ཚེ་བརྟན་འགྱུར་མེད།
ལྷ་དཀར་སྒོར་གཞས་ལ་དམིགས་བསལ་འགྲེལ་བརྗོད་ཞུ་དགོས་མེད། ཕྱི་ལོ་ཉིས་སྟོང་ཉི་ཤུའི་ཡས་མས་ཤིག་ནང་རང་རེའི་ཕ་ཡུལ་བོད། ཕལ་ཆེར་ཁམས་ཁུལ་ནས་དར་བ་ཞིག་ཡིན་ཚོད། བོད་དབུས་ཕྱོགས་ལྷ་ས་སོགས་གམ་ཡང་ན། དེང་སང་རང་རའི་སྐྱབས་བཅོལ་སློབ་གྲྭ་ཁག་དང་ཚོགས་སྡེ་ཁག་ནང་གཞས་ཁྲབ་ལམ་ལྟར་མིན་ལ་ང་རང་གི་མྱོང་ཚོར་སྟོད་ཁུལ་གྱི་དམངས་གཞས་སམ་སྒོར་གཞས་ལྟར་གཞས་པ་རྣམས་སྒོར་སྒོར་གྱིས་ཁྲབ་པའི་སྒོར་གཞས་ཟེར་ཚོད། དམངས་གཞས་ནི་མི་དམངས་སམ་མང་བའི་ཁྲབ་གཏོང་གི་གཞས་ཞིག་ལ་ཞུ་བ་ལས་རིགས་གཅིག་གི་གཞས་ལ་ཁྱབ་པའི་རྣམ་རྟོགས་དེ་བོད་མིའི་ཁྲོད་དམ་བསམ་ཞིབ་ནང་མེད་པའི་ཞུ་སྤོབ་ཡོད། ནན་བརྗོད་དུ་སྒོར་སྒོར་ལམ་ལས་ཁ་ནས་གཞས་བཏང་། རྐང་ལག་དབུས་པའི་གཟུགས་ཀྱིས་ཁྲབ་བརྡར་བྱ་བར་འཇུག་པའི་སྒོར་གཞས་ཟེར་ཚོད།།
ང་རང་གི་མི་ལོ་དྲུག་ཅུ་ཙམ་གྱི་དུས་འདས་ནང་སྒོར་གཞས་ཁྲབ་སྲོལ་ལ་རྩོད་གླེང་གོ་མྱོང་མེད་ཀྱང་། ཕྱི་ལོ་ཉི་ཤུའི་ནང་བོད་ཁུལ་དྲྭ་ལམ་བརྒྱུད་ནས་དར་བའི་སྒོར་གཞས་ལ་སྐྱབས་བཅོལ་ནང་ཕྲན་བུའི་རིག་གཞུང་ལས་འདས་པའི་བསམ་ཚུལ་ཞུ་མཁན་ཡོད། དེ་ཡང་གཙོ་ཆེ་བ་ལག་པ་གནམ་ལ་དབྱུགས་འཆར་ཆེ་གནས་དང་། དེ་མཚུངས་བུད་མེད་ཚོས་གཟུགས་ཀྱི་རྐེད་པ་ནས་སྟོད་བར་མདུན་ལ་འགྲེང་ནས་བྲང་ནུར་གཉིས་དང་། དཔྱི་སྒོ་ནས་དཔུས་མོ་བར་ཕར་བཀུག་ནས་རྐུབ་བཟོ་རྡོག་ཏུ་བཏོན་པ་སོགས་རང་རེའི་མནའ་མོའི་ལམ་ལུགས་སྲོལ་ལས་རྒྱང་གནད་སོགས། ང་རང་གནས་ཡུལ་དུའང་སྒོར་གཞས་ཁྲབ་སྲོལ་ཐད་ཕན་ཚུན་མ་མཐུན་པའི་གླེང་མོལ་ཞིག་ཀྱང་དངོས་སུ་གོ་མཐོང་བྱུང་། ཕན་ཚུན་གཉིས་ཀའི་གནད་དོན་དེ་བོད་མིའི་རིག་གཞུང་དང་རན་མ་རན་གྱི་བསམ་ཚུལ་དེ་རེད། བོད་ཆས་གྱོན་ནས་བོད་མིའི་ཁྲབ་གཞུང་འདྲ་བའི་གཞས་ཁྲབ་ན་སྡུག་པ་ཅི་ཡོད། ཡིན་ཀྱང་གོང་དུ་འགྲེལ་བརྗོད་ཞུས་པའི་ལུས་ཀྱི་རྐྱང་གུག་འགྲེང་སོགས་ཀྱི་བྱ་གཞག་དག་རྒྱ་རྙིང་པའི་ཁྲབ་གཞས་ཤེན་ཡུན་ Shen Yun ཟེར་བའི་ཤན་ཞུགས་གནས། ང་རང་གིས་དྲྭ་ལམ་བརྒྱུད་མཐོང་གསལ་དུ་ཀོ་རི་ཡ་ Korea ཁུལ་དུའང་ཁྲབ་སྲོལ་དེ་མཚུངས་ཤིག་ཡོད་ཚོད་འདུག