ཨེ་མ་ཧོ།
ན་མོ་གུ་རུ་པདྨ་ཀ་ར་ཡེ།
ཀ་དག་སྤྲོས་པ་བྲལ་བའི་ཆོས་དབྱིངས་ཀློང་ན།།
ཁ་དོག་སྣ་ཚོགས་ལྷུན་གྲུབ་ཞིང་གི་དབུས་ནས།།
ག་སར་གང་འདུལ་མཛད་པའི་ལྷ་མོ་དོན་གྲུབ།།
ང་ཚོའི་ཞི་བདེའི་དེད་དཔོན་འཛམ་གླིང་ཉི་མ།།
ཅ་ཅོས་མི་གྱ་ངན་པས་སྒྲོ་བཀུར་འདེབས་རུང་།།
ཆ་ལུགས་དགེ་སྦྱོང་དམ་པ་སངས་རྒྱས་གསོན་པོ།།
ཇ་བཟང་ཚེགས་ལ་དྲངས་བཞིན་ངེས་ཤེས་ཟབ་མོ།
ཉ་གང་ཚེས་བཞིན་ཟབ་རྒྱས་འཛམ་གླིང་ཟླ་བ།།
ཏ་ལེ་འཆར་བའི་གསང་གསུམ་འཕྲིན་ལས་རྒྱལ་པོ། །
ཐ་དག་མཐུན་སྒྲིལ་ཕྱོགས་པའི་སྤྱན་རས་གཟིགས་དབང་། །
ད་ལྟའི་དུས་རབས་འདྲེན་པའི་སྤྲུལ་པའི་སྐུ་མཆོག །
ན་གཞོན་བགྲེས་རྒུད་དབེན་པའི་འཛམ་གླིང་སྐར་ཆེན། །
པ་ར་མི་ཏའི་ཕྱིན་དྲུག་སྤྱོད་པ་མཛད་ཅིང་། །
ཕ་མེས་ཡང་མེར་དགོངས་པའི་ཤེས་རྒྱ་ཅན་པོ། །
བ་ལང་ངན་ཤོར་སོང་བའི་སྤྲེལ་རྒྱུད་དག་ལ། །
མ་རྒན་དྲིན་ཆེན་ལྟ་བུ་དོན་གྲུབ་ལྷ་མོ། །
ཙ་ར་ཐག་བཅད་འཁྲུལ་མེད་པའི་སྤྲུལ་པའི་སྐུ་མཆོག །
ཚ་གྲང་དཀའ་བརྩོན་ཕྱིན་པའི་དགེ་བཤེས་ཆེན་མོ། །
ཛ་ཡའི་བསྟན་པའི་བདག་པོ་དགེ་སློང་ཆེན་པོ། །
ཝ་ལེར་གངས་རིའི་མགོན་པོ་བསྟན་འཛིན་རྒྱ་མཚོ། །
ཞྭ་གོས་སྣ་ཚོགས་གྱོན་ནས་འགྲོ་ཁམས་འདུལ་ཞིང་། །
ཟ་ཧོར་མཁན་པོའི་འདུལ་འཛིན་ཤཱཀྱའི་དགེ་སྦྱོང་། །
འ་ཅག་ལས་ཀྱིས་གྲུབ་པའི་གྲུ་འཛིན་བདག་པོ། །
ཡ་རབ་ཞི་བདེ་གླིང་པར་ཞབས་བརྟན་སྨོན་ནོ། །
ར་བ་གངས་ཅན་བོད་པའི་སེམས་ཀྱི་འཁྲི་ས། །
ལ་ལུང་ངེས་མེད་ཕེབས་ཀྱང་གདོང་དམར་ཡོངས་པ། །
ཤ་ཞེན་རུས་པ་དཀར་པོ་དུང་ལས་གྲུབ་པའི། །
ས་མཐའི་འཁོར་སྒྱུར་གཉིས་པ་སྐུ་ཚེ་བརྟན་སྨོན། །
ཧ་ཅང་དགའ་སྐྱོ་འདྲེས་མའི་ཀུན་རྟོག་རི་མོ། །
ཨ་བུ་ཧྲལ་བོས་གང་དྲན་ཤར་མར་བྲིས་ན། །
དཔལ་ལྡན་རིག་འཛིན་བརྒྱུད་པའི་བཞེད་དོན་འགྲུབ་ནས། །
འགྲོ་ཁམས་དོང་སྤྲུགས་ནུས་པའི་རྟེན་འབྲེལ་ཞུའོ། །
ཞེས་པ་འདི་ནི་རབ་རྒྱན་ཆུ་སྦྲུལ་སྨིན་ཟླའི་དཀར་ཕྱོགས་རྒྱལ་བ་གཉིས་པར་མཁའ་འགྲོ་དཔལ་ལྡན་ལྷ་མོས་བསྐུལ་བ་བཞིན་དུ་འཛམ་གླིང་ཞི་བདེ་གླིང་པར་རྟེན་འབྲེལ་འཚམས་རྟགས་སུ་ཤྲྰི་ཨེ་མ་ཧོས་གུས་པས་ཨེ་ཝྃ་ཆོས་སྨན་ཁང་དུ་སྦྱར་བར་དགེའོ། དགེའོ། དགེའོ།། །།
༧གོང་ས་རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྒྱ་ཕྲག་བརྟན་པར་ཤོག བོད་གཞི་བྱེས་མཉམ་འཛོམ་ཡོང་བར་ཤོག
ཞི་བདེའི་གཟེངས་རྟགས་ཐོབ་པའི་རྟེན་འབྲེལ་ཉི་མ་ལ་བཀྲ་ཤིས་བདེ་ལེགས་ཞུ། །
ཀ་ཁ་ག་ངའི་དར་ཡུལ་བོད། །
ཁ་བའི་ལྗོངས་ཀྱི་མགོན་གཅིག་པུ། །
ག་བར་ཕེབས་ཀྱང་ཕན་མཛད་པ། །
ང་ཚོའི་མགོན་སྐྱབས་ཡུན་བརྟན་ཤོག །