ཨ་འདུས་སྐལ་བཟང་རྒྱ་མཚོས།
———ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པའི་བཀའ་རྩོམ་བཀླགས་རྗེས།
སྙན་འཇེབས་གསུང་གི་འགྱུར་ཁུག་རེ་ན་ལེགས་བཤད་གསེར་གྱི་འོད་ཕྲེང་རེ།།
རབ་དཀར་ཞལ་གྱི་འཛུམ་དམུལ་རེ་ན་སྐྱོ་གདུང་གཤགས་པའི་བྱམས་བརྩེ་རེ།།
ཡིད་འོང་མཉེན་ལྕུག་ཕྱག་རྒྱ་རེ་ན་དད་འདུན་འགུག་པའི་སྒྱུ་འཕྲུལ་རེ།།
བསམ་ཡས་རིག་པའི་འཁྱུག་ཤེད་རེ་ན་འགྲོ་དྲུག་སྐྱོང་བའི་ཟློས་གར་རེ།།
ཁྱོད་ནི་ཚན་རྩལ་རིག་པ་མིན་ཡང་སླད་མར་ཕན་པའི་སྨན་ཕུང་ཞིག།
ཁྱོད་ནི་དཔག་བསམ་ལྗོན་པ་མིན་ཡང་ཅི་དགོས་སྟེར་བའི་ནོར་བུ་ཞིག།
ཁྱོད་ནི་ཕྱག་ན་རྡོ་རྗེ་མིན་ཡང་བདུད་ཚོགས་བསྲེགས་པའི་རྟོགས་ལྡན་ཞིག།
ཁྱོད་ནི་ཚེ་འདིའི་ཨ་མ་མིན་ཡང་བྱམས་བརྩེའི་ནུ་ཞོས་སྐྱོང་མཁན་ཞིག།
དེ་རིང་ཐོལ་བྱུང་ཁྱོད་གསུང་མཇལ་བས་སྤྲོ་སྐྱིད་ཚོར་བ་དྲག་ཏུ་སྐྱོམ།།
ཟབ་དོན་གསུང་གི་བདུད་རྩིར་མོས་པའི་བདག་ཡིད་ཆང་འཚོལ་ར་བཟི་བཞིན།།
ཤར་ནུབ་གླིང་གི་རྒྱན་དུ་གྱུར་ཁྱོད་སྐར་ཚོགས་ཁྲོད་ཀྱི་དུང་ཟླ་བཞིན།།
ཕུན་ཚོགས་མཚན་གྱི་སྙན་པ་ལྡིར་བ་གཡུ་འབྲུག་འཁྱུགས་པའི་གདངས་འགྲོས་བཞིན།།
ཤར་ཕྱོགས་སྟག་དམར་ཚང་ནས་མཆོངས་ཏེ་གངས་རིའི་ཁྲག་གིས་ཟུངས་ཤུགས་གསོས།།
ཆོལ་གསུམ་སྤྲེའུས་ངོ་ཚ་བརྗེད་དེ་ནང་དམེའི་འཕྲུལ་འཁོར་ཁྱིམ་ལ་བསྐོར།།
ལྷ་མོ་དོན་གྲུབ་བགྲང་བྱ་ཆུང་བས་སྲིད་ཀྱི་སྟེགས་བུར་མ་སླེབ་སྔོན།།
དབུས་འགྱུར་ཞིང་ནི་ཀུན་གྱིས་གཙེ་བའི་དྭ་ཕྲུག་བྱིས་པ་སྣབ་ལུད་བཞིན།།
འགའ་རེར་ཆོལ་ཁའི་ཞེན་ཁོག་སྟུག་པས་ཨ་མདོས་རང་དབང་བཙོངས་སོང་ཟེར།།
ལ་ལ་ཆོས་ཀྱི་འཐེན་འཁྱེར་ཟབ་པས་ཡོད་ཚད་ཞྭ་སེར་བཟོ་དགོས་སྐད།།
ཁྲེལ་མེད་ཚིག་གི་མཚོན་ཆ་འདི་ཚོས་ཁྱོད་ལ་རྨ་ཁ་བཟོ་དཀའ་ཡང༌།།
