གཞི་བདག་དགེ་བསྙེན་ཕྱིང་དཀར་བ་གནས་སའི་ངའི་ཕ་ཡུལ་གྱི་དགོན་པའི་རྒྱབ་རི།
ཀླུ་སྨྱོན།
ད་ལྟ་ང་རང་ཁ་ལིས་ཧྥོ་ནི་ཡ་ནས་སེ་ཨ་རོལ་དུ་འཕུར་བཞིན་པའི་གནམ་གྲུ་ཞིག་གི་ནང་དུ་ཡོད་ཅིང་།
གནམ་གྲུའི་སྒེའུ་ཁུང་ལས་གངས་རི་མཐོན་པོ་འགའ་མཐོང་བྱུང་ལ།
བར་ཐག་ཧ་ཅང་ཉེ་བའི་གངས་རི་གསུམ་གྱི་མིང་ལ་བུ་མོ་སྤུན་གསུམ་ཞེས་འབོད་སྲོལ་འདུག
རྒྱལ་ཁབ་འདིའི་གངས་རི་དེ་ཚོ་མཐོང་མ་ཐག
ངའི་སེམས་ནང་དུ་ཡང་རང་གི་ཕ་ཡུལ་གྱི་གངས་རི་དེ་ཚོ་དྲན་བྱུང་ལ།
ཕ་ཡུལ་གྱི་སྟོད་ཕྱོགས་སུ་ཡོད་པའི་སྒེས་ཀྱི་ལྷ་མོ་སྤུན་གསུམ་ཞེས་པའི་རི་བོ་དེ་གསུམ་ཡང་དྲན་བྱུང་།
བསྐལ་བ་ས་ལ་ཆགས་པ་ནས་བཟུང་སྟེ།
གངས་རི་དེ་ཚོ་ནི་ལྷའམ་གཞི་བདག་ཚོའི་གནས་མལ་ཡིན་ཞིང་།
གཞི་བདག་དེ་ཚོས་དཀའ་བ་དུ་མ་སྤྱད་དེ་གངས་རིའི་ཁོང་གསེང་དུ་གསེར་གྱི་ཕོ་བྲང་བཞེངས་ཡོད།
གངས་རིའི་འདབས་སུ་གཞི་བདག་གི་སྒོ་ཟོག་བསྐྱིལ་ཡོད།
བོད་མགོ་ནག་པ་ཚོས་ཀྱང་རང་རང་གི་ཡིད་ཆེས་དང་དད་འདུན་མཐོ་རུ་བཏེགས་ཏེ།
ལྷ་བསང་གི་དུད་ཞགས་གངས་རིའི་མགུལ་བར་གཏིབས་པར་བྱས་ཤིང་།
དཀར་གསུམ་གྱི་མཆོད་པས་གཞི་བདག་མཉེས་པར་བྱས་ཡོད།
ཁྱེད་ཀྱི་མེས་པོ་གཞི་བདག་གི་འཁོར་དུ་སྐྱེས་ཤིང་།
ངའི་ཕ་རྒན་ཡང་གཞི་བདག་གི་བུ་རྒྱུད་དུ་གྱུར་པས།
ངེད་ཅག་གི་འཚོ་བ་རོལ་སྟངས་ཀྱང་གཞི་བདག་གི་འཚོ་གནས་དང་ཡོངས་སུ་འདྲེས།
དེ་དུས་ལྷ་མིའི་བར་དུ་བརྩེ་དུང་ཆགས་ཤིང་།
དེ་དུས་ལྷ་མིའི་བར་དུ་གཉེན་འབྲེལ་ཡང་བྱུང་།
བོད་ཡུལ་དུ་མཐའ་དམག་གི་འཇིགས་པ་བྱུང་དུས།
ལྷ་མི་མཉམ་འབྲེལ་གྱིས་རང་སྲོག་འབེན་དུ་བཞག་ནས་རང་ས་སྲུང་སྐྱོབ་བྱས།
དེ་དུས་གཞི་བདག་གི་བུ་རྒྱུད་ཚོའི་ལུས་ལ་མདེའུ་མ་ཟུག་པའི་ལོ་རྒྱུས་ཡོད་ལ།
དེ་དུས་གཞི་བདག་གི་ཆོ་འཕྲུལ་གྱིས་བོད་པ་ཚོར་ལམ་སྣ་བསྟན་པའི་གཏམ་རྒྱུད་ཀྱང་གང་མང་བྱུང་།
