གཡུ་སྒང་དགེ་འདུན།
——(སྐུའི་འཁྲུངས་སྐར་ལ་ཕུལ།)
མདོ་སྨད་ལྟག་མཚེར་ལྷ་ཡི་གྲོང་ནས་འདོད་འཇོ་དཔག་བསམ་ལྗོན་པ་འཁྲུངས།།
རྣམ་དཔྱོད་རིག་པའི་ལོ་འདབ་རྒྱས་ཤིང་ཆོས་སྲིད་འབྲས་བུ་གཡུར་དུ་ཟ།།
ཁམས་གསུམ་འགྲོ་བའི་ལོངས་སུ་སྤྱོད་པར་དུས་དྲུག་ལྷོད་པའི་གནས་ཀྱིས་དབེན།།
མི་ཡུལ་འདི་ན་ཡིད་བཞིན་ནོར་བུ་ཁྱེད་ལས་གཞན་པ་སུ་ཞིག་མཆིས།།
གཞོན་ནུའི་དུས་སུ་ཚེ་སྔོན་ལས་ཀྱི་བག་ཆགས་གསལ་བའི་རྟོགས་ལྡན་པ།།
པོ་ཏ་ལ་རུ་ཆོས་སྲིད་སྲོག་གི་ཀ་བ་འདེགས་པའི་གྱད་ཆེན་པ།།
ཡང་དགོས་འཛམ་གླིང་གོ་ལ་ཧྲིལ་པོ་གཅིག་ཏུ་མཐོང་བའི་ཚན་རིག་པ།།
རྡོ་ལ་དྷར་གྱི་རི་ངོགས་འདི་ན་ཀུན་གྱི་རེ་བའི་ཕ་ལམ་ཞིག །
བྱམས་བརྩེ་དུང་གི་ཟླ་བ་དཀར་པོ་འཁོར་ཚོགས་རྒྱུ་སྐར་ཁྲོད་ན་འཚེར།།
སྙིང་རྗེ་འོ་མའི་ཐིག་པ་རེ་རེ་ཉམ་ཐག་སྐྱེ་བོའི་ཁ་རུ་གཏིགས།།
ས་གཞི་ལེབ་མོ་ཞི་བདེས་སྐྱོང་བའི་ཐུགས་བསམ་ཕུག་རོན་མཁའ་རུ་འཕུར།།
རྒྱབ་རྟེན་ཇོ་མོ་གླང་མའི་རི་རྩེ་སྟེང་ཕྱོགས་ལྷ་ཡི་གྲོང་དུ་སྙེགས།།
བོད་མིའི་དམུ་རྒོད་སེམས་ཀྱི་ས་ཞིང་ཁྱེད་གསུང་ཆུ་བོས་བརླན་དུ་བསྒྱུར།།
ས་གསུམ་སྐྱེ་རྒུས་མིག་ལྟོས་བྱེད་པའི་བཟང་སྤྱོད་ལོ་ལེགས་སྙེ་མ་དུད།།
གཞིས་བྱེས་གཉིས་ཀྱི་དཀའ་སྡུག་ཡོད་ཚད་བདག་གིས་བཞེས་པའི་ཡབ་ཆེན་ཞིག །
བགྲང་བྱ་གྱ་གཉིས་ཁད་ཀྱིས་སླེབས་ལ་སེམས་ཚོར་སོར་རྩེས་འགྲོས་ལ་བཀོད།།
སློབ་དཔོན་པད་འབྱུང་སྔགས་མཐུ་ཆེ་ཡང་རྒྱ་གར་སིག་གི་བརྒྱུད་པ་ཞིག །
རྒྱལ་བ་ཡབ་སྲས་རིགས་གཅིག་རྐང་འཛིན་ཆོས་ཀྱི་མཁས་པ་རྣལ་མ་ཞིག །
འོན་ཀྱང་དེང་གི་འགྲོས་དང་བསྟུན་པའི་ཆོས་སྲིད་ཤིང་རྟའི་ཁ་ལོ་བ།།