རང་ཚུགས་མེད་པའི་ཅོལ་ཆུང་ཁོ་བོར་ཟུག་རྔུ་སློང་བའི་དུག་མདའ་ཉིད།།
མི་རབས་འདི་ལ་ཆག་གྲུམ་ཤོར་བ་ལོ་རྒྱུས་ཁྲོད་ཀྱི་ནག་ཉེས་ཡིན།།
གངས་རིའི་བདག་པོ་བས་མཐར་སྤྱུགས་པ་རྩམ་ཟན་པ་ཚོའི་སྡུག་བསྔལ་ཡིན།།
འཇོན་པ་དཀོན་རུང་ཐེངས་འགའ་གླེང་བ་རང་དབང་ལུང་པའི་འགྲོ་ལུགས་ཡིན།།
ཆ་མེད་ཡུལ་ལ་སྡོད་འདོད་མེད་ཀྱང་མུ་ནས་ལྷག་པ་ལས་ཀྱིས་ཡིན།།
ལོ་རྒྱུས་གཙང་མའི་ཐག་སྣེར་འཇུས་ཏེ་བདེན་པའི་ཨུ་ཚུགས་ཤར་ལ་གཏད།།
དྲང་བདེན་ཅན་ཚོའི་རྒྱབ་སྐྱོར་ཐོབ་ཕྱིར་འཛུམ་དང་བདེན་པ་ལྷན་དུ་བརྩེགས།།
དམར་པོའི་དཔུང་གིས་བཙན་གྱིས་འཕྲོག་པའི་ཁ་བའི་རི་གྲོང་ལེགས་ཐོབ་ཕྱིར།།
བདེན་གཏམ་མུ་ཏིག་ཕྲེང་བ་དཀར་པོ་གླིང་བཞིའི་ཁྱོན་ན་འོད་དུ་འཚེར།།
རྩམ་གཟན་པ་ཚོར་ཁྱོད་ཉིད་དབང་བ་ཁྱོད་ཀྱི་གདོད་མའི་དམ་བཅའ་ཡིན།།
འཛམ་གླིང་ཞི་བདེའི་བདག་པོར་གྱུར་བ་ཁྱོད་ཀྱི་ཐུན་མིན་འཕྲིན་ལས་ཞིག།
གཟུར་གནས་དག་གི་འདྲེན་བྱེད་ངོགས་ན་ཁྱོད་ཉིད་བདེན་པའི་བདེན་པ་སྟེ།།
གདོང་དམར་ས་ཡ་དྲུག་གི་སེམས་ན་མྱ་ངན་བསྲེགས་པའི་མེ་དཔུང་ཞིག།
གངས་ཅན་པ་ཚོར་ལར་ཞེན་ཡོད་ན་ཏཱ་ལའི་བླ་མར་ཕྱག་རོགས་མཁོ།།
བསྟན་འཛིན་རྒྱ་མཚོར་དུས་ཚོད་ཡོད་ན་སྤྲེའུ་སྲིན་རིགས་ལ་མུ་ནས་མཁོ།།
བློ་གཉིས་བསྲེས་ཏེ་གླང་ཆེན་བཀྲོངས་ཚུལ་ཆུང་དུས་ཨ་མས་མང་གསུངས་ཤིང༌།།
སེམས་པའི་སྟེང་དུ་བསམ་པ་འདྲེན་པ་རྒྱ་བོད་མཁས་པའི་གདམས་ངག་ཡིན།།
མ་ཎི་བགྲང་པས་བོད་པར་མི་འགྱུར་རྩམ་པ་བཟས་པས་འགྱུར་དོན་མེད།།
བོད་ཆས་གྱོན་ཚད་བོད་མི་ཡིན་ན་དབྱིན་བོད་གཞི་མཐུན་འགོག་པར་དཀའ།།
དེ་ཕྱིར་ཐུན་མིན་རིག་པའི་གཞུང་ལུགས་ཡིད་ལ་འཇགས་རྒྱུ་གལ་ཆེ་ཞེས།།