དེ་དུས་རི་མགོ་མཐོ་ས་རུ་དར་ཚོན་གྱིས་བརྒྱན་པའི་ལ་རྩེ་དང་བསང་ཁྲི་ཡོད་ཅིང་།
དུང་དཀར་གྱི་དབྱངས་སྙན་ཁྲོད་ན་ལྷ་མི་མཉམ་འཛོམས་དང་ལྷ་མིའི་རྨི་ལམ་ཡོད།
ལོ་ངོ་བཅུ་ཕྲག་འགའི་རིང་ནས་བཟུང་།
སྲིད་གཞུང་གི་བཀའ་བཞིན་འབྲོག་པ་ཚོ་རོང་སར་སྤོས་པས།
གཡུ་སྦྲ་སྨུག་པོ་དག་རེ་རེ་བཞིན་ལྟེབས་བརྩེགས་བརྒྱབ་ཅིང་།
བསང་ཁྲི་མཐོན་པོ་དག་རེ་རེ་བཞིན་ཞིག་རྡིབ་ཏུ་སོང་བས།
ལྷ་མིའི་ཁ་ཐག་ཀྱང་ཇེ་རིང་ནས་ཇེ་རིང་དུ་གྱུར།
ལྷ་མིའི་གཉེན་འབྲེལ་ཡང་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར།
སྔོན་ཆད་ཀྱི་གངས་འདབས་དང་རྫ་འདབས་ཀྱི་སྣང་བ་སྐྱིད་པོ་དེ་ཚོ།
དེ་རིང་གྲོང་གསེབ་ཀྱི་ཐལ་རྡུལ་དང་ཟང་ཟིང་གིས་བཏུམས་ཤིང་།
དེ་དུས་ཀྱི་ལྷ་བསང་གི་དུ་ཞགས་ཁྲོད་ཀྱི་ལྷ་མིའི་བརྩེ་དུང་ཟབ་མོ་དེ།
ད་ལྟ་དངུལ་ལོར་ཁོ་ན་མ་གཏོགས་བསམ་རྒྱུ་མེད་པའི་རིག་གཞུང་ཞིག་གིས་ཡོངས་སུ་བསྡམས་འདུག
ལྷ་དང་མིའི་བར་ཐག་ཇེ་རིང་དུ་སོང་བ་ནས་བཟུང་སྟེ།
བོད་ཡུལ་དུ་ས་ཡོམ་བརྒྱབ་སོང་།
བོད་ཡུལ་དུ་ཆུ་ལོག་བརྒྱུགས་སོང་།
བོད་ཡུལ་དུ་ནད་ཡམས་ཁྱབ་བྱུང་།
བོད་ཡུལ་དུ་མུན་པ་འཐིབས་བྱུང་།
ལྷ་མིའི་འབྲེལ་ཐག་ཆད་པའི་ཉིན་མོར།
ངའི་ཕ་ཡུལ་དུ་ཚད་རིམ་བདུན་གྱི་རླུང་དམར་གཡུགས་བྱུང་།
འཇིགས་སུ་རུང་བའི་རླུང་དམར་དེས་ལྷ་དང་རིང་དུ་གྱེས་པའི་མི་རིགས་ཤིག་གི་ཡུལ་ལྗོངས་བཏུམས་སོང་།
བརྗེད་པར་དཀའ་བའི་རླུང་དམར་དེ་ལས་མི་དང་ཁ་ཐག་རིང་བའི་ལྷ་ཚོགས་ཤིག་གི་སྐྱོ་གདུང་རྟོགས་བྱུང་།
ཨོ་སྙན་ངག་ཟེར་ནོ་སྐྱག་པ་གཏོང་སྟངས་བྱེད་ཀྱིན་འདུག སྐྱག་པ་གཏོང་ན་བཙུར་དགོས་མོད། ཁྱོའི་སྙན་ངག་བཙུར་མི་དགོས་པར་འབྲི་གི་ཡོད་པ་འདྲ།
བླ་རྒན་རྐུབ་བཤད་མ་རྒྱག ལྷོ་ཕྱོགས་ནས་ལག་པས་འཁྲུད་དགོས་པ་དེ་་་་ ་་་་
དཀོན་མཆོག་གསུམ།
གཞི་བདག་ཟེར་བ་དེ་རྣ་བས་གོ་མྱོང་ཙམ་ཡིན། ཐུགས་ལ་ཕོགས་མི་ཉན། ངོ་མ་ཡིན།
