སྐྱོ་བྲག་དགའ་དབང་།
ང་ཚོའི་ལུང་པར་སྤྱང་ཀི་ཧ་ཅང་གི་མང་པོ་ཡོད། ཕྱུགས་ཟོག་རི་ལ་ལུས་ན། སྤྱང་ཀིས་བཟའ་བའི་ཉེན་ཁ་དཔེ་ཆེན་པོ་རེད། སྤྱིར་བཏང་སྤྱང་ཀིའི་རང་གཤིས་ནི་ཆེས་མ་རབས་ཐ་ཆད་དེ། སོ་སོ་ལྟོགས་པའི་ཁ་ཟས་ཀྱི་དོན་ཙམ་མིན་པར་ག་ཚད་གསོད་ཐུབ་པ་ཆ་ཚང་གསོད་འཇོག་པ་ལས་གཅིག་ཀྱང་མི་སྐྱུར། ལྷག་ཏུ་དཔྱིད་ཀར་རིའི་རྩྭ་ཟད། ཁྱིམ་གྱི་གཟན་ཟད་དེ། སྒོ་ཕྱུགས་རྣམས་ཞན་པོ་ཆགས་པ་དང་། སྤྱང་ཀིའི་ཕྲུག་གུ་སྐྱེ་བར་ཐུག་པས་ཤིན་ཏུ་སྡང་། གལ་ཏེ་སྒོ་ཕྱུགས་རི་ལ་ལུས་པ་མ་རྙེད་ནས་འུ་ཐུག་པ་ན། ཡུལ་པའི་གོམས་སྲོལ་ལ། དགོང་མོ་བཟའ་མི་རྣམས་སྒོར་དོན་ཏེ་ཆེ་ཆུང་ཚང་མས་ལྷ་མོ་འོད་ཟེར་ཅན་མའི་མཚན་ནས་བོས་ཤིང་། གཟུངས་སྔགས་བཟླས་ཏེ། སྒོ་ཕྱུགས་ལུས་ཤོར་བའི་ས་ཕྱོགས་སུ་ཕྱག་གསུམ་རེ་འཚལ་ནས་ཕུ་འདེབས་ཀྱི་རེད།
ཡུལ་མི་ཤེས་ཡོན་ཅན་ཤིན་ཏུ་དཀོན་པས། ལྷ་མོ་འོད་ཟེར་ཅན་མའི་ཕྱག་ན་གནོད་བྱེད་དགྲ་ཇག་ཆོམ་རྐུན་སོགས་ཀྱི་མིག་དག་ཚེམ་པར་བྱེད་པའི་ཁབ་དང་སྐུད་པ་ཡོད་རབས་ཙམ་ལས། གཞན་འཕགས་མ་འོད་ཟེར་ཅན་གྱི་རྟོག་བདུན་ལས། ཟླ་བའི་དབུས་སུ་བཅོམ་ལྡན་འདས་མ་འོད་ཟེར་ཅན་ཟླ་བའི་གདན་ལ་བཞུགས་ཤིང་འཛམ་བུ་ནཱ་དའི་ཆུ་བོའི་གསེར་ལྟ་བུའི་འོད་དང་། འོད་ཟེར་ཅན་ཡིད་དུ་འོང་མ། ཞལ་རྔམ་སྤྱན་གསུམ་ཕྱག་དྲུག་མ། གོས་སྔོན་པོ་འཆང་ཞིང་སྔོན་པོའི་ཤང་འགག་དང་སྟོད་གཡོགས་ཅན་དང་། སྣ་ཚོགས་རྒྱན་ཐམས་ཅད་ཀྱིས་བརྒྱན་པ། དབུ་ལ་མཆོད་རྟེན་བཀོད་པ། ཞལ་དང་པོ་སེར་པོ་བཞད་པའི་ཞལ། གཡོན་པ་ཕག་ཞལ་ནག་པོ་མཆེ་བ་གཙིགས་ཤིང་འཇིགས་པར་བྱེད་པ། ལྕེ་འདྲིལ་ཞིང་དགྲ་བོ་ལ་ཁྲོ་གཉེར་བྱེད་ཅིང་འཇིགས་པར་བྱེད་ཅིང་། གཡས་པའི་ཞལ་ནི་དཀར་པོ། སྟོན་ཀའི་ཟླ་བའི་འོད་དྲི་མ་མེད་པ་ཅན་ནོ། །གཡོན་པའི་ཕྱག་ཏུ་གཞུ་དང་། སྐུད་པ་དང་། ཤིང་མྱ་ངན་མེད་པའི་ཡལ་ག་དང་ལྡན་པའོ། །གཡས་པ་ན་མདའ་དང་། ཁབ་དང་། རྡོ་རྗེ་གསོར་བ་ལ་དགྱེས་པ་དེ་ལྟ་བུའི་རྣམ་པར་བསྒོམ་མོ། །ཞེས་ལྷ་བསྐྱེད་དུ་བཤད་པ་ཡང་མི་ཤེས་ལ། གཟུངས་སྔགས། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་པའི་དོན། འོད་ཟེར་ཅན་མས་གཞི་ཚུགས། ཞེས་པ་ཡིན་པ་ཡང་མི་ཤེས།
