རྫ་ཚེ་རིང་བཀྲ་ཤིས།
སངས་རྒྱས་ལ་ཕྱག་འཚལ་ལོ།
སང་ཉིན་ནི་བདག་ཅག་གི་སྟོན་པ་ཆོས་ཀྱི་རྗེ་ཉིད། མ་ཡུམ་གྱི་ཆེད་ལྷ་ཡུལ་ལ་ཕེབས་ཏེ་ཞག་དགུ་བཅུར་བཞུགས་མཐར་ཕྱིར་མི་ཡུལ་དུ་ཕེབས་པའི་དུས་ཆེན་རེད། འཛམ་བུ་གླིང་གི་ནང་པ་ཡོངས་ཀྱིས་ལྷ་བབས་དུས་ཆེན་ཞེས་རྩ་ཆེན་དུ་བརྩི། སངས་རྒྱས་ཀྱི་མཛད་ཆེན་དང་འབྲེལ་བའི་གནས་ཆེན་བརྒྱད་ཀྱི་ཡ་གྱལ་དུ་ཡང་ལྷ་ལས་བབས་པའི་གནས་ཞེས་ལོགས་སུ་བགྲངས། ལར་མཉན་ཡོད་ཀྱི་གྲོང་ཁྱེར་དང་ཉེ་བའི་ལྷ་བབས་ཀྱི་གནས་སུ་སྐབས་ཐོག་དེར་སློབ་མ་རྣམས་ཀྱིས་ལྷ་ལས་བབས་པ་ཞེས་བྱ་བའི་མཆོད་རྟེན་ཀྱང་བཞེངས་མྱོང་སྐད། དེས་ན་འདི་ནི་ཧ་ཅང་གལ་ཆེ་བའི་སངས་རྒྱས་ཀྱི་མཛད་པ་དང་འབྲེལ་བའི་དུས་ཆེན་ཞིག་ལགས། བོད་དུ་དུས་ཆེན་འདིར་དམིགས་བསལ་གྱི་བྱེད་སྒོ་ལྟ་བུ་རྒྱ་ཆེར་མེད་ན་ཡང་། བཤད་སྒྲུབ་འཆད་ཉན་གྱི་བགྱི་བ་གལ་ཆེན་གྱི་རིགས་མང་པོ་ཞིག་ཆེད་དམིགས་དུས་ཆེན་འདིར་དབུ་འཛུགས་ཞུ་བའི་ཕྱག་སྲོལ་ནི་སྔ་མོ་ནས་འདུག
དེས་ན་ང་ཚོས་མཛད་པ་འདི་དང་འབྲེལ་བའི་སྔོན་གྱི་བྱུང་བའི་རབས་ཅུང་ཟད་རེ་ཤེས་པ་ནི་ཤིན་ཏུ་གལ་ཆེ་བ་ཡིན། སངས་རྒྱས་ཀྱི་སྐུ་བརྙན་ལས་རང་གི་ལྷ་བླ་མའི་སྐུ་བརྙན་གལ་ཆེན་ལྟ་བུར་བྱེད་པ་དང་། སངས་རྒྱས་ཀྱི་དུས་སྟོན་ཁག་ལས་སྒེར་གྱི་བླ་མ་དག་གི་དུས་ཆེན་ཁག་གལ་ཆེན་དུ་བྱེད་པ་ལྟ་བུའི་ཞན་ཆ་ཞིག་བོད་པ་དག་ལ་ཡོད་སྣང་ཞིང་། རྒྱུ་རྐྱེན་འདི་དག་གིས་མི་ཚོས་བོད་པའི་ཆོས་ནི་བླ་མའི་ཆོས་རེད་ཅེས་ནང་པ་ལས་ལོགས་སུ་བརྒལ་རྒྱུའི་བསམ་སྦྱོར་རྩོམ་སའི་རྐྱེན་དུ་ཡང་གྱུར། དེའི་ཕྱིར། འདིའི་རིགས་ལ་བསྟན་པ་སྤྱི་བཙན་གྱི་དབང་དུ་བྱས་པའི་ཐུགས་བསམ་དང་དོ་སྣང་གསར་པ་རེ་ངེས་པར་བཞེས་དགོས་ངེས་སུ་མཐོང་ནས། ངས་ཀྱང་དོ་ནུབ་ཆོས་ཀྱི་གྲོགས་པོ་དག་ལ་དྲན་སྐུལ་ཙམ་གྱི་ཆེད་ལྷ་བབས་དུས་ཆེན་དང་འབྲེལ་བའི་ཡི་གེ་འདི་འབྲི་འདོད་སྐྱེས་པ་ཡིན།
ལར་ཡུམ་གྱི་ཆེད་དུ་ལྷ་ཡུལ་དུ་གཤེགས་པ་འདི་འདུལ་བ་ལུང་ལས་ཀྱང་བྱུང་ལ། དགེ་བའི་དབང་པོའི་སྐྱེས་རབས་དཔག་བསམ་འཁྲི་ཤིང་ལས་ཀྱང་བྱུང་མོད། སངས་རྒྱས་ཀྱི་རྣམ་ཐར་རྒྱས་ཤོས་འཆད་པའི་མདོ་རྒྱ་ཆེར་རོལ་པ་ལས་ནི་དམིགས་ཀྱིས་མ་གསུངས། ལར་རྒྱ་ཆེར་རོལ་པར་ལེའུ་ཉེར་བདུན་དང་བམ་པོ་བཅོ་བརྒྱད་བཞུགས་ན་ཡང་སངས་རྒྱས་ཕྱིན་གྱི་མཛད་པའི་སྐོར་ལ་ལེའུ་གཉིས་ཙམ་ལས་མེད་པར་གཙོ་བོ་བྱང་ཆུབ་སེམས་དཔའི་སྐོར་གྱི་མཛད་པ་འཆད་པ་ཡིན།
འོ་ན་འདིའི་སྐོར་རྒྱས་པར་འཆད་པའི་མདོ་དངོས་དེ་གང་ཡིན་ཟེར་ན། དེ་ནི་སྡེ་དགེ་བཀའ་འགྱུར་རིན་པོ་ཆེའི་མདོ་མང་ཨཿཔ་སྟེ། མདོ་མང་ལ་སྤྱིའི་པོད་གྲངས་སོ་གཉིས་ཡོད་པའི་ཐ་མ་ཨཿརྣམ་བཅད་ཅན་གྱི་ཁོངས་སུ་བཞུགས་པའི་རྒྱ་ནག་ལས་འགྱུར་བའི་མདོ་སྡེ། ཐབས་ལ་མཁས་པ་སངས་རྒྱས་ཀྱི་དྲིན་ལན་བསབ་པའི་མདོ་ཞེས་པ་བམ་པོ་ཕྱེད་བརྒྱད་ལེའུ་དགུའི་བདག་ཉིད་ཅན་དེ་ཡིན།
