ཨ་རིག་དགེ་མཐོང་།
ལས་ཀྱི་རྦབ་རྡོ་རི་བོའི་རྩེ་ནས་འགྲིལ།།
འཁོར་བའི་ཡམ་ཤིང་ལྷ་ཡི་ཕྱག་ནས་ཆག །
སྣང་བའི་རྨུ་ཐག་འདི་ཕྱིའི་མཚམས་ལ་སྦྲེལ།།
མུན་པའི་འཇིག་རྟེན་སྨག་ཆེན་ཚོར་བས་བརྟོལ།།
མི་ཁའི་ལྕགས་སྒྲོག་འདོ་བའི་རྐང་སྣེར་ཟུག།
རེ་བའི་རྟ་ཕོ་བ་ཡན་ཐང་ནས་ཆད།།
ལས་རླུང་དར་ལྕོག་རི་བོའི་དབུ་རྩེེར་བཏགས།།
ལྷ་ཀླུ་གཞི་བདག་ཤ་ཚིལ་སྣུམ་པོར་འཁོར།།
མིག་ཟུང་བྲུས་པའི་ཕྱོགས་ཞེན་དེ་ཕོ་ཡིས།།
བདེན་པའི་ཞིང་ཁམས་མཐོང་བ་ཡོད་རེ་སྐན།།
ལོ་རྒྱུས་མེ་ལོང་སྦྲུལ་གྱི་ལྕེ་ཡིས་བལྡགས།།
ལྷ་དང་བླ་མའི་བྱབས་ཁྲུས་དུས་སུ་བབས།།
རྫུན་གྱི་ས་རྡུལ་དམངས་ཀྱི་སེམས་སུ་འབྱར།།
ས་སྲོད་བྱ་བརྒྱའི་ཨག་སྐད་རྣ་བར་གཟན།།
དགོན་པའི་འདུ་ཁང་སྲིད་ཀྱི་མེ་ཡིས་སྐྱོམ།།
དམ་ཆོས་འདུལ་བ་ཚིག་པའི་གཞོབ་དྲི་འཐུལ།།
བྱེ་མའི་རིལ་བུ་བརྩིགས་པའི་ལྷ་སྐུ་དང་།།
བྱི་ལའི་རྟུག་རླུང་རང་གི་གདོང་ལ་ལྡིང་།།
ཝ་སྤྱང་ཐབས་བྱུས་རྩྭ་ཡི་ཐག་པ་ནི།།
རི་བོང་བློ་ལྡན་བློ་གྲོས་མེ་ཡིས་བསྲེགས།།
ཤར་ཕྱོགས་ལྷ་ལ་བསླུ་བྲིད་ཨེ་འགྲོ་བལྟས།།
ལྷོ་ཕྱོགས་བདུད་ཀྱི་ཆོ་འཕྲུལ་ཡིད་ལ་ཞུགས།།
ནུབ་ཕྱོགས་ཀླུ་ལ་ངོ་དགའ་སྤྲེལ་ལད་འཁྲབ།།
བྱང་ཕྱོགས་ཡུལ་ལྷའི་མདུན་ན་ཐར་ས་མེད།།
༢༠༡༦/༠༤/༠༦ ཉིན་སྐད་འཕྲིན་གྱི་ཚོམས་ཤིག་ཏུ་བགྲོ་གླེང་གི་རྩོད་པ་ལ་ཆ་ཤས་བླངས་སྐབས་ཁ་པར་ནང་དུ་ཡི་གེར་བཏབས།
ཚིག་གིས་བཏུམས་པའི་དོན་བྱ་དེས།།
སེམས་ལ་འཇིགས་པ་སྟེར་བར་འདུག།
རླུང་བུ་འགན་ཁུར་མེད་པ་དག།
སྲོག་ལ་ཞུགས་པ་དེ་བས་འཇིགས།།
ངག་ལ་འཁྱལ་བའི་ཚིག་ཞུགས་པ།།
དེ་དེས་མཐུན་པའི་ལམ་གྱི་མདོ།།
རེ་བའི་ཞིང་ལ་བསྲིངས་པ་ཡང་།།
དོན་མེད་མུན་པའི་གཞུང་ལ་བཏབས།།
ཅེས་ཀྱང་རྩོམ་མཁན་ཁྱེད་ཀྱི་གཟས་ཕྱོགས་དེར་བཤད་འདོད་དོ།།
མངོན་པར་བསྟོད་དོ།
འཇིགས་རུང་འུ་ཚུགས་སྟག་གི་སྡེར་བར་ནས།།
བདེན་པའི་རྟའུ་ཐར་བའི་ལམ་ཞིག་མེད།།
གང་ལྟར་གཞིས་བྱེས་གཉིས་ལ་དགོས་པའི་འོས།།
དུས་རབས་འདི་ལ་རེ་བའི་སྐབས་ཞིག་དབེན།།