གཞི་བདག་གི་ལྷ་དེ་ཚོའི་ཆོ་འཕྲུལ་རྣམས་ཁ་སང་དེ་རིང་གི་དུས་ཚོད་ལ་དགོས་མཁོ་ཆེ་གི་མོད།
འོན་ཀྱང་་་་་་་་་་་་་་་་་་
རྒན་ཀླུ་སྨྱོན་པ་ལགས། དགེ་བསྙེན་ཕྱིང་དཀར་བ་ཞེས་པ་དང་། ནེ་སེར་ཕྱིང་དཀར་བ་གཉིས་ལ་ཁྱད་པར་གང་ཡོད་དམ།
འདི་གཉིས་ཆོས་སྐྱོང་གཅིག་རེད། ཇོ་བོ་རྗེས་རྒྱ་གར་ནས་ཁྲིད་འོངས་ཏེ་བཀའ་གདམས་པའི་སྲུང་མར་བསྐོས་ཤིང་། རྗེས་སུ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་དུས་སུ་ནེའུ་སེར་ཇོ་བོ་རྒྱལ་མཚན་ཞེས་སུ་ཡང་གྲགས་ལ། དེ་གནས་སའི་རི་འདབས་སུ་དགོན་པ་ཞིག་ཡོད་པའི་མིང་ལ་རྣམ་དག་ཁྲིམས་ལྡན་གླིང་ཞེས་སུ་གྲགས་ཤིང་། རྗེས་སུ་མདོ་སྨད་མང་ཡུལ་དུ་དགེ་བསྙེན་ཕྱིང་དཀར་བ་གནས་པར་གྲགས་པའི་རི་འདབས་སུ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་གིས་ཐར་ཤུལ་དགོན་ཕྱག་འདེབས་མཛད་པ་དང་། བླ་བྲང་ཨ་ལགས་བླ་ཁོ་རྡོ་རྗེ་འཆང་ཚང་གིས་བཀའ་གདམས་པའི་བསྟན་པ་དར་བའི་རྟེན་འབྲེལ་ཞིག་ལ་དགོངས་ཏེ་དགོན་མིང་དུ་རྣམ་དག་ཁྲིམས་ལྡན་གླིང་ཞེས་བསྔགས། དགེ་བསྙེན་འདི་ནི་རྟ་དཀར་ཞིག་ལ་བཅིབས་ཤིང་ཕྱག་གཡས་སུ་ནོར་གཞོང་དང་གཡོན་པས་མདུང་རིང་བསྣམས་པ་ཞིག་ཡིན། པཎ་ཆེན་ཆོས་རྒྱན་གྱིས་མཛད་པའི་ལྷ་འདིའི་གསོལ་མཆོད་ཐུང་ཐུང་ཞིག་ཡོད་པའི་མགོར། ཀྱེ། །མར་མེ་མཛད་སོགས་རྩ་བརྒྱུད་བླ་མ་ཡི། །བཀའ་སྡོད་ལྷ་ཡི་དགེ་བསྙེན་ཕྱིང་དཀར་བ། །ནེའུ་སེར་ཇོ་བོ་རྒྱལ་མཚན་ཞེས་པ་གྲགས་པ། །ཞེས་པ་ཞིག་འདུག
རིག་གནས་གསར་བརྗེའི་སྐབས་སུ་ཡོངས་འཛིན་རྡོ་རྗེ་འཆང་ཚང་གིས་མང་རའི་མཆོད་རྟེན་ཐང་དུ་ངལ་རྩོལ་སྒྱུར་བཀོད་ཅེས་པའི་ལས་ཀ་གནང་བཞིན་བཞུགས་པའི་དུས་ཀྱི་དབྱར་གཞུང་ཞིག་ལ། ས་དེའི་སྟོད་ཕྱོགས་སུ་ཡོད་པའི་མང་རའི་རྡོ་དཀར་ཐང་ཞེས་པའི་རྩྭ་ཐང་དུ་སྔོན་ཆད་ཀྱི་ཐར་ཤུལ་དགོན་པའི་གྲྭ་ལོག་བྱང་ཆུབ་ཅེས་པའི་ཆུང་མ་སྒྲོལ་ལོ་ཞེས་པས་ནོར་ལྷས་སུ་ལྕི་བ་དབོར