དེ་ཡང་། སྐབས་ཐོག་དེར་མདོ་ཐོག་མར་གསུངས་ས་ནི། ཆོས་ཀྱི་རྗེ་ཉིད་ཟག་པ་ལས་སེམས་རྣམ་པར་གྲོལ་པའི་དགེ་སློང་ཉིས་ཁྲི་བརྒྱད་སྟོང་དང་བྱང་ཆུབ་སེམས་དཔའ་དེ་ལས་མང་པ་དང་བཅས་བྱ་རྒོད་སྤུངས་པའི་རི་ལ་བཞུགས་པའི་སྐབས་ཤིག་ཡིན་ཞིང་། སྐབས་དེར། སྔ་དྲོ་ཞིག་ལ་སངས་རྒྱས་རྒྱལ་པོའི་ཁབ་ཏུ་བསོད་སྙོམས་ལ་ཕེབས་སྐབས། བྲམ་ཟེ་རང་གི་ཁྱིམ་སོ་ཞིག་ནས་ཅི་ཡང་མི་བདོག་ན་ཡང་། མ་རྒན་ཁུར་དུ་ཁྱེར་ཏེ། མཐར་གྱིས་བསླངས་པའི་ཟས་དང་ཤིང་ཏོག་བཟང་པོ་རྙེད་ན་ཕ་མ་ལ་སྟོབས་ཤིང་། ངན་པ་རོ་མེད་པ་དང་ཤིང་ཏོག་སྐམ་པོ་རྙེད་ན་རང་གིས་ཟ་བ་ཞིག་ཀུན་དགའ་བོས་གཟིགས་ཤིང་ཐུགས་འགུལ་ཆེན་པོ་ཐེབས་པ་དང་། དེ་དང་ཆབས་ཅིག སྐར་མ་དང་རྩིས་ལ་མཁས་པ། དགེ་སྡིག་གི་ལྟས་རྣོ་བ། མོ་དང་རྩིས་ལ་མཁས་པའི་མི་ཕལ་བ་མང་པོའི་སློབ་དཔོན་དུ་གྱུར་པ་ཞིག་གིས་བཅོམ་ལྡན་འདས་ལ། གཽ་ཏ་མ་ནི་སྐྱེས་ནས་ཞག་བདུན་ན་མ་ཡང་ཤི་བས་སྡིག་པ་ཅན་ཡིན་པ་དང་། ཡབ་ཀྱིས་མ་གནང་བཞིན་རྒྱལ་པོའི་ཕོ་བྲང་ལས་བྲོས་པས་དྲིན་མི་ཤེས་པ་ཡིན་ཞེས་ཁྱབ་བསྒྲགས་བྱེད་པ་ཀུན་དགའ་བོས་གསན་པས་ཅུང་ཟད་ཞལ་སྐྱེངས་པོ་བྱུང་སྟེ། སྟོན་པ་ལ་ཞུས་པའི་ཉེར་ལེན་གྱིས་སངས་རྒྱས་ཀྱིས་ཁོང་ཉིད་ཀྱིས་སྐྱེ་བ་ནས་སྐྱེ་བའི་བར་དུ་བྱས་པ་དྲིན་དུ་བཟོ་བའི་བྱང་སེམས་ཀྱི་མཛད་པ་དག་རྒྱས་པར་བསྟན་ནས་ཀུན་དགའ་བོའི་ཐེ་ཚོམ་བསལ་གནང་མཛད་པ་ཞིག་རེད།
དེས་ན་ལེའུ་དང་པོ་ནི་གླེང་གཞིའི་ལེའུ་ཡིན། ལེའུ་གཉིས་པ་ནི་སྲི་ཞུའི་ལེའུ་སྟེ། རྒྱལ་བུ་དགེ་དོན་གྱིས་རང་གི་སྲོག་བཏང་ནས་ཡབ་ཡུམ་གྱི་སྲོག་བླུས་པའི་ཚུལ་སོགས་སྒོ་སྣ་ཚོགས་ནས་དྲིན་ལན་བསབ་པའི་ཚུལ་བསྟན། དེ་བཞིན། གསུམ་པ་གཉེན་པོའི་ལེའུ། བཞི་པ་སེམས་བསྐྱེད་པའི་ལེའུ་གཉིས་ཀྱིས་ཀྱང་རྣམ་གྲངས་ཐ་དད་པས་དྲིན་ལན་བསབ་པའི་སྐོར་གསུངས། ཁྱད་པར་དུ། ལེའུ་ལྔ་པ་བསྟན་བཅོས་ཀྱི་ལེའུས་དམིགས་བསལ་ལྷ་ལས་བབས་པའི་སྐོར་དང་འབྲེལ་བའི་སྒོ་ནས་ཡུམ་ལྷ་མཛེས་མ་དང་སངས་རྒྱས་ཉིད་མ་བུར་གྱུར་པའི་རྒྱུ་རྐྱེན་སོགས་རྒྱས་བཤད་གནང་།
དེ་ཡང་མདོ་དེ་ལས། དེའི་ཚེ་དེ་བཞིན་གཤེགས་པ་ཡུམ་ལྷ་མཛེས་དང་ལྷ་རྣམས་ཀྱི་དོན་དུ་ཞག་དགུ་བཅུའི་བར་དུ་ལྷ་རྣམས་ལ་ཆོས་སྟོན་དུ་གཤེགས་ཏེ། འཛམ་བུ་གླིང་གི་མི་རྣམས་ཀྱིས་ཞག་དགུ་བཅུའི་བར་དུ། དེ་བཞིན་གཤེགས་པ་ག་ལ་བཞུགས་པ་མ་རྟོགས་སོ། །ཞེས་སོགས་གསུངས།
ད་དུང་རྫུ་འཕྲུལ་ཅན་གྱི་མཆོག་སློབ་མ་མཽད་གལ་གྱི་བུ་ཆེན་པོ་དང་། ལྷའི་མིག་རྣམ་པར་དག་པ་འཕགས་པ་ཉེ་བར་སྐྱོང་ལྟ་བུས་ཀྱང་དང་ཐོག་སངས་རྒྱས་གང་ན་བཞུགས་པ་མ་རྟོགས་པར་སེམས་ཁྲལ་ཆེན་པོ་གནང་བ་དང་། རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་དྲན་དྲགས་ནས་ཙན་དན་ལས་སངས་རྒྱས་དངོས་ལྟ་བུའི་སྐུ་འདྲ་ཞིག་བཞེངས་པ་སོགས་ཀྱང་འཁོད། མཐར་སངས་རྒྱས་ཕྱིར་མི་ཡུལ་དུ་ཕེབས་རྒྱུར་ཞག་བདུན་ལས་མེད་པའི་སྐབས་འཕགས་པ་ཉེར་སྐྱོང་གིས་རྒྱལ་པོ་ཨི་ཏྲ་ཡ་ནར་སངས་རྒྱས་ཕེབས་གྲབས་ཡོད་པའི་གནས་ཚུལ་སྙན་སྒྲོན་ཞུས། སྐབས་དེར་རྒྱལ་པོས་ཕེབས་བསུའི་གྲ་སྒྲིག་ཧ་ཅང་རྒྱ་ཆེན་བྱས་པར་མུ་སྟེགས་སྟོན་པ་དྲུག་གིས་རྒྱལ་པོ་ལ། ཁྱོད་ཀྱིས་རྒྱལ་བུ་དང་བློན་པོ། ཁྱིམ་བདག་ལྟ་བུ་ཞིག་མགྲོན་འབོད་བྱ་རྩིས་ཡིན་ནམ་སོགས་དྲིས་པར། རྒྱལ་པོས། སངས་རྒྱས་ཀྱིས་ཡུམ་ལ་ཞག་དགུ་བཅུའི་བར་དུ་ཆོས་བཤད་དེ། ད་སྟེ་ཞག་བདུན་ན་འཛམ་བུ་གླིང་དུ་གཤེགས་སོ། ཞེས་ལན་བཏབ། ཡང་ཁོང་ཚོས་སངས་རྒྱས་ཟེར་བ་དེ་སུ་ཞིག་རེད་ཅེས་དྲིས་པར། རྒྱལ་པོས། རྣམ་པ་ཐམས་ཅད་མཁྱེན་པ་ནི་སངས་རྒྱས་རེད་ཅེས་ལན་བཏབ། ཡང་ཁོང་ཚོས་རྣམ་མཁྱེན་ཟེར་བ་དེ་ཅི་ཞིག་རེད་ཅེས་དྲིས་པར། རྒྱལ་པོས། རྣམ་པ་ཐམས་ཅད་མཁྱེན་པ་ནི། བྱམས་པ་དང། སྙིང་རྗེ་ཆེན་པོའི་ཡབ་པོ། ཞེས་སོགས་ཀྱི་ལན་བཏབ།
