སྐྱོ་བྲག་དགའ་དབང་།
སྤྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༢༣ ཉིན། ཚ་བ་སྒང་པ་དཔལ་ལྡན་དང་། ངག་དབང་ཕྲིན་ལས་ངེད་གསུམ། ལྷ་མོ་ཙ་མུནྜིའི་མཆོད་མཇལ་ལ་སོང་བ་ཡིན།
ཡུལ་མིའི་བཤད་སྲོལ་ལྟར་ན། ལྷ་མོ་ཙ་མུནྜིའི་གནས་ངོ་མ་ནི་རི་ངོགས་ལ་ཡོད་མོད། རི་ངོགས་ནི་སྔོན་མ་ལོ་དུས་ཕལ་མོ་ཆེ་ཁ་བས་བཟུངས་ཏེ་འགྲོ་འདུག་དཀའ་བས་ལྷ་མོ་ཙ་མུནྜིའི་རྡོ་སྐུ་ཞིག་ཁུར་ཡོང་བ་ཆུ་འགྲམ་གྱི་རྡོ་གནམ་བཏགས་ཉེ་འཁྲིས་སུ་བཞག་པ་ལ་མཆོད་གསོལ་བྱས་ནས་གནས་སུ་གྱུར་སྐད་རེད། གནས་འདིར་ཧིནྡྷུའི་ལྷ་ཁང་གཞི་རྒྱ་ཆེན་པོ་གསར་བཞེངས་བྱས་འདུག་ལ། ཆུའི་ཕར་འགྲམ་དུ་ཉིན་བཞིན་རོ་སྲེག་རྒྱུན་མི་འཆད་པའི་དུར་ཁྲོད་ཆེན་པོ་ཡང་གདའ།
ལྷ་མོ་ཙ་མུནྜི་ནི། སྤྱིར་ལྷ་མོ་ལ། ཨེ་ཀ་ཛ་ཊི། ཙཎྜི་ཀ །དཔལ་ལྡན་ལྷ་མོ་རྗེ་ཁོལ་གཉིས་ཏེ་རིགས་བཞི་ཡོད་པ་ལས་ཙཎྜི་ཀ་ཡིན།
འདི་ཉིད་ཀྱི་སྒྲུབ་མཆོད་ནི། ཀརྨ་གཞན་ཕན་དབང་པོའི་ཆོས་སྐྱོང་རྣམས་ཀྱི་ལོ་རྒྱུས་ལས། ཙཎྜི་ཀ་ནི་ཙ་མུཎྜིའམ་ཙར་ཙི་ཀར་ཡང་གྲགས་ལ། ཐུན་བརྒྱད་ལ་རྒྱུ་བའི་རྣལ་འབྱོར་མ་བརྒྱད་ཀྱི་ཟླར་ཡོད་པས་ཕྱི་རོལ་མུ་སྟེགས་པ་རྣམས་ལའང་ཤིན་ཏུ་དར་རོ། །ཞེས་པ་བཞིན་དར་ཁྱབ་ཆེན་པོ་རེད།
བོད་དུ་ནི། ཀརྨ་གཞན་ཕན་དབང་པོའི་ཆོས་སྐྱོང་རྣམས་ཀྱི་ལོ་རྒྱུས་ལས། སློབ་དཔོན་རི་ཁྲོད་འོད་ཟེར་ཆེན་པོ་ཞེས་བྱ་བས། རི་བོ་པོ་ཊ་ལ་བདུད་རྩི་རྫིང་བུ་རང་བྱུང་སྒྲོལ་མའི་ལྷ་ཁང་ནས་རྒྱུད་རྣམས་སྤྱན་དྲངས་པའི་དབང་གི་ལྷ་མོ་དམར་མོ་ཙ་མུནྜིའི་སྒྲུབ་ཐབས་མཛད་པ། ལོ་ཙཱ་བ་ལྷ་བྱང་ཆུབ་དཔལ་བྱ་བས་བསྒྱུར་པ་དང༌། དམ་པ་སངས་རྒྱས་ནས་ཞི་བྱེད་སོ་ལུགས་<དམ་པའི་སློབ་མ་སོ་ཆུང་གྲུབ་ཐོབ་སྟེ་སོ་རུས་ཀྱི་མིང་། མཆན།>ལ་བརྒྱུད་པ་གཉིས་ཀ་ཕག་གྲུའི་ཡང་སློབ་གཡའ་བཟང་པ་ལས་བྱུང་བས་དེང་སང་གཡའ་བཟང་ལྷ་མོར་གྲགས་པ་འདི་ལ་རྒྱུད་དང་སྒྲུབ་ཐབས་རྒྱ་གཞུང་ཡང་མང་ངོ་། །ཞེས་གཡའ་བཟང་ལུགས་སུ་དར་ཁྱབ་བྱུང་ཡོད་འདུག །
ཀརྨ་པཀྵིའི་བསྐང་ཡིག་ཏུ། དཔལ་ལྡན་གཉན་གྱི་རེ་མ་ཏི། །ལྷ་མོ་ཆེན་མོ་ནམ་གྲུ་མ། །རྫོགས་བྱེད་ཆེན་མོ་དཀའ་བཟློག་མ། །ནག་མོ་ཆེན་མོ་ཁ་འབར་མ། །བྱིས་པ་ཀུན་གྱི་དུར་འདེབས་མ། །དུར་ཁྲོད་ཀུན་གྱི་ལོ་མ་ཅན། །རཀྟ་ཀུན་གྱི་ཙ་མུཎྜི། །ནམ་མཁའི་ཁམས་ཀྱི་དབང་མོ་ཆེ། །བར་སྣང་ཁམས་ཀྱི་གློག་མ་སྤྲིན། །ཁ་ནས་མེ་འབར་རྒྱ་མཚོ་སྐེམ། །ལག་ནས་རྡོ་འཕེན་རི་རབ་བརྙིལ། །རལ་པ་ནག་པོས་སྟོང་ཁམས་ཁེངས། ཁ་ནས་ཁྲག་གི་རྒྱ་མཚོ་ཁོལ། །ཉིན་གྱི་དུས་སུ་རྟོག་བྱེད་ཅིང་། །མཚན་གྱི་དུས་སུ་རྒྱུག་བྱེད་མ། །དཔལ་ཆེན་བཀའ་ཉན་དམ་ཚིག་ཅན། །ནག་མོ་འཁོར་བཅས་ཐུགས་དམ་བསྐང་། །ཞེས་གསལ་བའོ། །
ང་ཚོས་ནི། རྒྱ་གཞུང་། ལྷ་མོ་ནག་མོའི་བསྟོད་རྒྱུད་ལས། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པས་དཔལ་ལྷ་མོ་ལ་ཕྲིན་ལས་ཀྱི་སྒོ་ནས་བསྟོད་པར་བཤད་པ། སེམས་ཉིད་ཕྲིན་ལས་རྣམ་བཞི་མ་དང་། བོད་གཞུང་། ཀརྨ་ཆགས་མེད་ཀྱི་ལྷ་མོའི་བསྐང་བ། བྱང་ཤར་ཆོས་དབྱིངས་མ་གཉིས་ཅི་ནུས་ཀྱི་གྲངས་གསོག་བགྱི་བ་ན་འབྲུ་སྣ་གསེར་སྐྱེམས་ཕུལ་ཅིང་། སངས་རྒྱས་བསྟན་སྲུང་མས་ཕྲིན་ལས་བཅོལ་ཏེ། བསྔོ་སྨོན་ཤིས་བརྗོད་ཀྱིས་མཐའ་བརྒྱན་པ་ཡིན་ནོ། །