ཁྱོད་ཀྱི་ངག་ནས་རྒྱུན་དུ་གླེང་བ་ཉམས་མྱོང་རྒན་པོའི་སེམས་གཏམ་ཡིན།།
གསར་རྙིང་གྲུབ་མཐའི་འཐེན་འཁྱེར་རྣོན་པོས་སྤུན་ཟླ་གསོད་པའི་གཡུལ་ཞིག་བཤམས།།
སྐུ་དྲག་ངན་པས་རང་ལྟོ་སྐྱོང་ཕྱིར་བཙན་ཤེད་འབར་བའི་ཁྲལ་ཞིག་བཙུགས།།
བསིལ་ལྡན་ལྗོངས་ཀྱི་ཞི་བདེའི་རྒྱལ་མཚན་གདུག་རྩུབ་རླུང་གིས་ཁྱེར་བའི་ཚེ།།
ཁྱེད་ཀྱིས་གངས་རིའི་བས་མཐའ་ཞིག་ནས་གས་ཆག་རྨ་ཁ་རླུང་གིས་བསྲད།།
ད་ནི་ཁྱོད་ཀྱི་བྱང་སེམས་དྭངས་མ་གོ་ལ་ཟླུམ་པོའི་སྲོག་རྩར་གྱུར།།
ད་ནི་ཁྱོད་ཀྱི་མི་རིགས་གཤའ་མ་ཤར་ནུབ་སྐྱེ་བོའི་བློ་ལ་བྱན།།
ད་ནི་ཁྱོད་ཀྱི་རེ་སྙེགས་དྲོན་མོར་དྲང་བདེན་ལོ་རྒྱུས་རླུང་བཞིན་འཕྱུར།།
ད་ནི་དམར་ཕྱོགས་ཙི་ནའི་རིགས་ཀྱང་ལྐོག་ཏུ་ཁྱོད་ཞབས་བསྟེན་ལ་བྲེལ།།
གླིང་རྗེ་གེ་སར་སྲིད་ལ་མཁས་ཀྱང་འཛམ་གླིང་ཧྲིལ་བོ་བཀུག་རབས་མེད།།
སྲོང་བཙན་སྒམ་པོ་བྱམས་སེམས་ཆེ་ཡང་ཞི་བདེའི་གཟེགས་རྟགས་ཐོབ་རབས་མེད།།
ལྔ་བ་ཆེན་པོས་ཀུན་ལ་སྦྱང་རུང་ཁྱོད་ལྟར་རིས་མེད་གནང་རབས་མེད།།
ས་སྟེང་འདི་ན་སྲིད་སྐྱོང་མོད་ཀྱང་ཀུན་ལ་བྱམས་པ་ཁྱོད་ཉིད་ཙམ།།
སུ་ལ་ཐུག་ཀྱང་འཛུམ་གྱིས་བསུ་བ་ཁྱོད་ཀྱི་ཐུན་མིན་རྣམ་འགྱུར་ཞིག།
གང་ཞིག་གསུངས་ཀྱང་བདེན་པར་འགྲེང་བ་ཁྱོད་ཀྱི་བསམ་བློའི་གཤིས་ཀ་ཞིག།
ཅི་ཙམ་མཇལ་ཡང་ངོམས་རྒྱུ་མེད་པ་ཁྱོད་ཀྱི་བྱམས་བརྩེའི་འགུག་ཤུགས་ཤིག།
རྫུན་གཏམ་སྟོང་གི་དྲ་རྒྱ་བརྟོལ་བ་ཁྱོད་ཀྱི་གཡོལ་མེད་འགན་འཁྲི་ཞིག།
མདོར་ན་ཡིད་ལ་བརྐོས་པའི་བཀའ་དྲིན་ཀླད་རུས་འཐོར་ཡང་བརྗེད་ཐབས་བྲལ།།
ཁ་བའི་རེ་སྨོན་བདེན་པར་བསྒྲགས་པས་ལོག་སྨྲ་སྟོང་གི་བཞི་ཤད་བསྲེགས།།
ཟླུམ་གཟུགས་གོ་ལའི་ཁྱོན་ནས་བརྒལ་བའི་འདྲེན་མཆོག་ཁྱོད་ཀྱི་གསང་བ་ཀུན།།
རྣམ་རྟོག་དྲ་བར་རྟག་ཏུ་འཁྱུད་པ་བདག་འདྲའི་རྟོགས་པ་ག་ལ་ཞིག།།