དེ་ནས་བཅོམ་ལྡན་འདས་དངོས་སུ་མི་ཡུལ་དུ་ཕེབས་ནས་རིན་པོ་ཆེའི་མཆོད་རྟེན་ཞིག་ས་ལས་ཁྲོམ་གཏེར་དུ་བཞེས་གནང་ཞིང་། དེའི་རྒྱུ་མཚན་དང་བྱུང་བ་ལ་ཚང་མས་དོ་སྣང་ཆེན་པོ་བྱས་པའི་སྐབས་དེར། བྱང་ཆུབ་སེམས་དཔའ་བྱམས་པས་དྲིས་པ་ལྟར། སངས་རྒྱས་རྣམ་པར་གཟིགས་ཀྱི་བསྟན་པ་ལ་བཱ་རཱ་ཎ་སཱིའི་རྒྱལ་པོའི་སྲས་རྒྱལ་བུ་བཟོད་པ་ཞེས་པར་ཁོང་ཉིད་སྐྱེས་པ་དང་། ཁོང་གིས་རང་ཉིད་ཀྱི་ཡབ་ཡུམ་གྱི་ཆེད་དུ་སྲོག་བློས་བཏང་བའི་བྱུང་བ་ཞིག་ལས་བརྩམས་ཏེ། འདི་སྐད་དུ། དེའི་ཚེ་དེའི་དུས་ན་རྒྱལ་བུ་བཟོད་པ་དེ་ནི་ད་ལྟར་ང་ཡིན་ཏེ། བྱང་ཆུབ་སེམས་དཔའ་ནི་བསྐལ་པ་ཚད་མེད་གྲངས་མེད་པའི་བར་དུ་ཕ་མ་ལ་སྲི་ཞུ་བྱ་བའི་ཕྱིར་གོས་དང་། ཟས་དང་། བཏུང་བ་དང་། གནས་དང་། མལ་ཆ་དང་། ལུས་ཀྱི་ཤ་དང་། ཁྲག་དང་། རྐང་གི་བར་དུ་སྦྱིན་པར་བྱེད་དེ། དེའི་རྒྱུ་དེའི་རྐྱེན་གྱིས་མངོན་པར་སངས་རྒྱས་པའི་བར་དུའོ། །ད་ལྟར་རིན་པོ་ཆེའི་མཆོད་རྟེན་ས་ལས་བྱུང་བ་འདི་ནི་ངས་སྔོན་ཕ་མའི་ཕྱིར་ལུས་ཀྱི་རྐང་དང་སྲོག་གི་བར་དུ་ཕུལ་ཏེ་འདི་ཉིད་དུ་མཆོད་རྟེན་བརྩིགས་ཏེ་མཆོད་པ་བྱས་པས་ད་མངོན་པར་སངས་རྒྱས་ན་ཡང་མངོན་པར་བྱུང་ནས་སྣང་བར་གྱུར་པ་ཡིན་ནོ། །ཞེས་སོགས་གསུངས་ཤིང་། མཇུག་ཐོགས་དེར། དེ་བས་ན་དེ་བཞིན་གཤེགས་པ་ནི་ཡང་དག་པར་ཕ་མ་ལ་སྲི་ཞུ་བྱེད་པའོ། །ཞེས་གསུངས།
དེ་རྗེས་དྲི་ཟའི་བུ་ཆོས་ཀྱི་ཕྲེང་པ་དང་ཀུན་དགའ་བོ་སོགས་ཀྱིས་ལྷ་མཛེས་སངས་རྒྱས་ཀྱི་མ་ཡུམ་དུ་གྱུར་པའི་རྒྱུ་མཚན་སོགས་དང་འབྲེལ་བའི་དྲི་བ་དྲིས་པར་བཅོམ་ལྡན་འདས་ཀྱིས་བཀའ་ལན་རྒྱས་པར་གནང་། ཀུན་དགའ་བོ་ལ་བཀའ་ལན་གནང་སྐབས་ངག་གི་ཉེས་པ་དང་འབྲེལ་བའི་བཀའ་སློབ་གལ་ཆེན།
མེ་འབར་བས་ནི་འཇིག་རྟེན་གྱི་ནོར་ཙམ་འཚིག་གོ། ངག་མི་དགེ་བའི་མེ་འབར་བས་ནི་འཕགས་པའི་ནོར་བདུན་ཚིག་པར་འགྱུར་རོ། དེ་བས་ན་ཀུན་དགའ་བོ། སེམས་ཅན་ཐམས་ཅད་ཀྱི་ཉེས་པ་ནི་ཁ་ནས་བྱུང་སྟེ། ཁ་དང་ལྕེ་ནི་ལུས་གཅོད་པའི་མཚོན་ཞེས་བྱའོ། །ཞེས་པ་འདི་གསུངས།
དྲུག་པ་ངན་དོན་གྱི་ལེའུ་ལས། ལྷས་བྱིན་གྱི་སྔོན་གྱི་རབས་དང་། སངས་རྒྱས་ཉིད་རྒྱལ་བུ་ངན་དོན་ཞེས་པར་གྱུར་པའི་སྐབས་ཀྱི་སྐོར་མང་ཙམ་གསུངས་པའི་ནང་དུ་འདི་འདྲ་ཞིག་ཀྱང་འབྱུང་སྟེ། འདི་སྐད་དུ།
དེ་ནས་ཡང་སོང་སོང་བ་ལས། མི་མང་པོ་དག་བ་ལང་དང་རྔ་མོ་དང་། རྟ་དང་། ཕག་དང་། ལུག་གསོད་ཅིང་པགས་པ་བཤུ་བ་དག་མཐོང་ནས་འདི་དག་ཅི་བྱེད་ཅེས་དྲིས་སོ། །སྨྲས་པ། འདི་དག་ནི་གསོད་པའི་ལས་བྱེད་དེ། ཤ་འཚོང་ཞིང་བགོ་བ་དང་བཟའ་བའི་ཁེ་སྤོགས་བྱེད་དོ། དེས་སྲོག་འཚོ་བར་བྱེད་དོ། །རྒྱལ་བུས་དེ་སྐད་ཅེས་ཐོས་ནས། བ་སྤུ་དང་ལུས་ཀྱི་ཤ་ཀུན་འགུལ་ཏེ། ཀྱི་ཧུད་ཀྱི་ཧུད་གསོད་པ་ལ་སྙིང་མི་བཟོད་དོ། །གཅིག་གིས་གཅིག་གི་ཉིང་ཤ་ཟ་ཞིང་བསྐལ་པ་བགྲང་ཡས་པའི་བར་དུ་གཅིག་ལ་གཅིག་གསོད་པའི་ལས་བྱེད་དོ། །ཞེས་པ་འདི་གསུངས།
