་རྗེས་གཟིགས།
འདིར་ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པས། རིན་པོ་ཆེའི་རླབས་ཆེན་མཛད་བཟང་ལ་རྗེས་དྲན་དང་། སྐུའི་ཉེ་འཁོར་རྣམས་ལ་མྱ་ངན་ཞུ་རྟེན་ཙམ་དུ་ཞུ་ཡིག་ཞིག་བོད་ཡིག་ཐོག་ཕུལ་འདུག་པ། གཤམ་གསལ་ལྟར་ཡིན།
༄༅།། ཐུབ་བསྟན་མཚམས་སྤྲིན་གསར་བའི་རྩེ་དགའ་ཅན།།
འཇིགས་མེད་ནམ་མཁའི་ནོར་བུའི་འོད་ཐིག་གིས།།
གངས་ལྗོངས་ཆོས་དང་སྲིད་ཀྱི་རྒུད་པའི་མུན།།
རིང་ནས་བསལ་བའི་མཛད་བཟང་ཨ་ཧོ་རྨད།།
དེ་ཡང་ས་སྟེང་རྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག གངས་ལྗོངས་ཆོས་སྲིད་གཉིས་ཀྱི་བླ་ན་མེད་འི་དབུ་ཁྲིད། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅེན་པོ། སྟག་མཚེར་སྐུ་ཕྲེང་དྲུག་པ་ཐུབ་བསྟན་འཇིགས་མེད་ནོར་བུ་དཔལ་བཟང་པོ་མཆོག་གིས། མ་འོངས་གངས་ལྗོངས་གསར་བ་འཛུགས་སྐྲུན་ཆེད། བོད་རང་བཙན་བདེན་པའི་འཐབ་རྩོད་ཀྱི་འབོད་སྒྲ་འཛམ་གླིང་ཡངས་བའི་ཁྱོན་ལ་བག་ཡངས་སུ་བསྒྲགས་ཏེ། བདེན་པའི་རྒྱལ་ཁ་ཐོབ་ལ་ཉེ་བའི་སྐབས་འདིར། གདུལ་བྱ་རྟག་འཛིན་ཅན་འགའ་ཞིག་གི་ངོར་རེ་ཞིག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུ་བར་མཛད་པ་ནི། བསིལ་ལྗོངས་སྐྱེ་འགྲོ་སྤྱི་དང་། ལྷག་པར་དུ་བོད་རང་བཙན་བདེན་པའི་འཐབ་རྩོད་ཀྱི་ཐབས་ལམ་ལ་གཅིག་ཏུ་བརྩོན་པའི་གངས་ལྗོངས་དཔའ་བོ་དཔའ་མོ་རྣམས་དང་། རིན་པོ་ཆེའི་འབྲེལ་ཐོགས་ལྟོས་བཅས་རྣམས་ལ་མཚོན་ན། ཆེས་བཟོད་པར་དཀའ་བའི་སེམས་ཁུང་གི་ན་ཟུག་འཕར་མ་ཞིག་དང་། བོད་རང་བཙན་རྒྱལ་ཁབ་ཀྱི་བདེན་དོན་མཚོན་པའི་རྡོ་རིང་ཞིག་དངོས་སུ་འགྱེལ་བ་ཡིན་པས། དད་གུས་ལག་པའི་པདྨོ་སྙིང་གར་སྦྱར་ཏེ། མིག་ཆུའི་ཕྲེང་བ་ཆར་རྒྱུན་ལྟར་འཇོ་བཞིན། རིན་པོ་ཆེ་མཆོག་གི་རླབས་ཆེན་ཐུགས་ཀྱི་བཞེད་དགོངས་མྱུར་དུ་འགྲུབ་པའི་ཆེད་དང་། སྐུའི་ཉེ་འཁོར་ལྷན་རྒྱས་སུ་མྱ་ངན་ཐུགས་གསོའི་གསོལ་སྨོན་མཚོན་དོན་ཙམ་དུ། ལྷ་དར་སྲིད་དུ་རིང་བས་ཐོག་དྲངས་ཨ་སྒོར་ ༢༢༥ བཅས་གུས་པ་ཆེན་པོས་ཕུལ་བ་དང་ཆབས་ཅིག ཡང་སྤྲུལ་ཟླ་གཞོན་གསར་བའི་ལང་ཚོ་སླར་ཡང་གངས་ལྗོངས་བསོད་ནམས་མཁའ་ལ་མྱུར་དུ་འཆར་ཏེ། སྐུ་གོང་མའི་རླབས་ཆེན་མཛད་འཆར་གང་དག་དངོས་སུ་འགྲུབ་ཅིང་། གཞི་བྱེས་མཉམ་འཛོམས་ཀྱིས་ཕུན་ཚོགས་སྡེ་བཞིའི་དཔལ་ལ་མྱུར་དུ་སྤྱོད་པའི་སྨོན་འདུན་ཤུགས་དྲག་དང་བཅས། ཤར་ལྷོ་བསུ་དཔལ་བོད་རིགས་སྤྱི་མཐུན་ཚོགས་པས་དད་གུས་བླ་ན་མེད་པས་ཕུལ།
བོད་རྒྱལ་ལོ། ༢༡༣༥ ཟླ་ ༧ ཚེས་ ༩ ཕྱི་ལོ་ ༢༠༠༨ ཟླ་ ༩ ཚེས་ ༩ ཉིན།
ལྔ་བཅུ་ང་དགུ་ལོའི་གསུམ་བཅུའི་ཞི་རྒོལ་མ་བྱས་སྔོན་ནས་ལྟག་མཚེར་རིན་པོ་ཆེས་ཨ་རི་དང་འབྲེལ་བ་བྱས་ཏེ། གལ་སྲིད་གནས་ཚུལ་སྡུག་ཏུ་བྱིན་ན་རྒྱལ་བ་རིན་པོ་ཆེ་གནམ་གྲུའི་ནང་ཕྱི་ལ་གདན་འདྲེན་བྱེད་རྒྱུའི་འཆར་གཞི་ཞིག་ཀྱང་བཏང་འདུག གནམ་གྲུ་འབབ་ས་དེ་ཡང་བྱང་གི་གནམ་མཚོ་ཕྱུག་མོ་དང་ཡར་འབྲོག་གཡུ་མཚོ་གཉིས་ལས་གང་རུང་ཞིག་གི་འཁྱག་པའི་སྟེང་འབབ་རྒྱུ་བྱས་འདུག དེ་མིན་བླ་བྲང་གི་གླིང་རིན་པོ་ཆེ་དང་ཁོང་ཚོ་སྐོར་ཞིག་ནས་དང་པོ་ནས་རྒྱ་ནག་ལ་ངོ་ལོག་གི་དམག་རྒྱག་རྒྱུའི་འཆར་གཞི་ཞིག་ཀྱང་འཐེན་འདུག་ཀྱང་རྗེས་སུ་དེ་ལྟར་བྱུང་མི་འདུག ལྟག་མཚར་རིན་པོ་ཆེའི་སྐོར་གྱི་དཔེ་ཆ་དེ་ཚོ་ཕལ་ཆེར་ཁྱེད་ཚོས་ཀློག་མེད་པ་ཡོད་རྒྱུ་མ་རེད། གལ་སྲིད་ཡོད་ན། རང་རྣམ་ངའི་ཕ་ཡུལ་ནི་དབྱིན་བོད་གཉིས་ཀྱི་ནང་ཡོད་པ་རེད། དེ་མིན། kundun རྒྱལ་བ་རིན་པོ་ཆེའི་མཛད་རྣམ། གཞན་གོང་དུ་ཨ་ལགས་ཀྱི་བཤད་པའི་རྩོམ་དེ་ཡིན་ནམ། རྩོམ་པ་པོ་གཅིག་པ་རེད། གང་ས་གང་དུ་ཁ་ཐོར་རེ་མཇལ་རྒྱུ་འདུག
Dalai Lams’s brother fought for a free Free Tibet on CIA payroll
