ལྷ་རྒོད་གངས་རིའམ་ཡི་ཤེས་རྒྱལ་མཚན།
སྐྱབས་གསུམ་ཀུན་འདུས་བླ་མ་བློ་སྟེར་བཟང་། བསླབ་གསུམ་ངུར་མིག་འཛིན་པའི་སྐུ་ཚེ་རིང་། གསང་གསུམ་མཛད་འཕྲིན་གསེར་གྱི་ལྷུན་པོ་ལས། གསེར་ཐིགས་ཙམ་ཞིག་དད་པས་བླངས་ཏེ་བསྐོད། ཞེས་མཆོད་པ་བརྗོད་པ་སྔུན་བསུས་ནས་གང་གླེང་བ་བྱ་བ་ནི། དེ་ཡང་རང་ཅག་རྣམས་ལ་བཀའ་དྲིན་ཤིན་ཏུ་ཆེ་བ་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་མོ་ལྷ་ཆོས་དགའ་ལྡན་འོག་མིན་གླིང་གི་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་ཚེ་རིང་མཆོག་ནི། བོད་ལྗོངས་གཙང་གཞིས་རྩེ་ས་གནས་ལྷ་རྩེ་རྫོང་ལྷ་རྩེ་ཞོལ་དུ་རུས་རིགས་ཕུན་སུམ་ཚོགས་པའི་ཞིང་པའི་ཁྱིམ་ཚང་ཞིག་ཏུ་སྤྱི་ལོ་ ༡༩༡༥ ལོར་སྐུ་འཁྲུངས། དགུང་ལོ་བཅུ་ཙམ་ནས་ལྷ་རྩེ་ཆོས་སྡེར་ཆོས་ཞུགས་མཛད་ཅིང་། སྐྱབས་རྗེ་མཛེས་པ་སྐུ་ཕྲེང་ལྔ་པ་བློ་བཟང་བསྟན་འཛིན་ཡེ་ཤེས་དཔལ་བཟང་པོའི་དྲུང་ནས་རབ་བྱུང་དང་དགེ་ཚུལ་བཅས་ཀྱི་བསྡོམ་པ་ཞུས་ནས་མིང་བློ་བཟང་ཚེ་རིང་ཞེས་རྩལ། ཁོང་གི་སྐུ་མདུན་ནས་བྱང་ཆུབ་ལམ་རིང་དང་། གསང་བདེ་འཇིགས་གསུམ་གྱི་དབང་སོགས་ཆོས་སྐལ་མཐའ་ཡས་པ། ལོ་བཞི་ཙམ་རིང་བོད་ཡིག་ཀ་ཁ་ནས་བྱས་འབྲི་ཀློག་སོགས་དང་དགོན་པའི་ཆོས་སྤྱོད་གྱི་རིམ་པ་བློ་འཛིན་ཐོག་ཚོགས་དབུས་སུ་རྒྱུགས་སྤྲོད་དང་། མཚན་ཉིད་པའི་ཁོངས་སུ་མཚུད་ནས་༸གོང་ས་ལྔ་པ་ཆེན་པོའི་གསུང་ཕར་ཕྱིན་བློ་བཟང་དགོངས་རྒྱན་དང་། དབུ་མ་ཐེག་ཆེན་རྒྱ་མཚོར་འཇུག་པའི་གྲུ་གཟིངས། མཛོད་ཆོས་མངོན་རིན་ཆེན་འདྲེན་པའི་ཤིང་རྟ་བཅས་བློ་འཛིན་རྒྱུགས་འབུལ་ཞུས། དེ་གར་༸པཎ་ཆེན་ཆོས་ཀྱི་ཉི་མའི་མཚན་ཞབས་པ་དགའ་བྱང་དགེ་བཤེས་དམ་ཆོས་བསྟན་འཕེལ་ལགས་དང་། དགོན་པའི་དགེ་བཤེས་རྣམས་ཀྱི་མདུན་ནས་བསྡུས་གྲྭ་སོགས་ལ་སྦྱངས་བརྩོན་ལྷོད་མེད་གནང་། ཕྱི་ལོ་ ༡༩༤༠ ལོ་སྟེ་དགུང་ལོ་ཉེར་ལྔའི་སྐབས་དབུས་སུ་བྱོན་ནས་གདན་ས་ཆེན་པོ་སེར་བྱེས་གྲྭ་ཚང་གི་གཙང་པ་ཁང་ཚན་དུ་ཆོས་ཞུགས་གནང་སྟེ། དགའ་ལྡན་ཁྲི་ཆེན་གོ་བཞི་པ་ལྷུན་གྲུབ་བརྩོན་འགྲུས་དང་། མཁན་རིན་པོ་ཆེ་ལྷུན་གྲུབ་ཐབས་མཁས་སོགས་བསྟེན་ནས་གཞུང་ཆེན་ཕར་ཕྱིན། དབུ་མ་འདུལ་བ་རྣམ་ལ་སློབ་གཉེར་གནང་། སེར་བྱེས་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་དང་འཛིན་གྲྭ་གཅིག་པ་ཡིན་ལ་འཛིན་གྲྭ་དེ་ཡིས་སྐྱོར་དཔོན་ཡང་གནང་། སྤྱི་ལོ་ཆིག་སྟོང་དགུ་རྒྱ་ལྔ་བཅུ་ང་གྲངས་ནང་ལྷ་རྩེ་དགའ་ལྡན་འོག་མིན་གླི་དུ་མིང་བཏགས་གྲྭ་སྐོར་དམ་བཅའ་འཇོག་གནང་འཛད་དེ་ལྷ་ཆོས་སུ་རབ་འབྱམས་པའི་མཚན་རྟགས་བཞེས། དེ་ནས་སྔོན་བྱོན་སྟོན་པའི་རྣམ་ཐར་རྗེས་འཇུག་གདུལ་བྱའི་ཉམས་ལེན་བཞིན་ངམ་རིང་གྲྭ་སྐོར་ལ་ཕེབས་སྲོལ་ཡོད་པ་བཞིན། ངམ་རིང་ཆོས་སྡེར་གྲྭ་སྐོར་ལ་ཕེབས་ནས་གཞུང་ཆེན་བཀའ་པོད་ལྔ་ལ་དམ་བཅའ་ཉིན་འཁྱོངས་ཤིག་འཇོག་གནང་མཛད། གྲྭ་སྐོར་བཏང་ཟིན་པ་རྣམས་དགེ་བསྐོས་འོས་བབ་གནས་ཆུང་ཆོས་སྐྱོང་ཆེ་མོར་བརྟག་སྒྲིལ་བཞུས་ནས་རྗེ་བླ་མ་ཉིད་ལ་བབ། དགེ་བསྐོས་གནང་ནས་ཕྱི་ནང་གི་སྒྲིག་ལམ་ལྟ་རྟོག་བྱེད་རྒྱུ་སོགས་ནུས་པ་གང་ཡོད་གནང་། སྔ་རྗེས་སུ་༧གོང་ས་སྐྱབས་མགོན་རྒྱལ་བ་ཡབ་སྲས་རྣམ་གཉིས་དང་། དགའ་ལྡན་ཁྲི་ཆེན་གོ་བཞི་བ། རྒྱལ་བ་ཡབ་སྲས་ཀྱི་ཡོངས་འཛིན་སོགས་བླ་མ་མང་པོའི་སྐུ་མདུན་ནས་དབང་ལུང་མན་ངག་སོགས་ཆོས་སྐལ་མཐའ་ཡས་པ་བཞུས་ཡོད། སྤྱི་ལོ་ང་གྲངས་ནས་ཆོས་སྡེ་འདིར་དོན་གཉེར་ཅན་རྣམ་ལ་དཔེ་ཁྲིད་མང་པོ་གནང་ཡོད། དུས་འགྱུར་སྐབས་ངལ་ལས་སྣ་ཚོགས་གནང་དགོས་བྱུང་། ཆོས་དད་རང་མོས་ཟེར་བ་བྱུང་ནས་རྗེ་བླ་མཆོག་ནས་ཐུགས་འགན་བཀང་བཞེས་གནང་ནས་གོང་རིམས་ལ་ལྷ་ཆོས་དགོན་སྐྱར་གསོ་བྱས་མཆོག་པའི་སྙན་གསེང་ཡང་ཡང་དང་ལྷ་སྨོན་ནང་རྣམ་རྒྱུད་ནས་ཡང་མཆོག་ཅན་བཞུས་འབྲས། སྤྱི་ལོ་༡༩༨༥ ལོར་ལྷ་རྩེ་རྫོང་ནས་དགོན་པའི་འདུ་ཁང་སྒོ་ཕྱེ་དགོས་པའི་ཁྱབ་བསྒྲགས་བྱས། དེ་དུས་རྗེ་བླ་མ་མཆོག་ནས་ཐུགས་འགན་བཀང་བཞེས་ཐོག་དེ་སྔོན་གྱི་དགེ་འདུན་གང་ན་ལྷག་ཡོད་པ་རྣམ་ལ་འབྲེལ་བ་གནང་ནས་ལོ་ཕྱེད་ཀྱི་རིང་ལ་དགེ་འདུན་ཞལ་གྲངས་བཅོ་ལྔ་འཛོམ་ཐུབ་པ་བྱུང་ཡོད། ལོ་དེའི་སྤྱི་ཟླ་༤ ཚེས་ ༢༡ དང་། བོད་རབ་བྱུང་བཅུ་དྲུག་པའི་ཤིང་གླང་བོད་ཟླ་གསུམ་པའི་ཚེས་གཅིག་གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཉམས་གསོའི་སྟ་གོན་དང་འབྲེལ་བའི་ཨར་ཆོག་ཏུ། རྗེ་བླ་མ་དབུ་ཞུགས་ཐོག་དགེ་འདུན་སྐུ་བགྲེས་འགའ་ཞིག་གིས་བཀྲ་ཤིས་གསོ་སྦྱོང་གནང་། བོད་ཟླ་ ༣ ཚེས་ ༨ གཟའ་སྐར་དགེ་བའི་ཉིན་རྗེ་བླ་མ་དབུ་ཞུགས་ཀྱི་ལྷ་ཆོས་དགོན་གྱི་ཚོགས་དང་པོ་དེ་བཀའ་འགྱུར་ལྷ་ཁང་ནང་ཚོགས། བོད་ཟླ་ ༣ ཚེས་ ༡༥ ལ་རྗེ་བླ་མ་དབུ་ཞུགས་ཐོག་ལྷ་ཆོས་དགའ་ལྡན་འོག་མིན་གླིང་དུ་གསོ་སྦྱོང་དང་པོ་དབུ་ཚུགས་པའི་རྟེན་འབྲེལ་མཛད། ལོ་དེ་བོད་ཟླ་དྲུག་པའི་ཚེས་བཞི་ལ་རྗེ་བླ་མ་དབུ་ཞུགས་ཐོག་འདུ་ཁང་གི་ནང་ཚོགས་དང་པོ་དེ་ཚོགས་ཐུབ་པ་བྱུང་དེའི་སྐབས་བཙུན་ཆུང་ལྔ་བཅུག ལོ་དེ་བོད་ཟླ་བརྒྱད་པའི་ནང་༧ཀུན་གཟིགས་པཎ་ཆེན་བཅུ་བ་ཆེན་པོ་ལྷ་རྩེ་དང་ངམ་རིང་སོགས་ལ་ཆིབས་བསྒྱུར་དང་། ཚེས་བདུན་ཉིན་ལྷ་ཆོས་དགོན་པར་ཆིབས་བསྒྱུར་བསྐྱངས་ཤིང་། དགོན་པའི་རྒྱལ་སྒོའི་མཚམས་ནས་དགེ་འདུན་པ་རྣམས་ཀྱི་གསེར་སྦྲེང་དང་། རྗེ་བླ་མ་སོགས་དགེ་འདུན་སྐུ་བགྲེས་རྣམས་ཀྱི་སྤོས་སྣར་གདན་འདྲེན་ཞུས་ནས་འདུ་ཁང་གི་བཞུགས་ཁྲིར་ཞབས་སོར་འཁོད། རྗེ་བླ་མ་མཆོག་ནས་མཎྜལ་དང་མཇལ་དར་སོགས་ཕུལ་ནས་སྐུ་ཚེ་ཡུན་དུ་བསྟན་པའི་གསོལ་འདེབས་ཡང་ཡང་ཞུས། རྗེ་བླ་མ་མཆོག་གི་ཐུགས་ཁུར་འོག་དགོན་པའི་དགེ་འདུན་རྣམ་པས་མཚན་ཉིད་སླར་གསོ་དགོས་བའི་བཀའ་མོལ་ཡང་ཡང་གནང་འབྲས་ལོ་དེ་བོད་ཟླ་༩ ཚེས་ ༡༠ རེས་གཟའ་ལྷག་པ་འབྱུང་འཕྲོད་དགེ་བའི་ཉིན། མཚན་ཉིད་སློབ་གཉེར་འགོ་ཚུགས་རྟེན་འབྲེལ་གནང་བའི་ཞོགས་པ་རྗེ་བླ་མ་དབུ་ཞུགས་ཐོག་གསུང་རྒྱལ་གྱི་སྐུ་ཐང་གསར་བཞེངས་ལ་རབ་གནས་དང་། ཉིན་གུང་དམ་བཅའི་དགའ་སྟོན་ལ་རབ་འབྱམས་པ་རྣམ་རྒྱལ་ལགས་ཀྱིས་དམ་བཅའ། རྗེ་བླ་མ་མཆོག་དང་། སྐྱིད་གཞོན་དགེ་བཤེས་རྒྱལ་མཚན་ལགས། རབ་འབྱམས་པ་བསྟན་འཛིན་རྣམ་རྒྱལ་ལགས་བཅས་ཀྱིས་ཚོགས་བཞེངས་གནང་། སྐབས་དེ་དུས་རྗེ་བླ་མ་མཆོག་ཆོས་རའི་དགེ་བསྐོས་གནང་ནས་སློབ་གཉེར་བ་རྣམས་ལ་ལྟ་རྟོག་དང་ཆོས་རར་དུས་ཐོག་ལ་ཚོགས་ཐུབ་པ་བྱུང་ཡོད། སྐབས་དེ་དུས་ནས་བྱས་མྱ་ངན་ལས་མ་འདས་བར་འཛིན་གྲྭ་ཁག་སོ་སོར་དཔེ་ཁྲིད་རྒྱུན་མ་ཆད་པ་གནང་ཡོད། བོད་མེ་སྟག་ལོའི་བོད་ཟླ་ ༦ ཚེས་ ༤ ཆོས་འཁོར་དུས་ཆེན་ཉིན་ལྷ་ཆོས་འདུས་སྤྱི་ནས་བསྐུལ་མ་ཞུས་པ་བཞིན་མཁན་རིན་པོ་ཆེ་ཤེས་རབ་བསྟན་འཛིན་མཆོག་ནས་མཁན་པོ་དང་། རྗེ་བླ་མ་མཆོག་ནས་ལས་སློབ་མཛད་དེ་དགེ་འདུན་གྲངས་བཅུ་བཞི་ལ་དགེ་ཚུལ་གྱི་སྡོམ་པ་གནང་། བོད་ཟླ་ ༧ ཚེས་ ༨ ལ་མཁན་རིན་པོ་ཆེ་ཤེས་རབ་བསྟན་འཛིན་མཆོག་ནས་་མཁན་པོ་དང་། རྗེ་བླ་མཆོག་ནས་ལས་སློབ་མཛད་དེ་དགེ་འདུན་གྲངས་བདུན་ལ་དགེ་སློང་གི་སྡོམ་པ་གནང་། དེ་ལ་སོགས་པ་མཁན་རིན་པོ་ཆེ་ཤེས་རབ་བསྟན་འཛིན་མཆོག་དང་རྗེ་བླ་མ་མཆོག་ནས་ཡུལ་འདིར་མཁན་སློབ་གནང་ཏེ་དགེ་འདུན་ཞལ་གྲངས་བརྒྱ་ཕྲག་ལྷག་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་གནང་ཡོད་པས་ཡུལ་འདིར་ཡོངས་རྫོགས་བསྟན་པའི་མངའ་བདག་ཆེ་པོ་འགྱུར་ནས་རྒྱ་ཤཀྱཱ་གཞོན་ནུ་དང་སེ་ཡེ་ཤེས་བརྩོན་འགྲུས་གཉིས་སླར་བྱོན་ལྟར་བྱུང་ཡོད། དུས་རྒྱུན་དུ་རྗེ་བླ་མ་མཆོག་ནས་དགོན་པར་བསླབ་པ་སློབ་གཉེར་དང་དགོན་པའི་སྒྲིག་ཁྲིམས་ཕྱི་ནང་གི་ལས་དོན་སོགས་གང་ཅི་ནས་ཐུགས་འཁུར་ཆེན་པོ་གནང་གི་ཡོད། རྗེ་བླ་མ་ཉིད་ལ་དད་འབུལ་བྱུང་བའི་དངུལ་དངོས་རྣམ་དགོན་པར་མངས་ཇ་ཡང་ཡང་དང་སྐུ་གསུང་ཐུགས་རྟེན་སོགས་བཞེངས་ཡོད། ( ལྷ་རྩེ་ཆོས་སྡེའི་བྱུང་རབས་ནང་ ) སྦྱིན་བདག་ཆེ་བ་དགེ་བཤེས་བློ་བཟང་ཚེ་རིང་དམ་པ་མཆོག་ནས། སྨན་འཇིམ་ལས་གྲུབ་པའི་སྨན་བླ་བདེ་གཤེགས་བརྒྱད་ཀྱི་སྐུ་ཚད་མི་ཚད་ལྷག་ཙམ་ལ་གཟུངས་ཕུལ་སྤུས་ལེགས་གསར་བཞེངས་གནང་བ་དང་། ད་དུང་སྐུ་གསུང་ཐུགས་རྟེན་དང་མཆོད་ཆས་སོགས་ཇི་ཡོད་ཕུལ་གནང་མཛད། ཞེས་གསལ། སྨན་བླ་བདེ་གཤེགས་བརྒྱད་ཕུལ་བ་དང་བོད་ཟླ་༢ ཚེས་ ༢༠ ལ་སྨན་བླ་ཚོགས་མཆོད་ཞེས་ཉིན་ལ་སྨན་བླ་མདོ་ཆོག་རྒྱས་པ་ཚར་གསུམ་རེས་བྱས་ཉིན་གསུམ་ཚོགས་སྲོལ་ཡོད་པ་དེའི་ཆེད་འབྲུ་དངུལ་སོགས་སྤྱི་འཇོག་གནང་ཡོད། སྤྱི་ལོ་༡༩༨༩ ལོའི་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ལོར་ལྷ་ཆོས་དགའ་ལྡན་འོག་མིན་གླིང་གི་དུས་འགྱུར་རྗེས་ཀྱི་མཁན་ཁྲི་གཉིས་པ་མངའ་གསོལ་ཁྲི་འདོན་གནང་། དད་ལྡན་སྦྱིན་བདག་ཁག་ནས་ཚེ་དབང་གནང་དགོས་པའི་སྙན་བསེང་ཡང་ཡང་ཞུས་ངོར་ལྷ་ཆོས་དགོན་གྱི་མདོ་ལྕགས་ནང་དགོན་པའི་དགེ་འདུན་དང་སྐྱ་བོ་སྟོང་ཁྲག་མང་པོར་སྒྲོལ་དཀར་གྱི་ཚེ་དབང་སྩལ་གནང་མཛད། མཁན་པོས་མཛད་འཁུར་བཞེས་རིང་སླར་བཅོས་མི་འཛད་པ་ཟླ་བ་ཡར་ངོ་མར་ངོའི་གསོ་སྦྱོ་གི་མདོ་འདོན་བརྒྱུ་སོགས་མཁན་པོས་མཛད་འཁུར་བཞེས་མུར་སྤྱི་ལོ་ ༡༩༩༠ ལོའི་སྟོན་ཁར་རང་ཅག་རྣམས་ལ་བསོད་ནམ་གྱི་གོ་སྐལ་དུ་མ་གྱུར་བ་སྐྱབས་རྗེ་ཉིད་བོད་ལུགས་དགུང་གྲངས་དོན་དྲུག་ལ་ལྷ་ཆོས་དགའ་ལྡན་འོག་མིན་གླིང་དུ་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན་པའི་མཛད་རྣམ་མདོར་བསྡུས་སུ། དཔྱད་དེབ། ༡) གཙང་ལྗོངས་ལྷ་རྩེ་ཆོས་རྫོང་གི་བྱུང་རབས་ཐུབ་བསྟན་མཛེས་རྒྱན་དང་། ༢) དགེ་བཤེས་ལྷུན་གྲུབ་ཆོས་འཕེལ་ལགསབཀའ་་དྲི་ཞུས་ནས་གང་གསུང་བ་རྣམ་དང་། ༣) གུས་ལ་ཡང་གང་ཐོས་རྣམ་སྒྲོ་སྐུར་སྤང་དེ་བྲིས་ཡོད།
ངམ་རིམ་ཆོས་སྡེ་དེ་སྔ་མོ་སྐད་གྲགས་ཡོད་པ་འདྲ།