གསལ་ལེ་རྒྱལ།
འདི་ནས་མི་ལོ་བརྒྱད་ཅུའི་ཡར་སྔོན་ཏེ།།
སྤྱི་ལོ་གཅིག་དགུ་སུམ་ཅུ་སོ་ལྔ་ལོར།།
ལྷ་ཡི་བུས་བ་ལྟ་ན་སྡུག་པ་ཞིག།
ལྷ་དང་ལྷ་མོ་ཀུན་ལ་གསང་སྟབས་ཀྱིས།།
ཐུགས་རྗེ་བརྩེ་ཆེན་འཇའ་ཡི་སྐས་འཛེག་ལས།།
བྱམས་སེམས་གོམ་པའི་འདེཊ་འཇོག་ས་ལ་བསྒྱུར།།
མགོན་མེད་ཁ་བ་རི་བའི་མགོན་དུ་ཕེབས།།
ལྷ་ལས་བབས་ཏེ་སྟག་འཚེར་ཡུལ་དུ་བཞུགས།།
མི་ཡི་མིག་ལ་ལྷ་མོ་དོན་གྲུབ་དང་།།
ལྷ་ཡི་སྤྱན་ལ་སྤྱན་རས་གཟིགས་སུ་གྲུབ།།
ལྷ་ཡི་བུས་བ་བོར་བའི་སྡུག་བསྔལ་གྱིས།།
ལྷ་ཡུལ་ཁམས་ལ་གདུང་བའི་མུན་པ་འཐིབས།།
འཚོལ་སྙེགས་རིང་མོའི་སྟ་གོན་འདི་ལྟར་མཛད།།
འཇམ་དཔལ་དབྱངས་ཀྱིས་རལ་གྲི་མཁའ་ལ་འཕྱར།།
གསང་བདག་དཔལ་གྱིས་རྡོ་རྗེ་ཕྱག་ལ་བཟུང་།།
ཞི་དྲག་ཟུང་དུ་འབྲེལ་བའི་ཐབས་ཇུས་བཀོལ།།
ཡེ་ཤེས་དབྱིངས་ཀྱི་དཔྱད་པ་སྔོན་དུ་བཏང་།།
དཔལ་ལྡན་ལྷ་མོའི་ཇུས་ཐིག་རྗེས་སུ་འཐེན།།
དབྱངས་ཅན་ལྷ་མོས་ལམ་ཡིག་ཟིན་བྲིས་བཏབ།།
བརྟག་ཐབས་དུ་མས་བསྟན་དོན་སྙིང་བོ་རུ།།
ཁ་བ་ཅན་ན་བཞུགས་པའི་རྟགས་མཚན་ཤར།།
ལྷ་དང་ལྷ་མོའི་ཐུགས་ལ་དོགས་པ་འཁྲུངས།།
ལྷ་ཡི་གཙུག་རྒྱན་འཕཊ་མཆོག་སྤྱན་རས་གཟིགས།།
དག་པའི་ཞིང་ནས་ལྷོད་ཀྱིས་མ་བཞུགས་པར།།
རྒྱ་བོད་སྟག་སེང་འཁྲུག་པའི་གཡུལ་ས་སྟེ།།
ཁ་བ་ཅན་ལ་ཕེབས་པར་ཡ་མཚར་སྐྱེས།།
ཡིན་ཡང་ཡ་གིའི་དག་པའི་ཞིང་ཁམས་ནས།།
རིག་གསུམ་མགོན་པོའི་རིག་གཅིག་མ་ཚང་པས།།
མི་ཕྱེད་བདེ་བ་བདེ་བའི་ཕྱེད་ཀར་གྱུར།།
མི་ཡི་རྒྱལ་ཁམས་མི་སྙེག་ཐབས་མེད་བྱུང་།།
ཤེས་རབ་འོད་ཀྱི་རྨུ་ཐག་ས་ལ་དཔྱངས།།
ཆད་མེད་མཐུ་སྟོབས་རྡོ་རྗེ་མདུད་པ་བརྒྱབས།།
དམར་བོ་རི་ཡི་སྟེང་ལ་དམིགས་པ་གཏད།།
གཅིག་གཉིས་གསུམ་ཞེས་ཚང་མ་མཉམ་དུ་མཆོང་།།
ལྷ་ཡི་ཞིང་ཁམས་སྟོང་པ་ཉིད་དུ་གྱུར།།
