ཁ་བའི་རྣམ་ཤེས།
འོད་གསལ་བེདྲུར་ཞུན་མའི་ཆུ་གཏེར་ཆེ།།
ལྷན་སྐྱེས་བདེ་ཆེན་བསེར་བུའི་རྔ་ཡབ་ཀྱིས།།
དལ་བུར་སྐུལ་བས་འཕྲིན་ལས་རླབས་ཀྱི་ཕྲེང་།།
འཛད་མེད་གཡོ་བའི་དགའ་སྟོན་འབུམ་གྱི་དབུས།།
མ་རིག་ཉོན་མོངས་འདམ་གྱིས་མ་གོས་པའི།།
བློ་གྲོས་འདབ་སྟོང་གེ་སར་རྒྱས་པའི་སྟེང་།།
ལྷག་བསམ་ཉ་གང་ཟླ་བའི་དཀྱིལ་འཁོར་དུ།།
རྨད་བྱུང་མཚན་དཔེའི་དཔལ་འཛིན་ལྷ་མོ་ནི།།
བརྒྱད་གཉིས་ལང་ཚོ་དར་བའི་མཛེས་སྡུག་ངོམ།།
ཡིད་འཕྲོག་པད་དཀར་གཞོན་ནུའི་མཛེས་ཞལ་དུ།།
སྤྱན་ཟུང་བུང་བ་རྩེན་པའི་གར་ལ་འགྲན།།
ཉི་མའི་འོད་ཀྱིས་བྲན་པའི་བྱུ་རུ་ལྟར།།
མཆུ་སྒྲོས་འདབ་མ་ཅུང་ཟད་འཛུམ་པའི་དབུས།།
ཚེམས་བཟང་གེ་སར་ཕྲེང་བ་ཚར་དུ་དངར།།
འཇམ་མཉེན་ལྗགས་ཡངས་སྦྲང་རྩིའི་དོག་པ་ལས།།
དྲི་ཞིམ་རླུང་ཁམས་བདུད་རྩིའི་ཟེགས་མ་འཕྱོ།།
གཞན་ཡང་དྲི་འཛིན་མཁུར་ཚོས་སྨིན་མ་སོགས།།
མཐོ་རིས་བཟོ་བོས་པིར་གྱིས་བྲིས་པ་བཞིན།།
ལྟ་བས་མི་ངོམ་ཆ་ཤས་ཀུན་ནས་རྫོགས།།
ཡིད་འོང་ནམ་འཁའི་འོད་དང་འགྲོགས་པ་ཡི།།
གནག་སྣུམ་གཡས་སུ་འཁྱིལ་བའི་སྐྲ་ཡི་ཚོགས།།
སེང་གེའི་འགྱིང་སྟབས་ཕྲག་པའི་ཟོར་དུ་འཕྱང་།།
ཟླ་ཕྱེད་འོད་དཀར་འབར་བའི་སྤྱི་བོ་རུ།།
རིན་ཆེན་ས་ལེ་སྦྲམ་གྱི་དབུ་རྒྱན་གསོལ།།
ཁྲ་ཚོམ་གཡུ་དང་བྱུ་རུ་མ་ནི་ཀ།
མུ་ཏིག་འོད་ཆགས་ཐོས་འཛིན་དབང་པོར་འཁྱུད།
དུང་གི་སྡོང་པོར་རིན་ཆེན་འཕྱང་འཕྲུལ་ཅན།།
ཕང་ཕུང་གཡོ་བའི་གར་ལ་འགྲན་པ་བཞིན།།
སྣ་མང་མགུལ་རྒྱན་མིག་གི་བདུད་རྩི་ཉིད།།
དཀར་འཇམ་བྲང་ལ་མཁྲངས་ཤིང་ཟླུམ་པ་ཡི།།
ནུ་འབུར་རབ་རྒྱས་བདུད་རྩིས་སྦྲུམ་པ་ཡིས།།
རྒྱལ་རྣམས་རྡོ་རྗེའི་ཆགས་པར་སྦྱོར་དང་ལྷན།།
འདོད་ལྡན་ཡིད་ཀྱི་བརྟན་པ་དབང་མེད་འཕྲོག།
ཉི་མའི་ཟེར་གྱིས་མྱོས་པའི་ཁ་བའི་རི།།
དབང་པོའི་གཞུ་དང་ལྷན་ཅིག་རྩེན་པ་བཞིན།།