བདུན་པ་སྙིང་རྗེའི་ལེའུ་ལས། དམིགས་བསལ་བུད་མེད་རྣམས་ཀྱིས་ཀུན་དགའ་བོ་ལ་གསོལ་བ་འདེབས་དགོས་པར་གདམས་ཤིང་། སྒྲུབ་པའི་ཐབས་དང་དུས་ཚེས་ཕན་ཡོན་དང་བཅས་པ་ཞིག་ཀྱང་གསུངས་ཏེ། དེ་ཡང་འདི་སྐད་དུ། མ་འོངས་པའི་དུས་ན་དགེ་སློང་མ་དང་། དགེ་བསྙེན་མ་དང་། བུད་མེད་རྣམས་རྟག་པར་སེམས་རྩེ་གཅིག་ཏུ་ཀུན་དགའ་བོ་ལ་སོམས་ཤིག བཀུར་སྟི་དང་རིམ་གྲོ་ཆེར་བྱས་ཏེ་མིང་ནས་ཡང་བརྗོད་ལ་རྒྱུན་དུ་དྲིན་དྲན་པར་བྱའོ།། ཞེས་དང་། བུད་མེད་གང་ཞིག་རྟག་ཏུ་བདེ་ཞིང་སྐྱིད་པ་དང་། བཀྲ་ཤིས་པ་དང་། འབྲས་བུ་ཐོབ་པར་འདོད་ན་རྟག་ཏུ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱདདང་། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་གོས་སར་པ་གཙང་མ་བགོས་ཏེ། སེམས་རྩེ་གཅིག་ཏུ་ཉིན་ཞག་གཅིག་ཁྲིམས་བརྒྱད་མནོས་ལ་དུས་དྲུག་ཏུ་བརྩོན་འགྲུས་བསྐྱེད་དེ་མཆོད་པ་བྱས་ན་ཀུན་དགའ་བོས་རྫུ་འཕྲུལ་གྱི་མཐུས་སྐྱོབ་ཅིང་བསམས་པ་བཞིན་དུ་འགྲུབ་པར་བྱེད་དོ། །ཞེས་གསུངས། སྐབས་འདིར། མདོ་ལས་འདི་ལྟར་ཞལ་གསལ་པོས་བུད་མེད་དག་གིས་ཀུན་དགའ་བོ་ལ་གསོལ་བ་འདེབས་པ་སོགས་ཀྱི་སྐོར་དམིགས་བསལ་ནན་ཏན་འདི་ཙམ་དུ་བྱས་ནས་གསུངས་ཀྱང་། རྒྱ་ནག་དང་བོད་ཀྱི་ནང་བསྟན་གྱི་གོམས་གཤིས་དང་ཉམས་ལེན་ཁྲོད་སྔོན་ནས་ད་བར་མདོ་ཚིག་འདིའི་བསྟན་དོན་དང་འབྲེལ་བའི་ཤུགས་རྐྱེན་ཞིག་མཐོང་དུ་མེད་པ་འདི་གང་ཡིན་ནམ་སྙམ་པ་ཞིག་བྱུང་།
བརྒྱད་པ་མ་འགགས་པའི་ལེའུ་ལས་ནི། སྔར་གླེང་གཞིའི་ལེའུར། མུ་སྟེགས་སྟོན་པ་དྲུག་གིས་སངས་རྒྱས་ནི་རླུང་གིས་ལོ་མ་རྙིང་པ་ཕྱོགས་གཅིག་ཏུ་བསྡུས་པ་བཞིན་རིགས་བཟང་ངན་ཚང་མ་འཁོར་དུ་བསྡུས་ཡོད་པས་མཆོད་འོས་མིན་ཞེས་སྐྱོན་བརྗོད་བྱས་དང་འབྲེལ་ཡོད་ཀྱི་ཐོག་ནས་ཀུན་དགའ་བོས་བྲི་རྨེད་བྱས་པ་ལྟར་རིགས་ངན་རབ་ཏུ་བྱུང་བའི་རྒྱུ་མཚན་དང་རིགས་ཀྱི་དབྱེ་འབྱེད་མི་རུང་བའི་བཀའ་སློབ་ཧ་ཅང་ནན་མོ་ཞིག་ཕེབས་གནང་བ་དཔེར་ན། ཀུན་དགའ་བོས། མ་འགགས་པ་ལྟ་བུའི་རིགས་ངན་ཅིའི་ཕྱིར་རབ་ཏུ་བྱུང་ཞེས་དྲིས་པར། སངས་རྒྱས་ཀྱིས། ཁྱེད་རྣམས་ཀྱིས་དེ་བཞིན་གཤེགས་པ་ནི་ཉོན་མོངས་པ་དང་བཅས་པའོ། །མི་རྟག་པའོ། འགྱུར་ཞིང་འཕོ་བའོ་ཞེས་ཀྱང་སླའི། །དགེ་སློང་མ་འགགས་པ་མ་རབས་རིགས་ངན་ལས་རབ་ཏུ་བྱུང་བ་ཡིན་ནོ་ཞེས་བྱ་བར་མི་རུང་ངོ་། །ཞེས་སོགས་གསུངས་ནས་ཀུན་དགའ་བོ་ལ་ཆེད་དུ་མི་མང་གི་སྔུན་སོ་རང་ནས་མ་འགགས་པར་ཕྱག་འཚལ་དུ་བཅུག
མཇུག་ཏུ་མ་འགགས་པའི་དྲི་བ་མང་པོ་ཞིག་ལ་བཀའ་ལན་གནང་བའི་ཁྲོད་ནས་གཅིག་ནི། མ་འགགས་པས། འཁོར་བདུན་མ་གཏོགས་པར་སོ་སོར་ཐར་པའི་ཚུལ་ཁྲིམས་མཆིས་སམ། ཞེས་དྲིས་པར། ཡོད་དེ་ཡན་ལག་བརྒྱད་ཀྱི་ཁྲིམས་ཉིད་ཡིན་ནོ། །ཞེས་པ་འདི་ཡིན།
དགུ་པ་ཉེ་བར་བསྙེན་པའི་ལེའུ་ནི་ལེའུ་ཐ་མ་སྟེ། འདི་ལས། ཆོས་འཆད་ཉན་བགྱི་བའི་ཚུལ་དང་དེའི་ཕན་ཡོན་གྱི་སྐོར་སོགས་རྒྱས་པར་བཤད་ཅིང་། མཇུག་ཏུ། བྱང་ཆུབ་སེམས་དཔའ་ཉི་འོད་དང་། ཟླ་འོད། བློ་གྲོས་མི་ཟད་པ་སོགས་ཀྱིས་ཆོས་འཛིན་གྱི་དམ་བཅའ་ཕུལ་ནས་མདོ་འདི་ཡོངས་སུ་མཇུག་བསྡུས་གནང་མཛད་ཡོད།
