ཋེ་ཀོར། དབྱིན་ཡིག
ཟླ་བ་གཞོན་ནུས་བསྒྱུར།
གཡོག་པོ། ཀྱེ་རྒྱལ་མོ་ལགས། ཁྱེད་ཀྱི་གཡོག་པོར་སྙིང་རྗེ་ཡོད་དམ།
རྒྱལ་མོ། ཚོགས་འདུ་གྲོལ་སོང་ལ། ངའི་གཡོག་པོ་ཚང་མ་ཆས་ཟིན། ཁྱོད་རང་ཅིའི་ཕྱིརའདི་འདྲའི་འཕྱི་བོར་ཡོང་བ་ཡིན།
གཡོག་པོ། ནམ་ཁྱེད་ཀྱིས་གཞན་དང་མཉམ་དུ་བསྒྲུབ་རྒྱུ་ཚར་ན། དེ་ནི་ངའི་དུས་སྐབས་ཡིན།
ང་རང་ཁྱེད་ཀྱི་ཆེས་མཐའ་མའི་གཡོག་པོར་ལས་རྒྱུ་ཅི་ཞིག་ལྷགས་ཡོད་མེད་འདྲི་རུ་ཡོང་བ་ཡིན།
རྒྱལ་མོ། འཕྱི་དྲགས་དུས་ཁྱོད་ཀྱིས་ཅི་ཞིག་ལ་རེ་ལྟོས་བྱེད་ཆོག
གཡོག་པོ། ང་རང་ཁྱེད་ཀྱི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་བཟོ་རོགས།
རྒྱལ་མོ། འདི་ཅི་འདྲའི་གླེན་རྟགས་ཤིག་རེད།
གཡོག་པོ། ངས་ཕྲན་གྱི་ལས་ཀ་གཞན་དག་གཡུག་རྒྱུ་ཡིན་ལ། ངས་རང་གི་རལ་གྲི་དང་
མདུང་རིང་ཐལ་བར་གཡུག་རྒྱུ་ཡིན། ང་རང་ཐག་རིང་གི་ཕོ་བྲང་ལ་མ་བསྐྱལ་
དང༌། ང་རང་ལ་རྒྱལ་ཁ་གསར་བ་དག་ལྷུར་ལེན་པར་མ་འདོམས་རོགས། དེ་ལས།
ང་རང་ཁྱེད་ཀྱི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་བཟོ་རོགས།
རྒྱལ་མོ། ཁྱོད་ཀྱི་ལས་འགན་ཅི་ཞིག་ཡིན་རྒྱུ་རེད་དམ།
གཡོག་པོ། ཁྱེད་ཀྱི་ཁོམ་སྐབས་ཀྱི་ཉིན་མོ་དག་གི་སྲི་ཞུ་བསྒྲུབ་རྒྱུ།
ཁྱེད་ཀྱི་ཞབས་ཟུང་གི་གོམ་སྟབས་
རེ་རེར་ཤི་འདུན་ཆེ་བའི་མེ་ཏོག་གིས་བསྟོད་པ་དང་བཅས་ཏེ་བསུ་ས་རུ།
ངས་ཁྱེད་རང་ཞོགས་པར་འཆམ་འཆམ་དུ་སྐྱོད་པའི་
རྩ་ཁ་ཅན་གྱི་རྐང་ལམ་དེ་སོས་པར་ཉར་རྒྱུ་དང༌།
དགོང་སྔའི་ཟླ་བས་ཁྱེད་ཀྱི་སྨད་གཡོག་ལ་སྡོང་ལོ་བརྒྱུད་དེ་མཆུ་སྒྲོས་བརླན་པར་
འབད་ས་རུ། ངས་ཁྱེད་རང་སཔ྄ཏཔརྞའི༡་ཡལ་གའི་གསེབ་ཏུ་ཇིང་ལིང༢་ལ་ཇིང་
