གཡུ་སྒང་དགེ་འདུན།
ཞལ་ཁྱིམ་སྟོན་ཟླའི་དཔལ་ལ་སྐྱེངས་སྟེར་མ།།
སྤྱན་ཟུར་ཟླ་དཀྱིལ་རི་བོང་གཡོ་ལྡན་མ།།
ཚེམས་ཕྲེང་ཟླ་འོད་སྟོང་གི་མདངས་འཛིན་མ།།
ཟླ་བའི་མ་མ་ལས་བྱུང་ཡིད་འཕྲོག་མ།།
ཐུགས་བརྩེ་འོ་མའི་མཚོ་ལས་བྱུང་འདྲ་མ།།
འོ་འཛིན་དུང་གིས་སྐྱེ་འགྲོ་འགུག་བྱེད་མ།།
ལུས་ཅན་བློ་ལ་ཤེས་བྱའི་དཔལ་སྟེར་མ།།
ངག་ལ་དབང་བསྒྱུར་དྲི་ཟའི་ན་ཆུང་མ།།
སྐྱེ་རྒུའི་འདོད་སྐོང་དཔག་བསམ་ལྗོན་བཟང་མ།།
འཇམ་མཉེན་ཕྱག་ཏུ་ཏམྦུ་ར་བསྣམས་མ།།
སོར་བཅུའི་འདབ་མས་དཀྲོལ་ལ་བྱང་ཆུབ་མ།།
ཚངས་པའི་དབྱངས་ལྡན་རིག་པའི་བློ་གཏེར་མ།།
འཆད་པའི་འོད་ཀྱིས་རྨོངས་བློ་ཀུན་སེལ་མ།།
རྩོད་པའི་རྩེ་བརྒྱས་ཕས་རྒོལ་ཀླད་འགེམས་མ།།
རྩོམ་པའི་སྡེབ་ལེགས་མེ་ཏོག་ཕྲེང་འཛིན་མ།།
ལྷ་མོ་སྟོང་གིས་བསྒྲིན་མེད་དབྱངས་ཅན་མ།།
ཐུགས་ཀྱི་ནམ་མཁར་ཆོས་ཀུན་གསལ་མཛད་མ།།
གསུང་གི་སྤྲིན་ལས་ལེགས་བཤད་ཆར་འབེབས་མ།།
སྐུ་ཡིས་ཆུ་ཤེལ་དབང་པོའི་དཔལ་འཛིན་མ།།
ཚངས་པའི་སྲས་མོར་སྒོ་གསུམ་ཕྱག་གིས་བསྟོད།།
༢༠༢༡ །༠༦།༠༥ ཉིན་ཕུལ།
ཏམྦུ་ར་བསྣམ་བློ་གཏེར་མ། །
ངག་གི་ལྷ་མོ་ཚངས་སྲས་མ། །
ཐུགས་ཀྱིས་བློ་མུན་ཀུན་སེལ་མ། །
དབྱངས་ཅན་ལྷ་མོར་གུས་ཕྱག་འཚལ། །