ལྷ་རྫས་དར་གྱི་ན་བཟས་སྐུ་སྟོད་ཁེབས།།
འདབ་བརྒྱའི་རྩ་ལག་འོ་མས་བཀྲུས་པ་ལྟར།།
མཉེན་ལྕུག་འཁྲི་ཤིང་གཞོན་ནུའི་འཛིན་བྱེད་ཟུང་།།
རྩོལ་མེད་ཕྱག་སོར་འགུལ་བའི་རྩེ་མོ་རུ།།
ཆོས་ཀུན་དབྱངས་སུ་འདྲེན་པའི་ཏམ་བུ་ར།།
སྙན་འཇེབས་རྣ་བའི་བཅུད་དུ་རྡུང་བའི་ཚེ།།
གསེར་མངལ་ཅན་ཡང་མི་མངོན་དབྱིངས་སུ་བྲོས།།
ཡིད་འོང་སྐེད་སྐབས་ཕྲ་ཞིང་ལྡེམ་པ་ལས།།
སྲབ་འཇམ་ཡང་བའི་སྨད་གོས་ལྷབ་ལྷུབ་གཡོ།།
པུན་ཌ་རི་ཀའི་འདབ་མ་ལ་འཁུ་བའི།།
རིན་ཆེན་གདུ་བུས་མཛེས་པའི་ཞབས་པད་ཟུང་།།
བརྐྱང་སྐུམ་སྟབས་ཀྱིས་འཇོ་སྒེག་གར་ལ་རོལ།།
དེ་ལྟར་མཚར་སྡུག་ལང་ཚོའི་དཔལ་འཛིན་མ།།
ལོངས་སྤྱོད་འཁོར་ལོར་དམ་དུ་འཁྱུད་པ་ཡིས།།
རྣ་བའི་བཅུད་ལེན་ལེགས་བཤད་གསར་པའི་གླུ།
ལེན་མཁན་སྔོན་བྱོན་མེས་པོའི་དགའ་མ་ཁྱོད།།
མ་འོངས་བློ་གསར་གཞོན་ནུའི་སྐྱེས་མར་བསུ།
གངས་ཅན་མི་རབས་གསར་པའི་ཨ་མར་བསུ།།
སྡོམ་གཙང་ངུར་སྨྲིག་འཛིན་པའི་དགའ་རོགས་བསུ།།
སྒོམ་ཆེན་དཀའ་ཐུབ་ཅན་གྱི་སྐྱོ་རོགས་བསུ།།
སྔགས་འཆང་གྲུབ་ཐོབ་བརྒྱ་ཡི་རིག་མར་བསུ།
སྨྱུག་ཐོགས་མཁས་པ་སྟོང་གི་རྩེ་རོགས་བསུ།།
དྲུག་འགྱུར་གླུ་མ་འབུམ་གྱི་རམ་འདེགས་བསུ།།
མཐོང་གྲོལ་མཚན་དཔེའི་དཔལ་འབར་ལྷ་མོ་ཁྱོད།།
བདག་སྙིང་ཆོས་ཀྱི་འཁོར་ལོའི་དགའ་ཚལ་དུ།།
དམར་ཆུང་འདབ་བརྒྱད་ཟེ་འབྲུ་རྒྱས་པའི་དབུས།།
ཞབས་སེན་འོད་ཆགས་མཚན་རིས་འབར་བ་ཅན།།
མི་འགྱུར་ཕྱག་རྒྱ་བརྒྱ་ཡིས་རྒྱས་བཏབ་སྟེ།།
བདེ་དགའི་རླུང་སེམས་གྱེན་དུ་འཕྱུར་བའི་མཐུས།།
མགྲིན་པའི་རྩ་མདུད་གྲོལ་བའི་དཀྱིལ་འཁོར་དུ།།
གཞན་ཕན་འོ་མའི་རྒྱ་མཚོ་འཁྱིལ་བའི་དབུས།།
ཉམས་འགྱུར་སྟོང་གི་རླབས་ཕྲེང་གཡོ་བ་ལས།།
དགྱེས་འཛུམ་དབུ་བ་དཀར་པོའི་རྩེ་འཇོ་ཅན།།
ངག་གི་འདོད་དགུ་འཇོ་བའི་དངོས་གྲུབ་སྩོལ།།