རྩོམ་སྒྲིག་པ། གངས་དགའ།
སྙན་ངག་པ་དང་རྩོམ་སྒྲིག་པ་ལྡོང་བུས་བསྒྱུར་བའི་ནུབ་ཕྱོགས་སྒྲུང་ཐུང་ཉིང་བཏུས《ཨེ་མི་ལི་ལ་ཕུལ་བའི་རྒྱ་སེ་རྐང་གཅིག》ཅེས་པ་ཉེ་བའི་ཆར་མི་རིགས་དཔེ་སྐྲུན་ཁང་གིས་པར་དུ་བཏབ། ཤོག་གྲངས་ཉིས་བརྒྱ་དང་བཞི་བཅུའི་བདག་ཉིད་ཅན་གྱི་དེབ་ཆུང་འདིའི་ནང་དུ་དུས་རབས་བཅུ་དགུ་པ་དང་ཉི་ཤུ་པའི་ནུབ་ཕྱོགས་སྒྲུང་ཐུང་གྲགས་ཅན་བཅུ་བཞི་ཨིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་བཀོད་ཡོད་ཅིང་། སྒྲུང་ཐུང་དེ་དག་སྔར་དུས་དེབ་ཏུ་བཀོད་ཟིན་པ་ཤ་སྟག་ཡིན་འདུག་ནའང་ཐེངས་འདི་ལ་བསྐྱར་བཅོས་གང་མང་བརྒྱབ་ཡོད་ཚུལ་སོགས་གཤམ་འཁོད་ལོ་ཙཱ་བའི་གསལ་བཤད་ལས་ཤེས་པར་བྱའོ། །དེབ་དེའི་རྒྱབ་ཤ་རུ་འཁོད་པའི་ཡི་གེ་ལྟར་ན། འགྱུར་དེབ་འདི་ལས་ཀློག་མཁན་ཁྱེད་ཅག་གིས་ཨེ་དྷི་གྷར·ཨེ་ལན·ཕའོ(Edgar Allan Poe)ཡི་འཇིགས་པའི་རྩོམ་ཉམས་དང་། ལེབ·ཐོལ་སི་ཐོ་ཡེ(Leo Tolstoy)ཡི་འཆི་བའི་བསམ་གཞིག མར་ཁེ·ཐུ་ཝེན(Mark Twain)གྱི་ཟུར་ཟའི་བརྗོད་ཐབས། ལྗམ་སི·ལྗོ་དབྱི་སི(James Joyce)ཡི་འཚོ་བའི་ངལ་དུབ། ལྗེ་ཁེ·ལོན་དྷོན(Jack London)གྱི་ཚེ་སྲོག་གི་དཀའ་སྤྱད། ཨོ·ཧེན་རི(O. Henry)ཡི་སྟེས་དབང་གི་བཀོད་སྒྲིག ཨན་ཐོན·ཆེ་ཧྭོབ(Anton Chekhov)ཀྱི་བརྩེ་དུང་གི་སྐྱོ་ཤས། ཧྥུ་རན་ཛི·ཁབ་ཁ(Franz Kafka)ཡི་གཟུགས་འགྱུར་བའི་འཇིག་རྟེན། ཁེ་སི་རེན·མན་སི་ཧྥེལ་དྷི(Katherine Mansfield)ཡི་བུད་མེད་ཀྱི་མཐོང་སྣེ། ཝེལ་ལིམ·ཧྥོལ་ཁི་ནར(William Faulkner)གྱི་འགལ་འདུའི་སྐྱོ་གར་བཅས་ལ་མཇལ་ཐུབ་པར་སྐད། གཞན་ཡང་དེབ་དེའི་ཁ་ཤོག་ཇུས་འགོད་བབ་ཆགས་པ་དང་ནང་གི་ཇུས་འགོད་ངོས་གཙང་བ་ཞིག་ཡོད་པ་ཕུད་ཡིག་གཟུགས་དང་ཡི་གེ་ཆེ་ཆུང་སོགས་ཀྱང་དེབ་གཞན་དང་ཅུང་ཟད་མ་འདྲ་བར་དང་དོད་གང་ལེགས་ཀྱིས་མིག་ལ་མཛེས་པ་ཞིག་ཏུ་བཟོས་ཡོད་པར་སྨྲའོ། །
གཤམ་དུ་འཁོད་པ་ནི་དེབ་ཀྱི་གླེང་གཞིའི་ཚབ་ཏུ་གྱུར་པའི་ལོ་ཙཱ་བའི་གསལ་བཤད་དོ། །