ཞེས་པ་ཞིག་ངས་ཉིན་རེ་ཟུང་ཞིག་གི་སྔོན་ཁེ་ན་ཌའི་ཚགས་པར་ GLOBE AND MAILཞེས་པའི་ཐོག་མཐོང་སོང་། ཁྱེད་ཚོས་རྩོམ་དེ་དྲ་གནས་ནང་ཚོལ་དང་རྙེད་ཀྱི་རེད་བསམ།
སྟགམཚེར་རིན་པོ་ཆེའི་རྣམ་མཐར་ཤེས་འདོད་ན་མདོ་སྨད་ཡོན་ཏན་རྒྱ་མཚོས་པྱི་ལོ་ ༡༩༨༩ ལོར་བྲིས་པ་༑སྐ྄ྭ་འབུམ་ཁྲི་ཟུར་སྟག་མཚེར་རིན་པོ་ཆེ་མཆོག་གི་མཛད་རིམ་སྔོན་མེད་ལེགས་བཤད་སྤྲིན་གྱི་ཕོ་ཉ་ཟེར་བ་དེ་མཐོང་དགོས། དེ་མིན་མི་ཤི་རྗེས་ཆོ་མེད་པའི་གཏམ་མ་མང་ན་ལེགས།
བོད་པ་དང་དགེ་བོ། ཨ་་་་ཆི་འདྲ་འདྲའི་མྱི་ཟིག་རེད། བོད་པའི་བོད་སྐད་མི་ཤེས་པ་དང་བོད་ཡུལ་བོད་པ་ལ་མི་བདག་པ། ད་དུང་བོད་པ་བོད་ལ་འགྲོ་ས་མེད་པ་འདི་དག་སུས་བཟོས་པ་ཤེས་མ་སོང་ངམ་་་་་་ཨ།
རིན་པོ་ཆེ་ཁོང་ཐོག་མར་བཙན་བྱོལ་ལ་ག་དུས་ཡོང་བ་རེད་་་ཨ། དེའི་དུས་ཁྱོད་གཉིས་ཀྱི་དུས་ནང་བཞིན་ཟ་ཆོག་ཆོག་དང་འཐུང་ཆོག་ཆོག་ཡོད་རབས་མི་འདུག དེའི་དུས་ཨ་རི་ན་བོད་སྐད་སློབ་ས་ཕར་ཞོགས་བོད་སྐད་བཤད་སའང་མེད་རབས་འདུག ཡིན་ནའང་ཁོང་ནང་མིས་བོད་སྐད་བརྗེད་རུང་བོད་དོན་མ་བརླག་པར་ང་ཧ་ལས་སོང་། ད་དུང་བོད་ཡིག་བོད་སྐད་མི་ཤེས་རུང་བོད་དོན་ལ་སེམས་ཤུགས་ཡོད་མཁན་པེ་ཅིན་ན་འོད་ཟེར་དང་ཁེ་ན་ཏྲའི་བཀྲས་མཐོང་ལྷ་གྲྲོན་སོགས་གོ་ཨེ་མྱོང་། ཡིན་གཅིག་བོད་ཡིག་ཤེས་མཁན་དགོས་ཟེར་ན་བོད་དགྲ་ཁུངས་ཡིན་ཟེར་ནས་དེབ་གླང་ཁེལ་ལོངས་པ་འབྲི་མཁན་བོད་མི་ཀླད་མེད་དེའི་རིགས་གང་ལ་འཇོག་་་ཨ།
ལྟག་མཚེར་རིན་པོ་ཆེའི་སྐུ་ཟླ་དེ་ས་སྐྱ་ཚང་གི་སྲས་མོ་ཞིག་མ་རེད་པས། ཁོང་གི་རང་རྣམ་ནང་དུ་དེ་འདྲ་ཞིག་བྲིས་འདུག་སྙམ།
ཡ་ཨ་རོ་གསུབས་མཁན་ལགས། ཁྱེད་ལ་ལྕམ་ཀུན་དབྱངས་དང་འཇིགས་མེད་ཟ་ཁང་ནང་ནས་ཐུག་པ་རེ་སྤྲད་པ་མིན་ནམ། ངས་སྤེལ་བའི་རྩོམ་ཨང་༩ དེ་གསུབས་དགོས་དོན་ཅི་ཡིན་ནམ། ཁྱོད་ཁོ་ཚོ་དང་ཐག་ཉེ་བ་ནི་བདེ་པ་རེད། སྐྲག་དགོ་ནི་རེད་ལོ་ལོ། འཇིགས་མེད་ཀྱིས་འཇིགས་སྣང་སྐུལ་ན་འང་།ཁོ་ལ་བློ་ཁོག་མེད་།