གྲུ་འཛིན་རི་བོ་འགུལ་ཙམ་འགུལ་ཙམ་བྱས།།
༧གོང་ས་སྐྱབས་མགོན་ཁྲི་ལས་ལྷོད་ཀྱིས་བཞེངས།།
རིགས་གསུམ་མགོན་པོས་ལྷན་མཛོམས་ཐོག་མ་མཛད།།
ལྷ་རྫས་ཁ་བཏགས་ལྷ་ཡི་མེ་ཏོག་སོགས།།
སྣ་ཚོགས་སྐྱེས་སུ་བཏགས་ནས་དགྱེས་སྟོན་མཛད།།
དབྱངས་ཅན་ལྷ་མོས་བདུད་རྩིའི་མཆོད་པ་གྱེར།།
དམག་ཟོར་རྒྱལ་མོས་བདེ་སྲུང་སོ་བ་མཛད།།
པོ་ཏ་ལ་རུ་ལྷ་ཡིས་གྲོས་མོལ་བསྡུས།།
༧ཡིད་བཞིན་ནོར་བུ་མེད་པའི་ལྷ་ཡུལ་ན།།
ལྷ་དང་ལྷ་མོར་བདེ་བ་མི་འདུག་པས།།
ཞབས་སོར་ལྷ་ཡི་ཁམས་སུ་སྒྱུར་རོགས་ཞེས།།
དད་པའི་པུས་བཙུགས་གསོད་བ་ཕུར་ཚུགས་བགྱིས།།
ཡིན་ཡང་བོད་པའི་བསོད་ནམས་མ་ཟད་ཅིང་།།
རྒྱལ་བའི་ཐུགས་རྗེ་ལྷུན་པོ་མ་གཡོ་བར།།
མི་ལོ་བརྒྱ་དང་བཅུ་གསུམ་མ་ཟིན་པར།།
མི་ཡི་སྐུ་གཟུགས་འཛིན་པ་མི་ལྷོད་ཅེས།།
མི་འབྲེལ་གཡར་དམ་མཛད་པ་མ་ལྷོད་ཅིང་།།
ལྷ་རྣམས་ཕྱོགས་སུ་གྱེས་པའང་མ་ཕོད་པས།།
འཇམ་དབྱངས་ཕྱག་རྡོར་དབྱངས་ཅན་ལྷ་མོ་སོགས།།
རྒྱལ་ཀུན་མ་ལུས་མི་ཡི་ཞིང་ཁམས་སུ།།
༧བསྟན་འཛིན་རྒྱ་མཚོའི་ཐུགས་ཀྱི་གུར་ལ་བཞུགས།།
ལྷ་མོ་དོན་འགྲུབ་བསྟན་འཛིན་རྒྱ་མཚོ་དང་།།
དམག་ཟོར་རྒྱལ་མོ་ལྷ་མོ་དབྱངས་ཅན་མ།།
འཕགས་མ་སྒྲོལ་མ་འཕགས་པ་སྤྱན་རས་གཟིགས།།
ཏ་ལའི་བླ་མ་རིག་གསུམ་མགོན་པོ་སོགས།།
སོ་སོར་དབྱེར་མེད་ངོ་བོ་གཅིག་ཏུ་གྲུབ།།
༡༦/༡༠/༢༠༢༠ ལ་ཕ་རེ་སི་ནས།
གསལ་ལེ་རྒྱལ་ནས་དཔེ་ཡག་པོ་བརྩམ་གནང་འདུག་པ་ཆེ་བསྟོད་ཞུ།
བཀྲིས་བདེ་ལེགས་ཡོད།
ད་ལྟའི་དུས་སུ་བོད་ཁམས་སྟོང་པར་ལྷག །
་
སྲོང་བཙན་སྒམ་པོ་ལྷ་མོ་དོན་གྲུབ་སྤྲུལ། །
བློན་ཆེན་མགར་བཙན་ཟམ་གདོང་སྤྲུལ་སྐུར་སྤྲུལ། །
ཁྲི་སྲོང་ཁྲི་རལ་ཀླུ་ཁང་བློ་སེང་དང་། །
སྤེན་ཚེ་འབྲོང་ཆུང་རྒྱ་རི་སོགས་ལ་སྤྲུལ ། །
་
ཐམས་ཅད་སྲིད་སྐྱོང་ལངས་དང་འོས་འཕེན་སྤྲུལ། །