་བཞིན་པའི་དུས་སུ། གློ་བུར་དུ་ནམ་མཁའ་ནས་སྒྲ་ཆེན་པོ་ཞིག་ཐོས་ཏེ་མགོ་བོ་ཡར་བཀྱགས་ནས་བལྟས་པ་ན། བར་སྣང་ཁམས་སུ་རི་ཆུང་ཞིག་གི་ཚད་ཙམ་ཡོད་པའི་གཞི་བདག་རྟ་དཀར་པོ་ཞོན་ཅིང་མདུང་རིང་ནམ་མཁར་ཟུག་པ་བསྣམས་པ་ཞིག་འུར་སྒྲ་དང་བཅས་ཡོངས་འཛིན་ཚང་བཞུགས་པའི་ས་ཕྱོགས་སུ་བསྐྱོད་སོང་བ་མཐོང་མོད་ལྷ་འདྲེ་གདོན་བགེགས་སུ་བགྲངས་ཏེ་འཐབ་རྩོད་བྱེད་པར་སྐྲག་ནས་སུ་ཞིག་ལ་ཡང་སྨྲ་མ་ཕོད། རྗེས་སུ་སྲིད་ཇུས་གུ་ཡངས་ཐོབ་རྗེས་མོས་མི་གཞན་ལ་སྨྲས་པ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཁོ་བོས་ཀྱང་ཐོས།
དྲ་གྲོགས་འོད་ཡུག་པ་ལགས།
ཁྱེད་བདེ་བར་སྨོན། རང་རེའི་སྤྱི་ཚོགས་ཁྲོད་བོད་ཡིག་དྲ་རྒྱའི་ལམ་ཁ་ཕྱེ་བ་ནས་ད་བར་ངས་དྲ་ཚིག་ཚང་མ་ཉུལ་ཟིན་ཟེར་ན་ཧམ་བཤད་ཆེ་བར་མཐོང་ཡང་ཕལ་ཆེར་ངས་བལྟ་ཀློག་ཟིན་པ་ཡིན་མོད་ཀྱང་《འོད་ཡུག་པ》 ཟེར་བའི་མིང་དེ་ད་བར་མཐོང་རིགས་མ་བྱུང་ལ་དེ་ལྟར་མཐོང་ན་མཉམས་པའི་བསམ་ཚུལ་ཞིག་ཡོད་པ་ནི་ཐེངས་གཅིག་གཉིས་མིན། དེའི་ཕྱོར་ཁྱེད་གནས་འདི་ན་ད་བཟོད་ཕེབས་བྱུང་བར་བཀྲ་ཤིས་བདེ་ལེགས་ཞུ་བ་དང་སླད་མར་ཕན་ཚུན་ཁ་བརྡ་འདྲ་ཡོང་བའི་སྨོན་འདུན་ཞུ།
འོད་ཡུག་པས་འོད་ཡུག་པར་སྤྲིངས།
འོད་ཡུག་པའི་འཁྱམས་པོ་ལགས། ཁྱེད་རང་འོད་ཡུག་ནས་ཡིན་ནམ། ང་གཙང་འོད་ཡུག་ནས་ཡིན། ངས་ཁྱེད་རང་ངའི་ལུང་པ་གཅིག་པ་ཡིན་ས་རེད་བསམ། འོད་ཡུག་པ་རིགས་པའི་སེང་གེ་དང་ལུང་པ་གཅིག་པ་ཡིན་ནམ།
རྒན་ཀླུ་སྨྱོན་ལགས། ངའི་དྲི་བར་ཁྱེད་རང་ནས་ལན་གནང་བར་ཐུགས་རྗེ་ཆེ། ཀྱེ་མར་མེ་མཛད་ཅེས་པའི་འཕྲིན་བཅོལ་དེ་ངས་ཉིན་རེར་བཞིན་གདོན་གྱི་ཡོད།
སྙན་ངག་པ་ཁོང་གི་ཚིག་སྦྱོར་དང་དོན་གྱི་སྒྲིག་རིམ་ལ་དངོས་གནས་གཞན་དང་མི་འདྲ་བའི་ཁྱད་ཆོས་མང་གི
དྲ་གྲོགས་འོད་ཡུག་པ་ལགས་ཕན་ཚུན་ཁ་བརྡ་བྱེད་འདོད་ན་ངའི་འབྲེལ་ཐག་འདིར་བཀོད་ཡོད།
ttseten33@yahoo.com