མི་ཤེས་ན་ཡང་རི་གྲོང་ཀུན་ལ་ཁྱབ་འདུག་པ་ནི། སྔོན་གྱི་མཁས་པ་དག་གི་མཛད་རྗེས་ཡིན་པར་མངོན་ཏེ། འཕགས་པ་ལས་བཞི་འཁོར་ལོའི་རྒྱུད་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །མཚམས་མེད་ལྔ་ནི་ཀུན་སྤྱོད་ཅིང་། །གོས་ངན་རེ་བ་གོན་པ་དང་། །ཟས་ངན་ལྕི་བ་ཟ་བའི་ཚེ། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །དུས་ངན་ཐ་མ་བྱུང་བའི་ཚེ། །ལྷ་མོའི་ནང་ན་འོད་ཟེར་ཅན། །འཕགས་པའི་ནང་ན་འཇམ་དཔལ་གཉིས། །འདི་གཉིས་མ་གཏོགས་དངོས་གྲུབ་གཞན། །རིག་འཛིན་ཀུན་ལ་མ་ཡིན་ནོ། །ཞེས་གསུངས་འདུག །མ་ཤེས་པ་ཙམ་གྱིས་ཕན་འབྲས་མི་འབྱུང་བ་ཡང་མིན་ཏེ། གཤེད་ནག་རྒྱུད་རྟོག་པ་གསུམ་པ་ལས། དད་པ་བརྟན་པོས་བསྒྲུབ་པ་ན། །ནམ་མཁའ་མེད་པར་གྱུར་ན་ཡང་། སྔགས་ཀྱི་དངོས་གྲུབ་མེད་མི་སྲིད། །ཅེས་ལྷ་སྔགས་ལ་དད་པ་གལ་ཆེ་བར་གསུངས་ཤིང་། རི་གྲོང་གི་སྐྱེ་བོ་ཕལ་མོ་ཆེ་ལ་བསམ་གཅིག་དྲན་གཅིག་གི་དད་པ་བརྟན་པོ་ནི་ཡོད་ཡོད་པ་ཡིན་ནོ། །
གཟུངས་སྔགས། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཞེས་པའི་དོན། འོད་ཟེར་ཅན་མས་གཞི་ཚུགས། ཞེས་པ་ཡིན་པ་ཡང་མི་ཤེས།
སངས་རྒྱས་ཀྱི་རྣམ་ཐར་ཞིག
https://www.youtube.com/watch?v=z8OXy9D_DuU
ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ།།ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ།
མཁན་པོ་དགའ་དབང་ཟེར་བ་འདི་འདོད་ཆགས་ཆེ་མདོག་འདུག་ལྟོས་དང་། ལྷ་ཞིག་གི་གནས་ཚུལ་བཀོད་ན་མོ་དང་། སྤྱིར་བཏང་གི་འཇིག་རྟེན་པའི་གནས་ཚུལ་བྲིས་ན་མོའི་ལོ་རྒྱུས། ཨ་ཁ་ཁ།
ལྷ་མོ་འོད་ཟེར་ཅན་མ་ལ་ཕྱག་འཚལ་ལོ།།ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ། ཨོཾ་མཱ་རཱི་ཙྱཻ་སྭཱ་ཧཱ།
ཨོཾ་མཱ་རཱི་ཙྱཻ་མཾ་སྭཱ་ཧཱ