སྐྱོ་བྲག་དགའ་དབང་།
ཁོ་བོའི་ཆོས་མཆེད་དམ་པ། ཕྱི་གཙང་ནང་གཙང་པདྨའི་སྦུབ་ལྟ་བུའི་ཆོས་པ་ཡང་དག །འབའ་རོམ་བཀའ་བརྒྱུད་ཀྱི་ཆོས་སྡེ་སྐྱོ་བྲག་དགོན་པའི་མཁན་ཆེན་བཤད་སྒྲུབ་འགྱུར་མེད་མཆོག་ནས།
བདེ་མཆོག་གི་སྒོ་མ་ཁྭ་གདོང་མ་དང་འུག་གདོང་ཟེར་བ་འདི་དག་ལ། སེང་གདོང་མ་ཟེར་བ་བཞིན། མགོ་ཁྭ་མགོ་དང་འུག་མགོ་འདྲ་ཡིན་ནམ།བྱ་རོག་གདོང་ཟེར་བ་ལྟར་ཁ་སྣ་འདི་དག་གི་མཆུ་འདྲ་ཡོད་པ་ཡིན། རྒྱུ་མཚན་ནི། ཁྲིད་ཡིག་འགའ་རེར་འདི་རྣམས་སྐྲ་ཅན་ལྟར་བཤད་སྣང་ལ། སྤོམ་བཤད་མ་གཏོགས་གསལ་ཁ་མི་འདུག །སྲོག་ཆགས་འདི་ཚོའི་མགོ་ལ་སྐྲ་ཡོད་ཚོད་མི་འདུག་སྙམ་པའི་ཐེ་ཚོམ་བྱུང་ནས་ཞུས་པ་ལགས། ག་འདྲ་ཡིན་གསུང་བར་ཞུ། ཞེས་པ་ལ།
སྤྱིར་རྒྱུད་ལས་མགོ་བརྙན་བསྟན་པ་ནི། དཔེར་ན། མངོན་བརྗོད་བླ་མ་ལས། ཤར་གྱི་མདབ་མར་མཁའ་འགྲོ་མ། །སེང་གེའི་གདོང་སྟེ་རྣམ་པར་འཇིགས། །གཡོན་དུ་ཕག་གི་གདོང་ཅན་ཏེ། །ལྷ་མོ་ལཱ་མ་རབ་འཇིགས་མ། །ནུབ་ཏུ་ལྷ་མོ་གླང་པོའི་གདོང་། །དུམ་སྐྱེས་མ་ནི་དབང་མོའོ། །ལྷོ་རུ་ལྷ་མོའི་ཚུལ་ཅན་ནི། །གཟུགས་ཅན་མ་སྟེ་རྟ་ཡི་གདོང་། །སྤྱན་གསུམ་པ་ལ་སྣ་ཚོགས་གཟུགས། །ཐོད་པ་ཁ་ཊྭཱྃ་ག་འཛིན་ཅིང་། །མགོ་དང་གྲི་གུག་ཕྱག་ན་བསྣམས།།གཅེར་བུ་དབུ་སྐྲ་གྲོལ་བ་ལ། །གར་གྱིས་ཀྱང་ནི་ལེགས་པར་མཛེས། །ཡི་དྭགས་རྒྱབ་ལ་སྐྱིལ་ཀྲུང་ཕྱེད། །བཞིན་རྣམ་སྒྱུར་ཞིང་རབ་ཏུ་འཇིགས། །ཞེས་པ་ལྟ་བུའོ། །
མགོ་བརྙན་གྱི་གོ་དོན་དགྲོལ་བ་ལ། ཇོ་ནང་རྗེ་བཙུན་གྱིས། སྤྱིར་མགོ་བརྙན་དུ་བྱེད་པའི་ཡེ་ཤེས་ལྷ་ཡང་མང་དུ་འབྱུང་མོད་ཀྱི། འདི་དག་མགོ་བརྙན་དུ་མི་ལེགས་གདོང་བརྙན་ཉིད་དུ་འཐད་པས། དེ་ལ་ཡང་སྐྲ་མཚམས་ཚུན་ཆད་གདོང་བརྙན་དུ་བྱེད་པ་དང༌། སྣའི་རྩ་བ་ཚུན་ཆོད་མཚུལ་པ་གདོང་བརྙན་དུ་བྱེད་པའི་ལུགས་གཉིས་ཡོད་ན། སྐྲ་མཚམས་ཚུན་ཆོད་གདོང་བརྙན་དུ་བྱེད་པ་ལེགས་སམ་སྙམ་མོ། །དེའི་ཕྱིར་ཁྱི་གདོང་དང་ཕག་གདོང་ལ་སྙན་ནི་དེ་ཉིད་ཀྱི་རྣ་བ་དང༌། དེའི་རྣ་བའི་རྩ་བ་ནས་ཕུག་སྟེ་རྣ་རྒྱན་འདོགས་དགོས་ལ། ཁྭ་ཏ་དང་འུག་པ་ལ་རྣ་བའི་འབུར་མེད་པས་མིའི་རྣ་བ་ལྟ་བུ་རྣ་ཤལ་ཐུང་ངུ་རེ་བྱའོ། །ཞེས་གདོང་བརྙན་དུ་བཤད་ཅིང་།