ལོ་ཙཱ་བའི་གསལ་བཤད།
དེབ་འདིར་འཁོད་པའི་བསྒྱུར་རྩོམ་དག་ནི་ཁོ་བོས་ལོ་ངོ་དུ་མའི་སྔོན་ལ་བསྒྱུར་ཚར་ཏེ་དུས་དེབ་ཏུ་བཀོད་ཟིན་པ་ཤ་སྟག་ཡིན་པས། དང་པོ་ཙ་ན་འགྱུར་ཡིག་གི་ཆ་ལ་ཞུ་དག་ཆེན་པོ་བྱེད་ཨེ་དགོས་སམ་སྙམ་པའི་སྣང་ཆུང་ཁུར་མེད་དང་སླ་བཅོས་ངལ་འཛེམས་ཀྱི་བློ་ཞིག་ཅིས་ཀྱང་འཁོར་ཡོད། ཡིན་ནའང་ད་ལན་ཕྱོགས་གཅིག་ཏུ་བསྒྲིགས་ནས་དེབ་ཆུང་ཞིག་ཏུ་བསྐྲུན་འཆར་གྱིས། ཡང་བསྐྱར་མ་ཡིག་གམ་དབྱིན་ཡིག་གི་འགྱུར་དང་སྦྱར་ནས་བོད་འགྱུར་རེ་རེ་ལ་ཞིབ་ཀློག་ཐེངས་ཤས་བྱ་དགོས་བྱུང་བའི་སྐབས་འདིར། འགྱུར་ཡིག་དེ་དག་གི་སྤྱིའི་ཆ་ལ་འགལ་འཛོལ་ཆེན་པོ་རང་མེད་ནའང་། ཡི་གེ་ནོར་བ་དང་ཚིག་གི་སྦྱོར་བ་མི་བདེ་བ། མ་ཡིག་དང་མི་མཐུན་པའི་འགྱུར་སྐྱོན། ཨམ་སྐད་དང་ཉེ་དྲགས་པའི་ལུང་ཚིག རང་རེའི་བརྡ་སྲོལ་ལ་བསྟུན་ཆེས་ཏེ་མ་ཡིག་གི་བརྗོད་ཐབས་མངོན་པར་སྟོན་མ་ཐུབ་པ་སོགས། གལ་གནད་ཆེ་བའི་བྱེ་བྲག་གི་ཆ་ཤས་མང་པོ་ཞིག་ལ་ནོར་འཁྲུལ་དུ་མ་བྱུང་མཆིས་པ་ལག་མཐིལ་གྱི་སྐྱུ་རུ་ར་བཞིན་མངོན་སུམ་དུ་མཐོང་བས། རང་ཉིད་གཞན་སྐད་ལ་འཁོས་ཀ་དམན་ཞིང་རང་སྐད་ལ་བྱང་ཆ་མེད་པའི་གནས་བབ་སྡུག་པོ་ལ་ངོ་གནོང་བྱུང་བ་དང་སྦྲགས། ལོ་ཙཱའི་བྱ་བ་འདི་ལ་ཁྲལ་མངོན་སླ་བཅོས་དང་ལེ་ལོ་སྙོམ་ལས་ནམ་ཡང་མི་རུང་བའི་ངེས་ཤེས་ཏོག་ཙམ་རྙེད།
དེ་ལྟར་ཟླ་བ་གསུམ་ཙམ་གྱི་དུས་ཡུན་རིང་ལ། ཉིན་མོའི་ལས་ཞོར་དང་མཚན་མོའི་ངལ་གསོ་ཡི་ཆུ་ཚོད་བེད་སྤྱད་ཀྱིས་འགྱུར་ཡིག་བཅུ་བཞི(འཆར་གཞི་ཐོག་མ་ལྟར་ན་འགྱུར་ཡིག་བཅུ་དྲུག་ཡོད་ནའང་། གཉིས་ལ་ད་དུང་ཡང་ཞུ་དག་གཟབ་ནན་བྱ་དགོས་ཡོད་སྟབས། བར་སྐབས་ཤིག་ལ་དེབ་ལས་ཕྱིར་འཐེན་པ་ཡིན)དེ་དག་མ་ཡིག་དང་བསྡུར་ཞིང་། དམིགས་བསལ་མ་ཡིག་ཨུ་རུ་སུ་དང་འཇར་མན་གྱི་ཡི་གེ་ཡིན་པའི་ཐོལ་སི་ཐོ་ཡེ་དང་། ཆེ་ཧྭོབ། ཁབ་ཁ་གསུམ་གྱི་སྒྲུང་ནི་དབྱིན་འགྱུར་མ་གཉིས་གསུམ་ཙམ་ཕན་ཚུན