རྩོམ་ཡིག་འདི་ཕྲན་གྱིས་ལྷ་བབས་དུས་ཆེན་སྔ་ནུབ་ཀྱི་མཚན་མོ་འདིའི་མཚན་ཕྱེད་ཆུ་ཚོད་བཅུ་གཉིས་ཀྱི་རྗེས་ནས་མགོ་བཙུགས་ཏེ་བྲིས་ཤིང་། ནམ་གྱི་སྨད་ཆར་མཇུག་བསྡུས་པ་ཞིག་ཡིན། ཡི་གེ་མང་བས་འཇིགས་སྟེ་ཞིབ་ཏུ་ནི་མ་བྲིས་མོད། ༸སྐྱབས་མགོན་ཐམས་ཅད་མཁྱེན་པས་གསུངས་པ་ལྟར་བཀའ་བསྟན་གཉིས་ལ་སློབ་དེབ་དང་ཀློག་དེབ་ཀྱི་འདུ་ཤེས་འཛིན་རྒྱུ་ནི་ཧ་ཅང་གལ་ཆེན་ཡིན་པར་རྟོགས་ཤིང་། རྫ་དཔལ་སྤྲུལ་རིན་པོ་ཆེའི་ཐེག་ཆེན་མདོ་སྡེ་མཐོང་བའི་ཕན་ཡོན་ལ་ཡང་ངེས་ཤེས་བླ་ལྷག་ཏུ་སྐྱེས། གོང་དུ་གང་བཤད་པའི་མདོ་དྲིན་ལན་བསབ་པའི་དོན་དག་ཀྱང་། རྩིས་འཕྲུལ་རང་ནས་གློག་རྡུལ་བཀའ་འགྱུར་གྱི་དཔེ་ཐད་ཀར་སྒོ་ཕྱེས་ནས་བམ་ཀློག་བྱེད་ཀྱིན་ཤར་མར་གང་ཟིན་ཙམ་བསྡུས་ཏེ་བྲིས་པ་ལས་ཞིབ་ཚགས་པོའི་བསྡུས་དོན་ལྟ་བུ་ནི་མིན། འོན་ཀྱང་། ང་ཚོས་འདི་ལྟར་ལོ་རྒྱུས་དང་བྱུང་བའི་ངོས། ལྟ་གྲུབ་དང་ཉམས་ལེན་གྱི་ངོས་སོགས་རྣམ་པ་ཐ་དད་པའི་སྒོ་ནས་སངས་རྒྱས་ཉིད་རྗེས་སུ་དྲན་པ་ལ་བརྩོན་པར་བྱ་བ་ནི་ཤིན་ཏུ་གལ་ཆེ་བས་དེ་ལྟར་ཀུན་སློང་བཟང་པོས་བྲིས་པ་ཙམ་ལགས་ན། དགེ་བས་འགྲོ་བ་ཐམས་ཅད་མཆོག་གསུམ་གྱི་སྣང་བ་དང་མི་འབྲལ་བའི་རྒྱུར་གྱུར་ཅིག
སྤྱི་ལོ་༢༠༡༢ཟླ་༡༡ ཚེས་༠༦ རྫ་ཚེ་རིང་བཀྲ་ཤིས་ཀྱིས་ཐའེ་ཝན་གླིང་ཕྲན་ནས།
བཀའ་དྲིན་ཆེ། སངས་རྒྱས་ཆོས་དང་དགེ་འདུན་དེ་ཚོའི་སྐོར་རེ་བྲིས་ན་གཟི་བརྗིད་འདུག །ཉིད་ཀྱིས་ཉེ་སྔོན་ས་སྐྱའི་ཆེ་བརྗོད་ལྟ་བུའི་གདུང་རྒྱུད་དང་སྤྲུལ་སྐུ་ཟེར་བ་དེ་འདྲ་ལ་ཆེ་བསྟོད་མ་འབྲི་རོགས། བོད་ཀྱི་དགེ་འདུན་བཙུན་པ་ཚོའི་དགྲ་ངོ་མ་དེ་གདུང་རྒྱུད་དང་སྤྲུལ་སྐུ་དེ་ཚོ་རེད།
” བོད་ཀྱི་དགེ་འདུན་བཙུན་པ་ཚོའི་དགྲ་ངོ་མ་དེ་གདུང་རྒྱུད་དང་སྤྲུལ་སྐུ་དེ་ཚོ་རེད།”སྐྱབས་སུ་མཆི། རྡོ་རྗེའི་ཚིག་ངོ་མ་་་་
བུད་མེད་གང་ཞིག་རྟག་ཏུ་བདེ་ཞིང་སྐྱིད་པ་དང་། བཀྲ་ཤིས་པ་དང་། འབྲས་བུ་ཐོབ་པར་འདོད་ན་རྟག་ཏུ་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱདདང་། སྟོན་ཟླ་འབྲིང་པོའི་ཚེས་བརྒྱད་ལ་གོས་སར་པ་གཙང་མ་བགོས་ཏེ། སེམས་རྩེ་གཅིག་ཏུ་ཉིན་ཞག་གཅིག་ཁྲིམས་བརྒྱད་མནོས་ལ་དུས་དྲུག་ཏུ་བརྩོན་འགྲུས་བསྐྱེད་དེ་མཆོད་པ་བྱས་ན་ཀུན་དགའ་བོས་རྫུ་འཕྲུལ་གྱི་མཐུས་སྐྱོབ་ཅིང་བསམས་པ་བཞིན་དུ་འགྲུབ་པར་བྱེད་དོ། །ཞེས་གསུངས།
ཡག་པོ་བྲིས་འདུག ཐུགས་རྗེ་ཆེ། རྫ་ཚེ་ལགས།།
ཚེ་དང་ལྡན་པ་དགེ་སློང་རྫ་བཀྲ་ཤིས་ཚེ་རིང་མཆོག་གིས། སངས་རྒྱས་འདྲ་སྐུ་བཅས་ལྷ་འབབས་དུས་ཆེན་གྱི་སྐོར་ལ་མདོའི་ལོ་རྒྱུས་བྲིས་པར་མངོན་པར་བསྟོད། ལྷ་འབབས་དུས་ཆེན་དགུ་པ་ཉེར་གཉིས་ལ་རྩི་སྲོལ་མཆིས། དེ་བཞིན་སིངྒྷ་ལ་སོགས་གནས་བརྟན་སྡེ་པ་དག་གིས་མངོན་པའི་སྡེ་སྣོད་དེ། བཅོམ་ལྡན་འདས་ཀྱིས་ཡུམ་ལ་ཆོས་གསུང་བའི་དུས་སུ་སུམ་རྩ་་གསུམ་དུ་གསུངས་པར་འདོད།
བོད་དུ་ལྷ་ལས་འབབས་པའི་ཐང་ཀ་མཇལ་མྱོང་ཡང་འབུར་དུ་སྐུ་འདྲ་ཞིག་མཇལ་མྱོང་བ་མི་དྲན། རྟོགས་བརྗོད་དཔག་བསམ་འཁྲི་ཤིང་ན་ཡང་ཡལ་འདབ་ཅིག་འདིའི་སྐོར་ལ་ཡོད་དམ་སྙམ། ནན་ཏན་རང་མི་དྲན། ལོ་རྒྱུས་དངོས་ལ་བརྟག་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་རིང་འདྲ་སྐུ་བཞེངས་སྲོལ་མེད་པ་ནི། རྒྱ་གར་གྱི་གནས་རྙིང་གི་རྡོ་བརྐོས་ལྷ་འབབས་ཀྱི་མཛད་པ་དག་ལས་ཤེས་ཐུབ། དེ་དག་ལས་ཁུངས་བཙན་པར་བརྟག་དཔྱད་ཐུབ་པ་ནི། རྒྱ་གར་དབུས་ཀྱི་ཞིང་ཆེན། མ་དྷྱ་པྲ་དེ་ཤ ཞེས་པར་སན་ཅི་ན། ཞེས་པའི་མཆོད་རྟེན་ཁ་ཤས་མྱ་ངན་མེད་ཀྱི་དུས་བཞེངས། དེར་རྡོ་བརྐོས་ཀྱི་རྒྱ་སྒོ་ཞིག་ན། ལྷ་ལས་འབབས་པའི་མཛད་པ། སྐས་འཛེགས་སྟེང་ན། སྐུའི་འདྲའི་དོད་ལ་བྱང་ཅུབ་ལྗོན་ཤིང་མར་འབབས་པ་ལ་ལྷ་རྣམས་ཀྱིས་གདུགས་སྦུབས་ཏེ། སངས་རྒྱས་ཀྱི་ལྷ་འབབས་པའི་མཛད་པ་བསྟན་ཏོ།།