འཕགས་མཆོག་མི་ཡི་གཟུགས་སུ་རོལ་བ་ཁྱེད་ལས་སྐྱབས་གཅིག་གང་དུ་མཆིས།།
གཡུ་སྒང་དགེ་འདུན་གྱིས་ ༢༠༡༧ ཟླ་ ༧ ཚེས་ ༥་ཉིན་བྲིས།
གཡུ་སྒང་ལགས།
སློབ་དཔོན་པད་འབྱུང་སྔགས་མཐུ་ཆེ་ཡང་རྒྱ་གར་སིག་གི་བརྒྱུད་པ་ཞིག །འདི་ཡི་ཁུངས་རྣམ་ཐར་གང་དུ་གསལ་ལམ་ཤེས་འདོད་ཆེ་བས། བྱུང་ན་ལན་ཞིག་གནོངས་རོགས་མཛོད།
ཀརྡོ་རབ་འབྱམས་པ་ལགས་ཀྱིས་དྲི་བ་བཏོན་པར་ཐུགས་རྗེ་ཆེ། ཁོ་བོས་ཁ་ཕྱོགས་ཙམ་ཞུས་པས་འཐུས་པར་བྱ།
སྤྱིར་བཏང་སློབ་དཔོན་རིན་པོ་ཆེའི་སྐོར་ལ་རགས་ཙམ་བྱས་ནའང་མ་འདྲ་བ་མང་པོ་ཡོད་རེད། ཡིན་ནའང་འདིར་ཁ་ཕྱོགས་སྣ་གཅིག་བརྗོད་ན། གྱི་ནང་འདི་ལྟར་གསུངས་ཡོད་པ་རེད། རྒྱ་གར་ཡུལ་དབུས་མ་གྷ་ངྷར་རྒྱལ་པོ་དེ་ཝ་པཱ་ལས་རྒྱལ་སྲིད་སྐྱོང་བའི་ཚེ་ཨོ་རྒྱན་གྱི་ཡུལ་དུ་རྒྱལ་པོ་ཧ་ཡ་ལི་ལས་སྲིད་དབང་བཟུང་ཞིང་། དེ་ཡི་ཚེ་རྒྱལ་རིགས་རིག་པ་སྨྲ་བ་སྲ་དོའམ་སྲིག་ངྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཟེར་བ་ཞིག་ཡོད། དེ་ལ་སྲས་མཚན་བཟང་དང་ལྡན་པ་ངོ་མཚར་འགྲན་ཟླ་མེད་པ་ཞིག་འཁྲུངས་པ་ལས། ཞེས་གསུངས་ཡོད། ཡིན་ནའང་། ཇོ་ནང་ཏཱ་ར་ནཱ་ཐ་མཁས་པ་ཆེན་པོ་རེད་དེ། སྲ་དོའམ་སྲིག་དྷ་ར་སྟེ་མེ་ཏོག་ཕྲེང་བ་འཛིན་པ་ཞེས་མེ་ཏོག་ཕྲེང་བར་བསྒྱུར་བ་དེ་ཏག་ཏག་ཅིག་བསྡད་ཡོད་མེད་ཐེ་ཚོམ་རེད། སྲ་དོ་ནི་རྒྱ་གར་སྐད་དུ་རྣལ་འབྱོར་བ་དང་ཆོས་པ་སོགས་ཀྱི་དོན་རེད། སྲིག་ནི་ད་ལྟ་ང་ཚོས་ཡོངས་གྲགས་སུ་པན་འཇབ་ཟེར་བའི་མི་རིགས་དེ་ལ་རྒྱ་གར་གྱིས་སིག་ཟེར་གྱི་ཡོད་པ་རེད། དེའི་ལྷ་ཁང་ལ་སིག་གི་ལྷ་ཁང་ཟེར་གྱི་ཡོད་པ་རེད། གཞན་ཡང་། ཟ་ཧོར་རྒྱལ་ཁམས་ཆོས་ལ་བཙུད་པ་དང་། །ཚེ་དབང་ཕྱག་རྒྱ་ལྷ་ལྕམ་ལ་དགོངས་ནས། །ཡུལ་དེར་བྱོན་ནས་མེ་དཔུང་མཚོ་རུ་བསྒྱུར། ། འདི་ད་ལྟའི་མཚོ་པདྨར་ངོས་འཛིན་གྱི་ཡོད་པ་འདྲ། ཡང་། རྒྱ་གར་ཡུལ་དུ་སྐུ་འཁྲུངས་ཐོས་བསམ་མཛད༔ བོད་ཡུལ་དབུས་སུ་ཞལ་བྱོན་དྲེགས་པ་བཏུལ༔ ཨོ་རྒྱན་ཡུལ་དུ་སྐུ་བཞུགས་འགྲོ་དོན་མཛད༔ ཅེས་གསུངས་འདུག གཞན་རྙོགས་གླེང་མང་པོ་འབྲི་བའི་དུས་ཚོད་མེད་པས་དགོངས་འགལ་མེད་པར་ཞུ།
ཀློག་པ་པོར་དགོངས་དག་ཞུ། ‘གྱི་ནང་འདི་ལྟར་གསུངས་ཡོད་པ་རེད།’ ་་་་་་་་ཅེས་པ་འདི་ལགྱི་ནང་འདི་ལྟར་གསུངས་ཡོད་པ་རེད། ཅེས་བཅོས་དགོས།
ཀློག་པ་པོར་དགོངས་དག་ཞུ། (གྱི་ནང་འདི་ལྟར་གསུངས་ཡོད་པ་རེད། )ཅེས་པ་དེ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་རྣམ་ཐར་ཡིད་ཆེས་གསུམ་ལྡན་གྱི་ནང་འདི་ལྟར་གསུངས་ཡོད་པ་རེད། ཅེས་བཅོས་དགོས།
#2 གཡུ་སྒང་དགེ་འདུན། ་ལགས་སུ། རང་གི་དགོངས་ཚུལ་ལན་དུ་གསུངས་པར་བཀའ་དྲིན་ཆེའོ།།
སྟག་མཚེར་་་བྲིས་ན་སྐྱོན་ཡོད་དམ། ལྟག་མཚེར་་་བྲིས་པ་དེ་ལ་དམིགས་བསལ་གོ་རྒྱུ་གང་ཡོད་དམ་ལགས།
BONPO ་ལགས་ཀྱིས་དྲི་བ་བཏོན་པར་བཀའ་དྲིན་ཆེ། ཁོ་བོས་ཕྱོགས་ཙམ་སྟོན་པར་བྱ། སྟག་མཚེར་བྲིས་ན་སྐྱོན་མེད་པར་འདོད། འདི་ལ་སྟག་འཚེར་དང་། སྟག་མཚེར། ལྟག་མཚེར་གསུམ་བེད་སྤྱོད་ཀྱི་འདུག མི་རེ་ལ་འགྲེལ་བཤད་རེ་བཤད་བཅུག་ན་ཁ་བདེ་བོ་ཞིག་གིས་འགྲེལ་བཤད་སྙིང་རྗེ་བོ་ཞིག་ཏན་ཏན་བྱེད་ངེས་རེད། ངོས་ཀྱི་ཡུལ་དང་། ངོས་ཀྱི་མི་མང་། སྐུ་འབུམ་སྟག་མཚེར་རིན་པོ་ཆེའི་ཐུན་མོང་མཛད་རིམ། མཛད་རྣམ་རྒྱ་ཆེན་སྙིང་རྗེའི་རོལ་མཚོ་བཅས་ལ་གཟིགས་པར་འཚལ།