ལིང་སྟེག་ཏུ་གཞུག་རྒྱུ།
ངས་ཁྱེད་ཀྱི་ཉེ་འགྲམ་དུ་འབར་བའི་སྒྲོན་མེར། དྲི་ཞིམ་འཐུལ་བའི་སྣུམ་ཞག་
གིས་བསྐྱར་དུ་དགང་རྒྱུ་ཡིན་ལ། ཁྱེད་ཀྱི་རྐང་ཁྲིར། ཙན་དན་དང་གུར་ཀུམ་གྱི་
ལྡེ་གུས་ངོ་མཚར་བའི་བཀོད་པར་རྒྱན་གྱིས་སྤྲོ་བར་བྱ་རྒྱུ་ཡིན།
རྒྱལ་མོ། ཁྱོད་ཀྱིས་རྔན་པར་ཅི་ཞིག་ལེན་རྒྱུ་ཡིན་ནམ།
གཡོག་པོ། འཇམ་མཉེན་གྱི་པད་ཐེའུ་ལྟ་བུའི་ཁྱེད་ཀྱི་ལག་པ་དང་མེ་ཏོག་ཕྲེང་ལྕུག་གིས་
འཁྱུད་པའི་ལག་ངར་ལ་འཆང་རྒྱུའི་གནང་སྦྱིན་དང༌། མྱང་མེད་མེ་ཏོག༣་གི་
འདབ་མའི་ཉིང་ཁུ་དམར་བོས།ཁྱེད་ཀྱི་ཞབས་ཟུང་གི་མཐིལ་ངོས་མཚོན་མདོག་བསྒྱུར་ཞིང༌།
དེ་རུ་ཀ་ཀོར་བྱེད་སྲིད་པའི་རྡུལ་ཟེགས་དག
མཆུ་སྒྲོས་ཀྱིས་བསྐྲད་རྒྱུའི་གནང་བ་སྕོལ་དང༌།
རྒྱལ་མོ། ཁྱོད་ཀྱི་གསོལ་བར་ཆོག་མཆན་སྤྲད་པ་ཡིན། བདག་གི་ཞབས་ཞུ་བ།
ཁྱོད་ནི་ངའི་མེ་ཏོག་ལྡུམ་རའི་ལྡུམ་ར་བ་ཡིན།
མཆན།
༡ སཔ྄ཏཔརྞ་ནི། སྡོང་བོའི་ཡ་གྱལ་ཞིག་སྟེ། ཧིན་སྐད་དུ་པ་གོར་ཟེར།
༢ ཇིང་ལིང་ནི། དབྱིན་སྐད་དུ་སྭིན་(swing)ཟེར་བ་དེ་ཡིན།
༣ མྱང་མེད་མེ་ཏོག་ནི། མེ་ཏོག་མྱ་ངན་མེད་ཟེར་བ་དེ་ཡིན།
ལེགས་པོ་འདུག
བུ་རྒོད་པོ། ཡིད་ཆེས་ཀྱིས་ཁྱོད་ལ་བལྟས་ཡོད།
ཟླ་བ་གཞོན་ནུ་ལགས།
ལེགས་པོ་འདུག
༼ཇིང་ལིང༽ཞེས་པའི་ཚིག་འདིའི་འགྲེལ་བཤད་དང་འབྱུང་ཁུངས་ངོ་སྤྲོད་གནང་རོགས། ངེད་ནས་དྲི་བ་འདི་ཁྱེད་ལ་ཅོ་འདྲི་བ་ལྟ་བུ་མིན་པར་ཤེས་འདོད་ཀྱི་འདུན་པས་དྲིས་པ་ཡིན་ལགས།
ཇིང་ལིང་ཞེས་པ་འདི་རྒྱ་བོད་ཚིག་མཛོད་ཆེན་མོར་ཇིང་ཏ་ལིང་ཏ་ཞེས་པ་དེར་བསྟུན་པ་ཡིན་ལགས། དེར་མ་ཟད་ངའི་ཕ་ཡུལ་གྱི་སྐད་དུའང་དེ་ལ་ཀ་མ་ཀེའི་ལིང་ངམ་ག་མ་གེའི་ལིང་དག་ཆ་གང་ཡིན་མ་ངེས་ཀྱང་