ཁམས་ཁུལ་འགས་ཁྲབ་སྲོལ་དེ་ཁམས་ཁུལ་གྱི་ལུགས་སྲོལ་ཡིན་གནས་མོད། འོན་ཀྱང་གསར་སྲོལ་དེ་མ་དར་གོང་གི་ཁམས་སྐྱིད་ཚོས་ཁྲབ་གཞས་ལ་ཞིབ་ན་ཕལ་ཆེར་དེ་འདྲ་རང་མི་མཐོང་། བོད་གཞུང་ཟློས་གར་བའི་ཁྲབ་པའི་ཁམས་གཞས་ཡང་དེ་འདྲ་རང་མེད། ཁོང་ཚོས་གཞས་སྦྱང་དུས་ཡུལ་ལུང་དེ་གའི་མི་གཞས་མཁས་ཁུངས་ལྡན་ཞིག་ནས་སྦྱང་བརྩོན་ལས་སྲོལ་བརྒྱུན་མི་ཉམས་གོང་འཕེལ་ལམ་ཞིག་བསྟེན་བཞིན་ལ་སོང་ཁམས་གཞས་ལ་དབུས་ཤན་དུ་ག་ནས་གྱུར་སྲིད།།
བོད་ཀྱི་ལམ་ལུགས་དང་འབྲེལ་བའི་གནས་དོན་གཞན་ཞིག་དཔེ་རུ་ཞུས་ན། དགེ་བཤེས་ལགས་ཞིག་བོད་ཁམས་ཁུལ་གཉེན་ཕྲད་དུ་ཕེབས་སྐབས་བུ་མོ་ཞིག་གི་མོ་ཕྱུར་སྔར་སྲོལ་ལམ་བོད་པའི་བུད་མེད་ཀྱི་ཕྱུ་བ་སྲོལ་དང་མི་འདྲ་བ་ཞིག་གཟིགས། ཁོང་ནས་འདི་བོད་ཀྱི་བུད་མེད་མོ་ཕྱུ་མ་རེད་ཅེས་གསུངས་སྐབས་ཁོ་མས་འདི་ང་ཚོའི་མོ་ཕྱུ་རེད་ཞུས་འདུག དགེ་བཤེས་ལགས་བོད་ཁྱིམ་དུ་འཁྲུངས་ནས་ཚར། བྱེས་རང་དབང་ཡུལ་དུ་བོད་མིའི་གོམས་གཤིས་སུ་འཚོ་བཞུགས་ལས་ཞེན་ནས་བཀའ་གནང་བ་ལོས་ཡིན། དེར་སོང་བོད་ནས་ཡིན་ཙམ་གྱི་ཁུངས་ལྡན་ག་ནས་ཡིན་དགོས། ལྷག་དོན་རྒྱ་དམར་པོའི་བཙན་དབང་སྲིད་བྱུས་འོག་ཏུ་དེ་ལས་ཟབ་ཆེ་བ་དགོས་རྒྱུ་ང་ཚོ་ཚང་མས་ངོས་མི་བཞེས་སམ།།
གང་ལྟར་ཡང་ཇི་སྲིད་དུ་ཕོ་མོའི་བོད་ཕྱུར་གྱི་སྐེད་ཟུར་དེ་མདུན་དུ་མ་རྒྱབ་པའམ་ཡང་ན་སྐེད་ཟུར་མེད་པའི་རས་གོས་དཀྲིག་པ་ལྟར་མིན་ན་དེ་སྲིད་དུ་བོད་ཕྱུར་དུ་རྩིས་ན་འཐུས་ཐབས་དང་། ཇི་སྲིད་དུ་སྒོར་གཞས་སྐབས་བོད་ཆས་གྱོན། འཁྲུལ་འཁོར་བོད་གཞས་དང་རོལ་ཆའི་མཉམ་སོ་སོས་ཁ་ནས་གཞས་གཏོང་ཤེས་ན་དེ་སྲིད་དུ་བོད་པའི་རིག་གཞུང་གི་སྒོར་གཞས་སུ་ངོས་བཞེས་ན་བོད་པའི་རིག་གཞུང་ལ་དོ་འཁུར་སྐྱོ་དུས་བསྐྱོར་རོགས་ལས་གནོད་ཅི་ཆེའམ། བྱུང་རང་བྱུང་ན་གོང་ཞུས་རིག་གཞུང་ལས་ཡ་གྱར་བའི་རིགས་ནས་ལག་པ་གནམ་དུ་གཡུག་རྒྱུ་དེ་ཕྲན་ཙམ་དམའ་རུ་གཏོང་ཐབས། ལྷག་དཀར་སྒོར་གཞས་ལ་ཚང་མས་བོད་ཆས་ཡིན་གཅིག་མིན་གཅིག་གྱོན་དགོས་རྒྱུ་། ཕྱུ་བ་མ་གྱོན་ན་སྡོམ་པ་རང་སྲུང་གིས་སྒོར་གཞས་ནང་འཛུལ་བཞུགས་མེད་པ་ལེགས། སྐབས་རེ་གཞས་པ་འགའི་སོ་སོའི་སྐྱེ་ཡུལ་སྐོར་སྐར་མ་རེ་གཉིས་ཙམ་མང་ཚོགས་སུ་སྒྲུང་ལྟ་བུར་ཤོད་ཐབས་བྱུང་ན་རིག་གཞུང་གཅེས་འཛིན་ཐད་ཟླ་བ་ཡར་ངོ་ལྟར་དགེ་བའི་སྐུ་ཚེ་རིང་དུ་གསོལ།། །།