འཇུ་མི་ཕམ་པས། ལྷ་རྣམས་ཞལ་རས་སྤྱི་མི་དང་འདྲ་ལ་ཤངས་སོགས་གདོང་པ་བྱ་ལ་སོགས་པའི་རྣམ་འགྱུར་ལྟ་བུར་བྱེད་པའི་སྐབས་ཀྱང་ལ་ལར་སྲིད་མཐའ་མི་ཁེགས་ཀྱང་དེ་ལྟ་ན་བྱ་ཡི་གདོང་ཅན་ལ་རྣ་བ་ཡོད་པས་རྒྱན་གདགས་རུང་བ་བྱས་ཀྱང་འགལ་བ་མེད་པ་མཚུངས་སོ། །ལྷ་ཡི་སྐུ་ལ་དངོས་སུ་མ་ཧེ་སོགས་ཀྱི་ཞལ་དུ་གྱུར་པ་རྡོ་རྗེ་འཇིགས་བྱེད་ལ་སོགས་པ་ལྟ་བུ་དང་། ཕྲ་མེན་མགོ་བརྙན་ཅན་དུ་བྱེད་པ་རྒྱུད་སྡེ་ཆེན་པོ་དག་ལས་གསུངས་པའི་ཕྱིར་ཕྱོགས་རེའི་མཐོང་བ་ཉི་ཚེ་བ་ཁབ་མིག་ལྟ་བུས་རྡོ་རྗེ་ཐེག་པའི་རྒྱུད་དོན་རྒྱ་མཚོ་ལྟ་བུ་ལས་གསུངས་པ་རྣམས་ལ་ཕྱོགས་དང་རིས་སུ་བཅད་དེ་སུན་འབྱིན་བརྗོད་པ་རྣམ་པ་ཀུན་ཏུ་བྱ་མི་རུང་ངོ་། །ཞེས་ཅི་རིགས་ཡོད་པར་བཤད་དོ། །
བདག་གི་ཡིད་ངོར་ནི་སྒོ་མ་སོགས་ཕལ་མོ་ཆེ་སེང་གདོང་མ་དང་འཇིགས་བྱེད་ཀྱི་དབུ་བཞིན་མགོ་ཅན་དུ་བྱེད་པ་ཉིད་ལེགས་པར་སེམས་ཏེ། སྤྱིར་དཀྱིལ་འཁོར་གྱི་ལྷ་རྣམས་ཐམས་ཅད་མཛེས་ཤིང་ཡིད་དུ་འོང་བ་ཡིན་པར་རྒྱུད་ལས། ལྷ་མོ་ཐམས་ཅད་གཅེར་བུ་སྟེ། །སྐྲ་གྲོལ་བ་ནི་རྣམ་པར་མཛེས། །ཞེས་གསུངས་ཤིང། གདོང་བརྙན་ནི་དགོས་པ་དམིགས་བསལ་ཡོད་ན་ལས་གཞན་གདོང་འབག་གྱོན་པ་ལྟར་དུ་གྱུར་ན་མཛེས་པ་རང་ཞིག་མིན་ལ།སྔོན་གྱི་ཐང་སྐུ་རྣམས་ཀྱང་མགོ་ཅན་དུ་བྱུང་བའོ། །
གལ་ཏེ་ཕྲ་མེན་མགོ་བརྙན་ཅན་ནམ་གདོང་བརྙན་དུ་བྱེད་ན་ནི་སྐྲ་གྲོལ་བ་དང་རྣ་རྒྱན་གྱི་དོགས་པ་མི་འབྱུང་ལ། ཅི་སྟེ་མགོ་ཅན་དུ་བྱེད་པ་ན་ནི་སྐྲ་གྲོལ་བ་ཡང་གོ་རམས་པས། སྐྲ་གྲོལ་བ་ནི་ཁྱིམ་པའི་རྟེན་ཅན་ཡིན་ན། ཐོར་ཅོག་མི་བྱ་བར་བཀྲོལ་ཞེས་པའི་དོན་ཡིན་གྱི། སྐྲ་དངོས་སུ་མེད་ན་བཅོས་མའི་སྐྲས་བརྒྱན་ཞེས་པ་ནི་དོན་མིན་ནོ། །ཞེས་གསུངས་པ་བཞིན། རིགས་སོ་སོ་ལ་གང་ཡོད་པ། དཔེར་ན།སེང་གེའི་རལ་པ་དང་། འུག་པའི་སྤུ་རུ། ཕག་གི་ཟེ་བ་སོགས་ཡར་གཟེངས་པའི་དོན་དུ་གོ་བར་བྱ་ཞིང་།རྣ་རྒྱན་ཡང་དཔེར་ན་བྱ་ཡི་རྣ་ཤུལ་ཕྲན་བུ་ལ། དེ་དང་འཚམ་པའི་རྒྱན་མཛེས་པའང་འདོགས་སུ་རུང་བ་ཡིན་ནོ། །