ས་དཀྱིལ་ཚེ་བཀྲ། མདོ་སྨད་རེབ་གོང་།
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་གིན་འདུག
དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ཉེ་འཁོར་འདིའི་ཡུལ་མི་ཚོས་སུན་སྣང་དང་ཉམ་ཆུང་གི་མིག་ཟུང་གིས་སུ་ཞིག་ལ་ལེ་བདའ་བྱེད་ཀྱིན། སུ་ཞིག་ལ་དམོད་མོ་གཏོང་གིན།
ཡང་ན། མཁར་གྲོང་དང་སྲང་ལམ་གྱི་བཞི་མདོ་རེ་རེ་ན་གཟེབ་ནང་གི་འདབ་ཆགས་ཚོགས་མིག་གིས་འཚོ་བའི་མེ་ལོང་དམར་པོ་དག་མེད་ས་ན། སྐྱོ་སྡུག་གི་མཆི་མ་ཁོག་ལ་བསྙིལ་ནས་སུ་ཞིག་ལ་ངུ་ངག་གིས་མཆིལ་ཞགས་འཕེན་སྙིང་འདུག
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། རེབ་གོང་གི་ཡུལ་ཚོ་རེ་རེ་ན་རྔོན་པ་མདའ་ཁུར་ཇེ་མང་དུ་སོང་ཞིང་། རེབ་གོང་གི་སྲང་ལམ་ཀུན་ལ་ལྕགས་རྙི་དམར་པོ་དང་མེ་ལོང་ནག་པོའང་ལྡབ་འགྱུར་གྱིས་ཇེ་མང་དུ་བུད་སོང་། ཡུལ་མི་ཚོས་མགོ་བོ་སྒུར་སྒུར་གྱིས་དབུགས་ལེན་པར་དོགས་པ་ཟ། གཟབ་གཟབ་མ་བཏང་ན། དེ་རིང་སང་ཉིན།་ ཁྱེད་རང་སྐྱོབ་ཐུབ་པའི་ལྷ་ཆེན་སུ་ལའང་མི་འདུག
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། རེབ་གོང་གི་ཡུལ་མི་ཚོ་ཁུ་སིམ་མེར་ནང་དུ་འཛུལ་བའི་ཉི་མ་འདི་ཚོར། ཡུལ་མི་ཚོའི་ཕ་མེས་ཡང་མེས་ནས་ཡུན་རིང་སེམས་ཁོང་དུ་ཉར་བའི་ཆོས་སྐྱོང་དང་སྲུང་མའི་ཚོགས་གང་དུ་བཞུགས། ཡང་ན། སྐྱབས་འཇུག་བྱས་མི་ཆོག་པས་། ཁོང་ཚོ་ཡིད་ཕམ་པ་ཡིན་ནམ། ཡང་ན། ལྷ་བསང་བཏང་མི་ཆོག་པས་། ཁོང་ཚོ་ལྟོགས་དྲགས་པ་ཡིན་ནམ། ཨཱ་། ང་ཡི་ཆོས་སྐྱོང་སྲུང་མའི་ཚོགས་ཡཱ།
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་གིན་འདུག དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ཟུག་གཟེར་མང་བའི་ཉི་མ་འདི་ཚོར། ཡུལ་མི་ཚོ་ཉིན་མོར་ཁྱིམ་དུ་འཛུལ་ནས་དབྱར་རྩ་གླེང་གིན་འདུག མཚན་མོར་སྒེའུ་ཁུང་བརྒྱུད་ནས་སྐར་མ་བགྲང་གིན་འདུག
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ལྗང་མྱུག་གིས་ས་ཆེན་གྱི་གཏིང་རིམ་ནས་སུ་ཞིག་གི་རེ་ལྟོས་ཀྱི་ཉི་གཞོན་ལ་གསོན་ཤུགས་དང་སྤོབས་པ་སྣོན་འོང་བ་དང་འདྲ་ལ། དུས་ཚིགས་འདིར། ཆེས་ཡིད་གར་འོང་བའི་སིལ་སྡོང་མེ་ཏོག་གིས། ཡུལ་མི་ཚོར། ཡར་བསྐྱར་རྒྱང་རིང་རྒྱང་རིང་གི་སུ་ཞིག་གི་བྱམས་བརྩེ་དང་ལང་ཚོ་ཡི་བཞིན་རས་དེ་ཡིད་ལ་འཁོར་དུ་བཅུག ཡིད་ལ་འཁོར་དུ་བཅུག
ཞེད་སྣང་གི་ཉི་མ་འདི་ཚོར། འཇིག་རྔམས་ཀྱི་ཉི་མ་འདི་ཚོར།
ཁོ་བོས་མྱ་ངན་གྱི་ཕྱང་ལྭ་གྱོན་པའི་ལྷ་ཚོགས་དྲན་འོང་།
ཁོ་བོས་ཡུལ་མི་ཚོའི་རེ་སྨོན་འཐོར་སའི་ཤམ་བྷ་ལ་དྲན་འོང་།
དེ་ནི་བོད་རིགས་ལར་ཞེན་ཅན་ཞིག་གི་སེམས་ཁོང་ནས་བརྡོལ་བའི་ཟུངས་ཁྲག་དང་། ཁ་སང་དེ་རིང་གི་ཕ་ཡུལ་གྱི་རྣམ་པ་ངོ་མ་རེད། ཡིན་ན་ཡང་། ང་དང་ང་འདྲ་བའི་བོད་མི་ཚོས་དོན་རྐྱེན་གཞན་དག་ལ་ལེ་བདའ་རང་བྱེད་པ་ལས། བོད་ཀྱི་དཔའ་བོ་དཔའ་མོ་རྣམས་དང་གཅིག་མཚུངས་ལྟར་མི་བུ་རང་ཉིད་ལ་ཡང་འགན་འཁྲི་ཡོད་པའི་དོན་དག་དེར་བསམ་བློ་མང་ཙམ་མི་གཏོང་། ང་ཚོའི་མི་རིགས་ལ་བྱད་གཟུགས་མདོག་གསུམ་མི་འདྲ་བའི་ལྷ་ཚོགས་ཧ་ཅང་མང་ཡང་། ཁོ་ཚོའི་རྣམ་པ་ནི་བེམ་རོ་ལྟར་གནས་པ་ལས་གྲག་འགུལ་ཚོར་གསུམ་གང་ཡང་མི་འདུག བོད་མི་རིགས་ཀྱིས་ཡོད་ཚད་ཀྱི་ཡོད་ཚད་མི་མངོན་པའི་ལྷ་ཚོགས་དེ་ཚོར་མི་རབས་ནས་མི་རབས་དང་། དུས་ནས་དུས་སུ་བཀུར་ཕུལ་མཆོད་གསུམ་བྱས་ཡོད་ན་ཡང་། ཁོ་ཚོ་ནི་འགྲངས་ཤིང་རྒྱགས་དྲགས་ཏེ་གཉིད་དུ་ཡུར་བའམ། ཡང་ན་ཞི་ཁྲོའི་རྣམ་པ་གང་རུང་གིས་ཅི་ཞིག་མ་འགྲིག་པ་ལྟར་ད་དུང་ཚུར་ང་ཚོའི་སྟེང་ལ་འཇིགས་རྔམ་སྟོན་བཞིན་མི་འདུག་གམ།