འོན་ཀྱང་སླད་མེད་སེམས་ཚོར་ཞིག་གིས་ཁྱོད་ཀྱི་འཕྲིན་ལས་བརྔོགས་ལ་བྲེལ།།
སྨྱུག་རྩེར་བརྒྱུས་པའི་བསམ་གཞིགས་འབུམ་གྱིས་གང་སྐུའི་སྣང་བརྙན་གསལ་བར་བྱས།།
དད་འདུན་སྐྱོ་གདུང་བརྡར་ནས་འཕྱུར་བའི་བདེན་ཚིག་དྲོད་མོའི་རླབས་ཤུགས་ཀྱིས།།
སྨག་གིས་བསྒྲིབས་པའི་ཆོལ་གསུམ་ཡིད་ལ་རྒྱུན་དུ་ཉི་བཞིན་འཛུམ་པར་ཤོག།།
སྤྲལ་རྒན་བྲག་སྲིན་ནས་བཟུང་ནས། །
ང་དགུའི་བར་གྱི་གངས་ཅན་པའི། །
འབྱུང་རབས་དེབ་གཅིག་ནང་གསལ་བ། །
ངོས་ཀྱི་ཡུལ་དང་མི་མང་དེ། །
སྐད་རིགས་སུམ་ཅུ་ལྷག་ནང་བཞུགས། །
ངོ་མ་ཡག་གི
རྒན་ཀ་རྡོར་ལགས་ཀྱིས་ང་ཚོའི་མིག་རྒྱ་བསྐྱེད་གནང་བར་བཀའ་དྲིན་ཆེ་ཞུ། འདི་ཕལ་ཆེར་ལོ་རྒྱུས་སྟེང་བོད་པས་བྲིས་པ་ཞིག་གཞན་སྐད་ལ་འགྱུར་གྲངས་མང་ཤོས་དེ་ཡིན་རྒྱུ་རེད་ཨང་། ངས་ནམ་ཡང་བསམ་མྱོང་བ་ནི། ༧གོང་ས་མཆོག་གནའ་བོའི་བླ་རྒན་མགོ་མཁྲེག་དེ་ཚོ་ཇི་བཞིན། ཁ་ཁུ་སིམ་ས་ཞིག་ཏུ་སྐུ་མཚམས་བསྡམས་པའི་མི་ཚེ་སྐྱེལ་སྟངས་ཀྱི་རྗེས་སུ་མ་འབྲང་བར་འཛམ་གླིང་གང་སར་ཆོས་ཀྱི་ལམ་སྟོན་དང་། བླང་དོར་གྱི་སྐྱེས་འབུལ་བའི་མཛད་པར་བྲེལ་བར་མ་ཟད། ལེགས་བཤད་སྤེལ་སྟངས་ཀྱི་ཐད་ནས་ཀྱང་སྔོན་གྱི་བླ་རྒན་ཚོ་ཇི་བཞིན། མ་ཎའི་འགྲེལ་བ་རེ་དང་། ཤེར་ཕྱིན་གྱི་མཆན་བུ་རེ། ད་དུང་གཏོ་ཆོག་འགའ་རེ་བསྒྲིགས་ཏེ་མ་བཞུགས་པར། དཔྱོད་པའི་སྤྱན་གྱིས་འཇིག་རྟེན་ཁྱོན་ཡོངས་ཀྱི་བདེ་སྡུག་ལ་གཟིགས་ཏེ། འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་མང་པོ་ཞིག་ངེས་པར་མི་རབས་གསར་པ་ཚོའི་དང་ལེན་བྱེད་ཐུབ་པའི་ཐུགས་རེ་གནང་བཞིིན། དུས་དང་སྐབས་ལ་འཚམས་པའི་གསུང་རྩོམ་མང་པོོ་ཞིག་ང་ཚོའི་མིག་སྔར་བཤམས་མྱོང་བ་རེད་ཨང་།