ད་དུང་རྫུ་འཕྲུལ་ཅན་གྱི་མཆོག་སློབ་མ་མཽད་གལ་གྱི་བུ་ཆེན་པོ་དང་། ལྷའི་མིག་རྣམ་པར་དག་པ་འཕགས་པ་ཉེ་བར་སྐྱོང་ལྟ་བུས་ཀྱང་དང་ཐོག་སངས་རྒྱས་གང་ན་བཞུགས་པ་མ་རྟོགས་པར་སེམས་ཁྲལ་ཆེན་པོ་གནང་བ་དང་། རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་དྲན་དྲགས་ནས་ཙན་དན་ལས་སངས་རྒྱས་དངོས་ལྟ་བུའི་སྐུ་འདྲ་ཞིག་བཞེངས་པ་སོགས་ཀྱང་འཁོད། ་་་་་་
གསུངས་པ་ལྟར། འདྲ་སྐུ་ལེགས་ཉེས་མ་ལྟོས་པར་བསྐལ་པ་ཡ་ཐོག་ནས་བཟོ་ཤེས་པར་འདོད་དགོས། རྒན་འཇམ་དཔལ་ལགས་ཀྱི་ཁུངས་དེ་དེང་དུས་ཚན་རིག་པ་དང་བསྟུན་ཤས་ཆེ་དྲགས་པའི་སྐྱོན་མེད་དམ་སྙམ།
རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་ལེགས་པར་བྲིས་པར་དགའ་བསུ་ཞུ།
ལྷག་པར་སྐུ་ཉིད་ནས་ཕབ་སྒྲིག་གནང་བའི་དུས་ཐོག་ཆར་པའི་དཔེ་དེབ་དེ་ཉེ་ཆར་གྲོགས་པོ་ཞིག་ནས་འབྱོར་བས་ཆ་ཚང་བ་ཞིག་ལྟ་ཀློག་བྱས་པ་ཡིན། རིང་ཐང་ཚད་མེད་པ་ཞིག་རེད། ངས་ཁྱེད་ལ་བཀའ་ཆེ་ཞུ་བ་དང་ཆབས་གཅིག་མཁན་ཆེན་མཆོག་སྐུ་ཚེ་ཞབས་པད་བརྟན་པའི་སྨོན་འདུན་ཞུ་རྒྱུ་ཡིན།
སངས་རྒྱས་ཤྰཀ་ཐུབ་འདི་ཡི་དབང་དུ་བྱས་ནས། རྒྱལ་པོ་ཨུ་ཊྲ་ཡ་ནའི་སྐབས་སུ་སངས་རྒྱས་ཀྱི་སྐུ་གཟུགས་ཐང་ཀར་བྲིས་པ་ཡོངས་གྲགས་ཡིན་པ་ལྟར།
རྒྱལ་པོ་ཨུ་ཏྲ་ཡ་ནས་སངས་རྒྱས་དྲན་དྲགས་ནས་ཙན་དན་ལས་སངས་རྒྱས་དངོས་ལྟ་བུའི་སྐུ་འདྲ་ཞིག་བཞེངས་པ་སོགས་ཀྱང་མི་སྲིད་པ་མིན་སྙམ་པས་དཔྱད་པར་འཚལ། །
མེ་འབར་བས་ནི་འཇིག་རྟེན་གྱི་ནོར་ཙམ་འཚིག་གོ། ངག་མི་དགེ་བའི་མེ་འབར་བས་ནི་འཕགས་པའི་ནོར་བདུན་ཚིག་པར་འགྱུར་རོ། དེ་བས་ན་ཀུན་དགའ་བོ། སེམས་ཅན་ཐམས་ཅད་ཀྱི་ཉེས་པ་ནི་ཁ་ནས་བྱུང་སྟེ། ཁ་དང་ལྕེ་ནི་ལུས་གཅོད་པའི་མཚོན་ཞེས་བྱའོ། །
གྲོགས་རྫ་ཚེ་ལགས། ཁྱེད་ཀྱིས་དྲངས་པའི་ལུང་འདི་མཇལ་དུས། སངས་རྒྱས་ཀྱིས་ང་རང་གི་གདོང་ལ་ཕྱག་མཛུབ་གཏད་དེ་གསུངས་པ་འདྲ་ཞིག་ཚོར་སོང་། ཐུགས་རྗེ་ཆེ།
བླ་་མ་གལ་ཆེན་བྱེད་སྲོལ་དེ་འུ་ཅག་ཐེག་ཆེན་པ་ཚོའི་སྲོལ་རེད། བླ་མ་སངས་རྒྱས་བླ་མ་ལ་ཆོས།། དེ་བཞིན་དགེ་འདུན་བླ་མ་སྟེ།། ཀུན་གྱི་བྱེད་པོ་བླ་་་་་་་་་
ཐེག་ཆེན་གསང་སྔགས་སྐབས་སུ་བླ་མ་དེ་ནི་སངས་རྒྱས་དང་ཡོན་ཏན་མཉམ་ཡང་། བླ་མའི་བཀའ་དྲིན་ནི།སངས་རྒྱས་ལས་ལྷག་པ་ཅིག་ཡིན་པ་གསུངས་པ་དེས་བྱས་པ་མིན་འགྲོ །
ལྷ་བབས་དུས་ཆེན་འདི་ནང་པའི་ངོས་ནས། ཨ་མའི་ཉིན་མོར་སྲུང་བརྩི་གནང་ན་ཡག་པོ་འདུག་ཅེས་པ་ཤོད་རེས་བྱས་པ་དྲན་ཡུལ་དུ་མཆིས་ལགས།
བླ་མ་ལ་སྐྱབས་སུ་མཆིའོ། །ཨ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །
ཚང་མས་རྩོམ་ཡིག་འདིར་གཟིགས་ཤིང་བསྔགས་བརྗོད་གནང་བར་ཐུགས་རྗེ་ཆེ་ཞུ།