ཇིང་ལིང་དང་ཅུང་སྒྲ་མཐུན་པས་འདིར་དེར་གཞིར་བཞག་པ་ཡིན་ལགས།
ངའི་དྲན་ཡུལ་དུ་སྦྲང་ཆར་གྱི་རྒྱབ་ཤོག་ནང་མ་ཞིག་ཏུ་འཛམ་གླིང་གི་རི་མོའི་བརྩམས་ཆོས་གྲགས་ཅན་དག་ངོ་སྤྲོད་པ་ལས་ཇིང་ལིང་སྟེག་པའི་སྣུམ་ཚོམ་རི་མོ་ཞིག་ཡོད་པ་དང༌། དའི་གཤམ་དུ་དེའི་འགྲེལ་བཤད་ཡོད་པ་དེར་ཐ་སྙད་འདིའི་སྐོར་ཐོན་ཡོད་སྙམ་ཡང་སྒྱུར་རྩོམ་འདི་བྲིས་ནས་
སྤེལ་རག་བར་དུ་ལག་སོན་མ་བྱུང་བས། ཇིང་ལིང་ཞེས་གོང་དུ་བརྗོད་ཟིན་པ་ལྟར་བཀོད་པ་ཡིན།
སྒོམ་སྡེ་ལྷ་རམས་ཕེབས་ནས་བསམ་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ་བ་དང་མཉམ་དུ། དྲིས་ལན་དུས་ཐོག་ཏུ་འབུལ་མ་ཐུབ་པར་དགོངས་དག་ཞུ་བཞིན་ཡོད།
བདག་གི་དྲན་ཡུལ་དུ་སྦྲང་ཆར་གྱི་རྒྱབ་ཤོག་ནང་མ་ཞིག་ཏུ་འཛམ་གླིང་གི་རི་མོའི་བརྩམས་ཆོས་གྲགས་ཅན་དག་མཚམས་སྦྱོར་བྱེད་པ་ལས་ཇིང་ལིང་སྟེག་པའི་སྣུམ་ཚོམ་རི་མོ་ཞིག་ཡོད་པ་དང༌། དེའི་གཤམ་དུ་འགྲེལ་བཤད་བྱས་ཡོད་པ་དེ་ལས་ཐ་སྙད་གང་ཞིག་སྤྱད་ཡོད་མིན་མ་ངེས་ཀྱང་དེའི་སྐོར་ཞིག་
ཏན་ཏན་བཀོད་ཡོད་སྙམ་པ་ཞིག་ཡོད་ཀྱང་སྒྱུར་རྩོམ་འདི་བྲིས་ནས་སྤེལ་རག་བར་དུ་ལག་སོན་མ་བྱུང་བས།གོང་དུ་བཤད་ཟིན་པ་ལྟར། དེ་དང་བསྟུན་པ་ཡིན།
སྒོམ་སྡེ་ལྷ་རམས་པ་ལགས་ཕེབས་ནས་བསམ་ཚུལ་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ་བ་དང་སྦྲགས། དྲིས་ལན་དུས་ཐོག་ཏུ་འབུལ་མ་ཐུབ་པར་དགོངས་དག་ཞུ་བཞིན་ཡོད།
ངས་མཆན་མ་ཤར་བས་བརླག་པ་རེད་སྙམ་ནས་བསྐྱར་དུ་གཏགས་པ་ཡིན། དགོངས་དག་ཞུ།
དེ་ཡོད་དེ་ཡོད་དེ་ཡོད་དེ་ཡོད་
དེ་ཡོད་དེར།