་བསྡུར་བ་ལ་བརྟེན་ནས་ཞུ་དག་གང་ལེགས་བྱས་པའི་ཁུལ་ཡིན། སྒྲུང་ཐུང་འདི་དག་གི་བསྒྱུར་ཁུངས་དཔེ་ཐོ་ནི་དེབ་ཀྱི་མཇུག་ཏུ་རེ་རེ་བཞིན་ཤོག་ལྷེ་དང་བཅས་པ་ཞིབ་ཕྲ་བཀོད་ཡོད་པས་དེ་ལ་གཟིགས་འཚལ། སྒྲུང་འདི་དག་གི་གོ་རིམ་སྒྲིག་སྟངས་ནི་མ་ཡིག་བརྩམས་པའི་ལོ་ཚིགས་ལྟར་དུ་བྱས།
ཞུ་དག་མ་བྱས་སྔོན་གྱི་འགྱུར་ཡིག་དེ་དག་གི་ནང་དུ། དོན་བསྒྱུར་ཤས་ཆེ་བར་བྱས་པའི་སྣང་ཚུལ་ཞིག་ཁོ་བོས་མཐོང་ནའང་། མ་ཡིག་གི་ཚིག་གྲུབ་བཟོ་ལུགས་དང་བརྗོད་པ་སྤེལ་སྟངས། ཐ་ན་རྐྱེན་གྱི་ཡི་གེ་ལྟ་བུའི་རྟགས་མཚོན་ཆུང་ངུ་དག་ཀྱང་། ཕ་རོལ་པོའི་འདུ་ཤེས་དང་སེམས་ཁམས་སྟོན་པ་ལ་མེད་དུ་མི་རུང་བའི་ཁར། དེ་དག་ནི་རྩོམ་པ་པོ་གང་དེའི་རྩོམ་ཐབས་ཀྱི་དཔང་རྟགས་ཉིད་དུ་ངེས་ཤིང་། རང་རེ་དག་གིས་རྒྱུས་མངའ་ཡོད་དགོས་པའི་གནད་འགག་ཏུའང་མཐོང་སྟབས། ད་ལན་ཞུ་དག་བྱེད་དུས་ཀྱང་མ་ཡིག་གི་ཚིག་འགྲོས་དང་བྱུང་བ་བརྗོད་སྟངས་ལ་བསྟུན་གང་ཐུབ་ཀྱིས། རྩོམ་པ་པོ་གང་དེའི་རྩོམ་ཉམས་དོད་ཅི་ནུས་ཀྱི་ཁུལ་བྱས་ཡོད། དཔེར་ན་ལྗོ་དབྱི་སི་ཡི་མ་ཡིག་ཏུ་མི་སྣས་སྐད་ཆ་བཤད་སྐབས་འདྲེན་རྟགས(“”)ཀྱི་ཚབ་ཏུ་འགྲེལ་རྟགས(—)སྤྱོད་ཀྱི་ཡོད་པ་ལྟ་བུ་དང་། ཡང་དབྱིན་ཡིག་གི་ནང་དུ་འགྲེལ་རྟགས་སྤྱད་པ་ཤིན་ཏུ་མང་ཞིང་། དེའི་དོད་དུ་བོད་ཡིག་ལྷག་བཅས་ཀྱི་སྒྲས་རུང་གི་ཡོད་པ་ལྟར་སྣང་མོད། དེའང་མཐའ་གཅིག་ཏུ་མ་ཡིན་པར་སྙམ་ནས་རྟགས་དེ་རང་སོར་བཞག་པ་ལྟ་བུའོ། །
འགྱུར་ཡིག་འདི་དག་དབྱིན་ཡིག་ལས་བསྒྱུར་བ་ཡིན་པའི་ཕྱིར། འགྱུར་དུ་བྱུང་བའི་ས་མིང་དང་མི་མིང་སོགས་ཀྱང་དབྱིན་ཡིག་གི་སྒྲ་གདངས་ལྟར་བོད་ཡིག་ཏུ་བསྒྱུར་ཡོད་པ་དང་། གསལ་བྱེད་ཀྱི་སྒྲ་དྲག་ཞན་ལྟར་སྔ་མ་དག་ལ་མགོ་ཅན་དང་མཐུག་པོའི་ཡི་གེ་དང་ཕྱི་མ་དག་ལ་མིང་གཞི་རྐྱང་པ་སྦྱར་ཞིང་། ཕལ་ཆེར་དབུས་གཙང་སྐད་ཀྱི་དབྱངས་དང་གསལ་བྱེད་ཀྱི་འདོན་སྟངས་གཞིར་བཟུང་ནས་བོད་ཡིག་ཏུ་ཕབ་པའི་ཁུལ་ཡིན། མི་མིང་གི་རུས་མིང་གཉིས་ཀྱི་མཚམས་སྒོར་ཚེག(·)གིས་ཕྱེ་ཡོད་དོ། །སྲོག་ཆགས་དང་རྩི་ཤིང་སོགས་ཀྱི་མིང་སྔར་ནས་བོད་ལ་འགྱུར་ཡོད་པ་དག་དེ་ལྟར་དུ་བསྒྱུར་བ་ཕུད་གཞན་དག་སྒྲ་རང་སོར་བཞག་ཡོད་ཅིང་། མིང་དེ་དག་ཐམས་ཅད་འགྱུར་ཡིག་གི་ནང་ལ་ཐེངས་དང་པོར་བྱུང་དུས་དེའི་རྗེས་ལ་གུག་རྟགས་བཀོད་དེ་ནང་དུ་དབྱིན་ཡིག་ཇི་བཞིན་སྦྱར་ཡོད།
འགྱུར་ཡིག་དེ་དག་སྔར་དུས་དེབ་ཏུ་འགོད་སྐབས་ཁ་ཤས་ལ་མཆན་འགྲེལ་ཡང་མི་ཉུང་བ་ཞིག་ཡོད་མོད། ཁ་ཅིག་ནི་དངོས་གནས་དགོས་གལ་མི་ཆེ་བའི་ཁར། ཀློག་མཁན་ལ་མཐའ་གཅིག་ཏུ་སྟབས་བདེ་བཟོས་ཚེ་དེ་དག་ཀྱང་ངེས་པར་སྒྱིད་ལུག་ཏུ་འགྱུར་རོ་སྙམ་ནས(དོན་གྱིས་རང་ཉིད་ལེ་ལོར་གྱུར་པ་མིན་ནམ་ཅི)། མཆན་འགྲེལ་དེ་དག་གཅིག་ཀྱང་མ་ལུས་པར་བླངས་ཏེ་དེབ་ངོས་ཆུང་ངུ་གཙང་མ་ཞིག་ཡོང་བར་བྱས་ཡོད་ན། གལ་སྲིད་གོ་བ་རྙེད་དཀའ་བའི་ཐ་སྙད་དང་འཕྲད་པར་བྱས་ཚེ། དེང་རབས་ཅན་གྱི་ལག་ཆ་སྤྱད་ནས་རང་མཁོ་རང་སྒྲུབ་བྱའོ་ཞེས་ཞུ།
སྐྱོན་གྱིས་མ་གོས་པའི་འགྱུར་ཡིག་ཅིག་གང་དུ་བཙལ་ཡང་རྙེད་པར་དཀའ་ན་དེབ་ཆུང་འདི་ཡང་དེ་ལས་མ་འདས་མོད། འདི་ནི་སྐྱོན་ཉུང་དུ་གཏོང་བ་ལ་ཕྱོགས་པའི་འབད་པ་ཐེངས་ཤིག་ཅིས་ཀྱང་ཡིན། དེས་ན་གསལ་བཤད་འདིའི་མཐའ་ལ་འགྱུར་དེབ་འདིའི་སྐྱོན་འཚོལ་རོགས་གནང་མཁན་ཞུས་ཆེན་རྟ་རྡོ་ལགས་དང་ནུ་བོ་རྟ་མགྲིན་རྒྱལ་གཉིས་དང་། ཆབས་ཅིག་དེབ་འདིའི་རྒྱབ་ཤོག་ཇུས་འགོད་པ་ཞོགས་འོད་ལགས་དང་རྩོམ་སྒྲིག་འགན་ཁུར་པ་གཉིས་ལ་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཞེས་སྒྱུར་པ་པོས2019ལོའི་ཟླ12པའི་ཚེས23ཉིན།
འགྱུར་དེབ་འདི་མི་རིང་བར་མི་རིགས་དཔེ་སྐྲུན་ཁང་གིས་ས་གནས་སོ་སོར་བཀྲམས་ཏེ་བོད་ཁུལ་གྱི་དཔེ་ཚོང་ཁང་དག་ལ་སྤེལ་ཐུབ་ཀྱི་ཡོད་པས། རྩོམ་རིག་སྤྱི་དང་ཁྱད་པར་དུ་འཛམ་གླིང་རྩོམ་རིག་ལོ་ཙཱ་ལ་མོས་པ་ཡོད་མཁན་དག་གིས་ཐུགས་སྣང་ཡོད་པ་ཞུའོ། །
རྩོམ་སྒྲིག་པ། གངས་དགའ།