རྒན་ལ་དྭགས་ལགས་ཀྱིས་སངས་རྒྱས་ཀྱི་དུས་ན་སྐུ་འདྲ་བཞེངས་པའི་སྲོལ་མེད་པ་སོགས་སྤྱིར་བཏང་གི་དེང་སང་གི་ལོ་རྒྱུས་སྨྲ་བ་དག་གི་བཤད་སྟངས་སུ་ཡོད་ན་ཡང་། ལར་དེང་སང་མིའི་འབྱུང་ཁུངས་ནས་ཤར་ནུབ་ཀྱི་དཔལ་གྱི་མགོ་ཚུགས་སྟངས་སོགས་མང་པོ་ཞིག་རིམ་གྱི་གསང་བ་བརྟོལ་གྱིན་བརྟོལ་གྱིན་བཤད་སྟངས་ལ་ཡང་འགྱུར་བ་གཏོང་གིན་གཏོང་གིན་ཡོད་པ་ཡིན་པས་འདི་རིགས་ལ་ངེས་པ་མཐའ་གཅིག་ཏུ་ནི་མེད་པར་སྣང་།
དང་པོ་ད་གནས་བརྟན་ཚེ་བཀྲ་ལ་ཐུགས་རྗེ་ཆེ་ཞུ་ཡི་ཡིན། དཔེ་ཡག་པོ་བྲིས་འདུག ལྷག་པར་དུ་མ་འགགས་པའི་ལེའུ་སྐོར་དེ་ང་ལ་དགོས་ཁོ་ཆེན་པོ་ཡོད། ཉེ་ཆར་ལ་དྭགས་ཟངས་ཀར་དུ་རིགས་ཀྱི་སྐོར་རྙོག་གླེང་ཆེན་པོ་བྱུང་འདུག། ཁོང་ཚོ་ལ་གསལ་བཤད་ཅིག་བྱེད་ཀྱི་ཡིན།
གཉིས་པ། དྲ་གྲོགས་མང་ཆེ་བས་རྫ་ཚེ་བཀྲ་ལགས་ཞེས་འབོད་ནས་དགོངས་ཆར་བྲིས་འདུག་ ལ་དྭགས་དགེ་འཇམ་དཔལ་ལགས་ཀྱིས་ཚེ་དང་ལྡན་པ་དགེ་སློང་རྫ་བཀྲ་ཤིས་ཚེ་རིང་མཆོག་གིས། ཞེས་ཚེ་དང་ལྡན་པས་རྒྱན་ནས་བྲིས་གནང་བ་འདི་ཁོང་སྡེ་སྣོད་གསུམ་ལ་མཁས་པའི་སློབ་དཔོན་པོ་ཞིག་ཡིན་པས་ཆོས་འདུལ་བའི་རྡ་ཆད་འདི་བེད་སྤྱོད་གནང་བ་རེད། མང་པོ་ཞིག་གིས་ཚེ་དང་ལྡན་པ་ཞེས་པ་འདི་ཚེ་ལས་འདས་པ་ཞེས་པའི་ཟླས་དྲངས་པའི་ཚེ་དང་ལྡན་པ་ལ་གོ་ཡི་འདུག དེ་ནི་སྲོག་ཆགས་མིག་མེད་གྲོག་མ་ལ་ཡང་ཚང་བས་དེ་ཙམ་གྱི་ཆེ་སྟོད་དུ་ག་ལ་འགྱུར། ཁོ་བས་དཔེ་ཆ་གང་ཡིན་དྲན་གྱི་མི་འདུག གང་ལྟར་ཚེ་དང་ལྡན་པ་ཞེས་པའི་འབྲུ་བསྣོན་འདི་ལྟར་གནང་འདུག མི་ཚེ་དོན་དང་ལྡན་པ་ ཞེས་འབྲིས་འདུག དེས་ན་དགེ་འཇམ་དཔལ་ལགས་སུ་ཞུ་རྒྱུ། གོ་བ་འདི་གཉིས་ནས་གང་འཐད་པ་ཡིན་ནམ།
སྟོབས་དང་འབྱོར་བ་འཁོར་བཅས་བསྐྱུར་ཏེ་རང་ཉིད་ཁེར་རྐྱང་ལམ་དུ་མཆིས། །
བྱང་ཆུབ་ཤིང་གི་བསིལ་འོག་ཅིག་ཏུ་ལོ་དྲུག་དཀའ་བ་ཕྲག་ཏུ་བཞེས། །
གཟུགས་ཅན་གཟུགས་མེད་སུ་ཡིས་རྒོལ་ཡང་གཏིང་འཛིན་མལ་ལས་བྲོས་མ་གྱུར། །
འགྲོ་བའི་ཁམས་དང་འཚམ་པའི་ཆོས་འཁོར་རིམ་པས་བསྐོར་ལ་ཕྱག་འཚལ་ལོ། །
ཚེ་བཀྲ་ལ་ངའི་ཉེ་གནས་རྣམས་ནས་ཐུགས་རྗེ་ཆེ་ཞུ་ཡི་འདུག ངས་ཁོ་རྣམས་ལ་ཁྱེད་ཀྱི་རྩོམ་འདི་ཐོག་ནས་ཆུ་ཚོད་གཉིས་རིང་སངས་རྒྱས་ཀྱི་མཛད་པ་སྤྱི་དང་ལྷ་འབབས་དུས་ཆེན་སྐོར་ལ་འགྲེལ་བཤད་བྱས་པ་ཡིན།
ནམོམུཎེཨིནྡྲཡ། ཤེས་ལྡན་པ་རྫ་ཚེ་ལགས། དུས་བཟང་ལ་སྐྱེས་བཟང་གནང་བར་བཀྲིན་ཆེ། དོན་མེད་ཀྱི་རྩོད་རྙོག་བསླང་བ་ལས་འདི་འདྲ་རེ་དུས་ཐོག་སྤེལ་ཐུབ་ན་དགེ་མཚན་ཆེ་བས་ད་དུང་དེ་འདྲ་གང་མང་ཐུགས་ལ་འདོགས་པར་རེ་བསྐུལ་ཞུ།
ཡང་གཅིག་ཞུ་ན།
༢༠༡༡ ལོ་འགོར་ཝཱརཎཱསིར་གོང་ས་མཆོག་གིས་བཀའ་ཆོས་སྐབས། “ཉེ་དུས་སངས་རྒྱས་སྐུ་ས་འོག་ནས་བརྙེས་པ་དུས་ཡུན་ཉུང་མཐར་ལོ་ཉིས་སྟོང་དྲུག་བརྒྱ་སོང་ཟིན་ཚུལ་གནའ་རྫས་རྟོག་ཞིབ་པ་དག་གིས་བཤད་ཀྱིན་འདུག” ཅེས་གསུངས་པ་དངོས་དོན་ལ་ཡིན་ན། སངས་རྒྱས་ཞལ་བཞུགས་དུས་དེ་བཞིན་གཤེགས་པའི་སྐུ་བཞེངས་མེད་པར་བཤད་པ་ཁུངས་མ་འཁྱོལ་བའི་གཏམ་དུ་གྲུབ་ཟིན་ལ། ཡང་མིན་ན་དེང་སང་ཡོངས་གྲགས་ཀྱི་སངས་རྒྱས་འདས་ལོ་བརྩི་སྟངས་དེ་ནོར་བར་གཏན་ཁེལ་ཟིན་པ་རེད།
ཚོགས་དང་བསོད་ནམས་ཅུང་ཟད་གསོག་ཐུབ་ན་བསམ་ནས་ཀློག་ཁུལ་བྱས་མོད། སུམ་ཆ་གཉིས་ལ་སླེབས་སྐབས་ལེ་ལོ་རྒྱལ་སོང་། དཀོན་མཆོག་གསུམ་པོས་མཁྱེན། མི་ང་སྐྱོབས་རོགས་གནང་། ལེ་ལོས་ང་འདྲུད་འགྲོ་གི ཁོ་རེ། ལེ་ལོ། ཕར་རྒྱུགས། ངས་ཁྱོད་ཀྱི་མགོ་ལ་རྡོ་བཞུ།
བློ་བཟང་ལེགས།
