ཨེ་མ་ཧོ།
ན་མོ་གུ་རུ་ཤཱཀྱ་སེངྒེ་ཡེ།
གནས་ལུགས་དྲང་བདེན་མཆིས་པའི་ཤཱཀྱའི་རྒྱལ།།
ཚེ་གཅིག་ཡང་དག་མངོན་པར་སངས་རྒྱས་པའི།།
བསྐལ་བཟང་རྣམ་འདྲེན་བཞི་བ་བཅོམ་ལྡན་འདས།།
བདག་ཅག་འཇིག་རྟེན་སྒྲོན་མེ་སྙིང་ནས་དྲན།།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས།།
བདུད་རྩི་ལྟ་བུའི་ཆོས་ཉིད་དོན་རྟོགས་ནས།།
བདེན་བཞིའི་ཆོས་འཁོར་ཟབ་རྒྱས་རིམ་གསུམ་བསྐོར།།
མ་རིག་མུན་སེལ་སྒྲོན་མེ་ཡང་ཡང་དྲན།།
མ་ཡུམ་དྲིན་ཆེན་དྲིན་ལན་འཇལ་བའི་ཕྱིར།།
དགའ་ལྡན་དག་པའི་ལྷ་ཡུལ་ཉམས་དགའ་བར་།།
ལྷ་མི་ཉན་རང་བྱང་སེམས་ཐེག་པའི་ཆོས།།
ཟླ་གསུམ་གསུངས་པའི་ལྷ་བབས་དུས་ཆེན་དྲན།།
ལྷ་མི་དགེ་བཅུའི་ཐེག་པ་གཞི་རྩ་བརྟན།།
ཉན་རང་དགྲ་བཅོམ་ཐེག་པའི་ངེས་འབྱུང་སྐྱེས།།
བྱང་ཆུབ་སེམས་དཔའི་ཐེག་པའི་སྙིང་རྗེ་འཁྲུངས།།
ཡང་གསང་སྨིན་གྲོལ་ཐེག་པའི་དཔལ་དགྱེས་ཤོག།
ཅེས་པ་འདི་ཡང་རབ་རྒྱན་ཤིང་རྟའི་ལྷ་བབས་དུས་ཆེན་ལ་སྤུན་གྲོགས་ཁམས་སྨྱོན་ནམ་བླ་སྨན་ངང་ཆུང་རིན་པོ་ཆེས་འབོད་སྐུལ་བཞིན་དུ་དབྱིན་ཡུལ་བྷན་གྷོར་གཙུག་ལག་སློབ་ཁང་ནས་རིག་འཛིན་ཨེ་མ་ཧོས་གུས་པས་སྨོན་པར་དགེའོ།། །།
ཕྱག་དང་བསྐོར་བ་བྱས་ན་ལུས་ཀྱི་སྒྲིབ་པ་དག།
ཁ་བཏོན་དགེ་སྦྱོར་བྱས་ན་ངག་གི་སྒྲིབ་པ་དག།ཅེས་གསུངས་པ་ལྟར་ལྷ་བབས་དུས་ཆེན་ཉིན་སོ་སོས་ཁ་བཏོན་དགེ་སྦྱོར་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད།
གནས་ལུགས་དྲང་བདེན་མཆིས་པའི་ཤཱཀྱའི་རྒྱལ།།
ཚེ་གཅིག་ཡང་དག་མངོན་པར་སངས་རྒྱས་པའི།།
བསྐལ་བཟང་རྣམ་འདྲེན་བཞི་བ་བཅོམ་ལྡན་འདས།།
བདག་ཅག་འཇིག་རྟེན་སྒྲོན་མེ་སྙིང་ནས་དྲན།།
འདི་ལ།
གནས་ལུགས་དྲང་ངེས་སྟོན་པའི་བཅོམ་ལྡན་འདས། །
ཚེ་རབས་མང་པོར་བྱང་ཆུབ་སྒྲུབ་བསྒྲུབས་པས། །
སྟོང་གི་རྣམ་འདྲེན་བཞི་པ་ཤྰཀྱའི་རྒྱལ། །
ལྷ་ཡུལ་གནས་ལས་བབས་པ་དེ་རིང་དྲན། །