་་་་རྨི་ལམ་ནང་གི་ཨ་རིའི་གདོད་མའི་མི་རིགས་ཀྱི་ཁྲག་རྒྱུད་ཅན་གྱི་མཁའ་འགྲོ་མ་ཞིག་གི་ལུས་དྲོད་རྗེས་དྲན།
ལྷ་དང་ལྷ་མོ། ཁྱོད་དང་ང་།
གང་ནས་བབས་པའི་མེ་ཏོག་གི་ཆར་བ་ཡིན།
གནམ་ནས་ལྷུང་བའི་སྐར་ཚོགས་ཀྱི་བྱེ་མ་ཡིན།
སྐྱེས་ཡུལ་མི་འདྲ་བ་བདེན་ཨང་།
རིག་གཞུང་མི་གཅིག་པ་ཡིན་ཨང་།
ཁྱེད་ཀྱི་སྐྲ་ལོ་ནག་པོ་ཞིག་ངའི་ཕྲག་གཞུང་དུ་འཕྱོ་དུས།
སྙིང་རྩ་ལུ་གུ་ལྡིང་ལྡིང་བྱེད།
ཁྲག་རྩ་ཇ་རྒོད་འཕྱུར་འཕྱུར་རེད།
ངེད་གཉིས། དག་ཞིང་ནས་བསླེབས་པའི་འགྲུལ་བཞུད་པ་ཆ་གཅིག་ཡིན་སྲིད།
ངེད་གཉིས། དམྱལ་བ་ནས་ཐར་བའི་བདེ་འགྲོ་བ་ཟུང་ཞིག་ཡིན་ཆོག
ལུས་དྲོད་དང་ལུས་དྲོད་འདྲེས་དུས།
ངོ་ཚ་དང་འཇིགས་སྐྲག་ཡོངས་སུ་བརྗེད།
མི་ཁ་དང་རྫུ་བག་ཡོངས་སུ་ཞིག
བདེ་བ་དང་བདེ་བ་འདྲེས་དུས།
བར་ཐག་དང་ལོ་ཚོད་ཡོངས་སུ་བརྗེད།
དུས་ཚོད་དང་སང་ཉིན་གོ་རིམ་འཆོལ།
ཚོར་བ་དྲག་པོས་སྐྲ་དང་བ་སྤུ་དག་ཀྱང་ཚེར་མ་བཞིན་གཟེངས་ཡོང་།
བདེ་བ་ཆེན་པོས་ཤ་དང་པགས་པའི་ངོས་ཀྱང་མེ་ལྕེ་བཞིན་ཚིག་ཡོང་།
ཁྱོད་སུ་ཡིན་ཡང་ཆོག ང་གང་ཡིན་ཡང་འགྲིག
འཁོར་བ་དང་དག་ཞིང་གི་བར་གླགས་ནས།
འདོད་ཆགས་དང་བདེ་ཚོར་གྱི་གས་སྲུབ་ནས།
ལུས་པོ་དང་ལུས་པོ་སྦྱར་ཏེ།
སེམས་པ་དང་སེམས་པ་འདྲེས་དུས།
ནམ་མཁའ་རལ་ཞིང་ས་གཞི་འདར་བྱུང་།
ཉི་འོད་དྲོ་ཞིང་རླུང་བུ་ལྡང་བྱུང་།
ལུ་ལུ་ལྡིང་ལྡིང་ཟེར་ན་ཅི་འདྲ་ཞིག་ལ་གོ་དགོས་རེད། ཨ་ལགས་མཆོག
ཇི་ལྟར་ཡིན་པ་ལ་ཡིན་པ་དང་། མ་ཡིན་པ་ལ་མ་ཡིན་པ་ཁས་ལེན་མི་ཐུབ་པའི་ལང་ཤོར་གྱི་བོད་མི་གྱོང་པོ་ཞིག་གིས་ཨ་རིའི་སྔོན་གྱི་རྒྱ་གར་དམར་པོའི་བུ་མོ་ཞིག་མཐོང་ནས་ཅི་བྱ་གཏོལ་མེད་དུ་སོང་བར་མཐོང་ངོ་།