སྒྲ་བཤད་ཙམ་དུ་ཡོད་ཀྱང་། ཡོངས་གྲགས་འབྱུང་སྟངས་ལ་ཁྱད་ཆེ། ཚེ་དང་ལྡན་པ་ཞེས་གང་འབྱུང་ལ་མ་ཡིན་པར་མདོ་སྡེ་རྣམས་སུ་བཀུར་འོས་དགེ་སློང་རྣམས་ལ་བཀོལ་བར་སྣང་། ལོ་རྒྱུས་དང་། ཚན་རིག་གི་གྲུབ་མཐའ་ལ་ཡང་འགྱུར་བ་བྱུང་དང་འབྱུང་བཞིན་པ་ལ་རང་རེས་བརྟག་དཔྱད་བྱེད་དགོས་པ་ལས་མཐའ་གཅིག་ཏུ་གྲུབ་པ་ཞིག་ག་ལ་ཡོད། ཇི་སྐད་དུ། མཁན་ཆེན་བྱང་ཆུབ་སེམས་དཔའ་ཞི་བ་འཚོས།
བདག་དང་གཞན་སྨྲས་དངོས་འདི་དག
ཡང་དག་ཏུ་ན་གཅིག་པ་དང་།
དུ་མའི་རང་བཞིན་བྲལ་བའི་ཕྱིར།
རང་བཞིན་མེད་དེ་གཟུགས་བརྙན་བཞིན།། ༡ །། དབུ་མ་རྒྱན།
༡༣༽ ཨ་ཕྱི་ནས། སྤྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༦ གི་ཆུ་ཚོད་ ༤ སྐར་མ་ ༤༥ བླ་མ་ལ་སྐྱབས་སུ་མཆིའོ། །ཨ་མ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ལ་སྐྱབས་སུ་མཆིའོ། །ཆོས་ལ་སྐྱབས་སུ་མཆིའོ། །དགེ་འདུན་ལ་སྐྱབས་སུ་མཆིའོ། །ཞེས་པ་ལ།
ངས་ནི།
བླ་མ་ལ་སྐྱབས་སུ་མཆིའོ། །
སངས་རྒྱས་ལ་སྐྱབས་སུ་མཆིའོ། །
ཆོས་ལ་སྐྱབས་སུ་མཆིའོ། །
དགེ་འདུན་ལ་སྐྱབས་སུ་མཆིའོ། །
ཨ་མ་ལ་གུས་པས་དུད་དོ། །
རྒན་འཇམ་དཔལ་ལགས།
ངའི་མཆན་༡༩༽པར་ཉམས་ཞིབ་དང་ཡང་ན་དགོངས་ཚུལ་ཞིག་གསུངས་རྒྱུར་རེ་སྒུག་ཞུ།
དབྱངས་ཅན་འབངས་ལེགས།
མཆན་༢༡པ་ན།
ཚན་རིག་གི་གྲུབ་མཐའ་ལ་ཡང་འགྱུར་བ་བྱུང་དང་འབྱུང་བཞིན་པ་ལ་རང་རེས་བརྟག་དཔྱད་བྱེད་དགོས་པ་ལས་མཐའ་གཅིག་ཏུ་གྲུབ་པ་ཞིག་ག་ལ་ཡོད། ཅེས་པས་ཁྱེད་ཀྱི་མཆན་གྱི་ཡང་ལན་སོང་བ་ཡིན་སྙམ་མོ།།
ངས་ནི་དེ་རྒན་ལ་དྭགས་རང་གི༼ ལོ་རྒྱུས་དངོས་ལ་བརྟག་ན། བཅོམ་ལྡན་འདས་མྱ་ངན་ལས་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་རིང་འདྲ་སྐུ་བཞེངས་སྲོལ་མེད་པ་ནི། རྒྱ་གར་གྱི་གནས་རྙིང་གི་རྡོ་བརྐོས་ལྷ་འབབས་ཀྱི་མཛད་པ་དག་ལས་ཤེས་ཐུབ།༽ཅེས་ཚན་རིག་ཞིབ་འཇུག་པས་བཤད་སྟངས་ཀྱིས་བཤད་པའི་དུ་སོང་བ་འདྲ་ཞིག་འདུག
ངས་ ༼ལར་དེང་སང་མིའི་འབྱུང་ཁུངས་ནས་ཤར་ནུབ་ཀྱི་དཔལ་གྱི་མགོ་ཚུགས་སྟངས་སོགས་མང་པོ་ཞིག་རིམ་གྱི་གསང་བ་བརྟོལ་གྱིན་བརྟོལ་གྱིན་བཤད་སྟངས་ལ་ཡང་འགྱུར་བ་གཏོང་གིན་གཏོང་གིན་ཡོད་པ་ཡིན་པས་འདི་རིགས་ལ་ངེས་པ་མཐའ་གཅིག་ཏུ་ནི་མེད་པར་སྣང་།༽ཞེས་གོང་དུ་འཆན་བཏབ་པའི་གཟས་ས་ཡང་དེ་ཡིན།
ཚང་མས་ཡག་པོ་ཞེ་དྲགས་བྲིས་གནང་བ་ཐུགས་རྗེ་ཆེ།
ཚེ་དང་ལྡན་པ་རྫ་བཀྲ་ཤིས་ཚེ་རིང་མཆོག
རང་ཅག་སུ་ཡིན་རུང་ཐ་སྙད་དམ་དོན་དམ་སུས་རིགས་པས་སྒྲུབ་ཐུབ། དེའི་རྗེས་སུ་འགྲོ་བ་མ་གཏོགས་གཞན་ཞེན་པ་ཞིག་མེད་དགོས་ཏེ། མངོན་རྟོགས་རྒྱན་སོགས་བསྟན་བཅོས་གཞན་དུ་ཡང་བཀོད་པ་ཚིགས་བཅད་འདི་ལྟར་མཆིས་ཏེ།
འདི་ལ་བསལ་བྱ་ཅི་ཡང་མེད།
གཞག་པར་བྱ་བ་ཅུང་མེད།
ཡང་དག་ཉིད་ལ་ཡང་དག་བལྟ།
ཡང་དག་མཐོང་ན་རྣམ་པར་གྲོལ།། མངོན་རྒྱན་སྐབས་༥པ། ཚིགས་༢༡
ཚན་རིག་པ་རྒྱང་འཕེན་གྱི་ལྟ་བའི་སྐད་གྲགས་ལ་བརྟེན་ནས། ང་ཚོ་བོད་རིགས་བླ་མ་ཚོས་ཀྱང་སངས་རྒྱས་འོད་སྲུངས་སོགས་བྱོན་ཡོད་ཚུལ་མགྲིན་པ་བཏེགས་ནས་སྨྲ་སྤོབས་བྲལ་བའི་དུས་ཚོད་ཅིག་ཀྱང་རེད་མི་འདུག་གམ། སངས་རྒྱས་འོད་སྲུངས་སྔར་འཛམ་གླིང་འདིར་བྱོན་ཡོད་ན། སངས་རྒྱས་དེའི་དུང་རྟེན་ལ་འདྲ་སྐུ་བཞེངས་མེད་པ་འདོད་ག་ལ་ཐུབ་སྙམ་མོ། །