ཨེ་མ་ཧོ།
སྙིང་ཉེ་བའི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་འབྲས།
འདིར་བདེན་པའི་ལོ་རྒྱུས་རིང་མོ། དམ་པའི་མཛད་རྗེས་འཁྲུལ་མེད་ཅིག་ཕ་མེས་དམ་པས་བཞག་པའི་སྲོལ་རྒྱུན་བཟང་པོ། ཡར་དཀོན་མཆོག་ལ་མཆོད་པ། མར་ངན་སློང་ལ་སྦྱིན་པ། སོ་སོའི་ཁྱིམ་གྱི་བཤམས་བཀོད་དང་བ་འདྲེན་པའི་ལྷ་བབས་དུས་ཆེན་འདིས་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་ལྡན་པ་ཉིད་དགའ་ལྡན་ལྷ་ཡུལ་དུ་ཕེབས་ནས་ཐེག་པའི་རིམ་པ་ནི། ལྷ་དང་མིའི་ཐེག་པ་དགེ་སྒྲུབ་སྡིག་སྤོང་། ཉན་ཐོས་དང་རང་རྒྱལ། བྱང་ཆུབ་སེམས་པའི་ཐེག་པ་སྟེ་ལྔ་ཡང་གསུངས།
གཞན་ཡང་མ་དྲིན་ལན་བསབ་པའི་ཕྱིར་འཇིག་རྟེན་ཁམས་འདིར་ཡང་སྐྱར་ཕེབས་ནས་དྲིན་ལན་བསབས་པའི་མདོ་སོགས་གསུངས་པའི་དུས་ཆེན་ཁྱད་པར་ཅན་དང་། སྤྱིར་བོད་གངས་ཅན་གྱི་ཡུལ་ན་མཁས་གྲུབ་ཇི་སྙེད་བྱོན་པ་ཐམས་ཅད་སྟོན་པ་ཤྰཀྱ་ཐུབ་པའི་བཀའ་དྲིན་ཅན་དང་ཐུགས་རྗེ་ཡིན་པས་ནང་བསྟན་ཡོངས་ནས་རྗེས་དྲན་དང་། ཁྱད་པར་བོད་བརྒྱུད་ནང་བསྟན་པའི་རྗེས་འཇུག་ཡོངས་ནས་སེམས་ལ་འཇོག་ནས་རྗེས་དྲན་གྱི་མཆོད་འབུལ་དང་ཕྱག་འཚལ། དཀར་ཟས་གསོལ་བ་དང་སྒོ་གསུམ་དགེ་བ་ལ་འབད་ནས་བསྟན་སྲིད་ཕྱིར་དུ་སྨོན་ལམ་རྣམ་དག་དང་བདེན་པའི་ལམ་བཟང་ལ་ཕྱོགས་བརྩོན་པར་འཚལ།
སླད་ཆར། བོད་ཁམས་བདེ་སྐྱིད་ཡོང་བར་དང་འཛམ་གླིང་ཞི་བདེ་དང་འགྲོ་ཁམས་སྨིན་གྲོལ་ཐོབ་པའི་སྨོན་ལམ་བཅས་ཤྲྰིས་སོ། །
སྟོན་པ་དགུང་ལོ་སོ་བརྒྱད་པ་ལ། ཡུམ་སྒྱུ་མ་ལྷ་མཛེས་སྒྱུ་མ་ཛམ་གླིང་ནས་ལྷ་གནས་སུམ་ཅུ་རྩ་གསུམ་དུ་སྐྱེས་པ་དེའི་དྲིན་ལན་བསབ་ཕྱིར་དང་། ལྷ་སྐལ་ལྡན་གཞན་མང་པོར་དོན་མཛད་ཕྱིར། ལྷའི་གནས་སུ་དབྱར་གནས་ཟླ་བ་གསུམ་དབྱར་གནས་པར་བཞུགས། དེའི་ཚེ་ཝ་ར་ན་སིའི་རྒྱལ་པོ་ཨུ་ཊྲ་ཡ་ནས་སྟོན་པའི་ཞལ་མ་མཇལ་་བར་ཡུན་རིང་སོང་བས་ཡིད་གདུངས་ཏེ། སྐུ་དངོས་དང་འདྲ་བའི་སྐུ་བརྙན་བཞེང་པར་བསམས་ཏེ་མོའུ་གལ་གྱི་བུ་ལ་སྦྲན། དེས་ཀྱང་བཟོ་བོ་མཁས་པ་སུམ་ཅུ་རྩ་གཉིས་ཁྲིད་དེ་རྫུ་འཕྲུ་གྱིས་ལྷ་ཡུལ་དུ་ཕྱིན། སྟོན་པའི་སྐུ་དངོས་ལ་བལྟར་བཅུག་ནས་ད་ལྟ་ལྷ་སར་བཞུགས་པའི་ཙནྡན་གྱི་ཇོ་བོ་དེ་ཡང་དེ་དུས་བཞེངས་པར་གསུངས།