ས་དཀྱིལ་ཚེ་བཀྲ།
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་གིན་འདུག
དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ཉེ་འཁོར་འདིའི་ཡུལ་མི་ཚོས་བསུན་སྣང་དང་ཉམ་ཆུང་གི་མིག་ཟུང་གིས་སུ་ཞིག་ལ་ལེ་བདའ་བྱེད་ཀྱིན། སུ་ཞིག་ལ་དམོད་མོ་གཏོང་གིན། ཡང་ན། མཁར་གྲོང་དང་སྲང་ལམ་གྱི་བཞི་མདོ་རེ་རེ་ན་གཟེབ་ནང་གི་འདབ་ཆགས་ཚོགས་མིག་གིས་འཚོ་བའི་མེ་ལོང་དམར་པོ་དག་མེད་ས་ན། སྐྱོ་སྡུག་གི་མཆི་མ་ཁོག་ལ་བསྙིལ་ནས་སུ་ཞིག་ལ་ངུ་ངག་གིས་མཆིལ་ཞགས་འཕེན་སྙིང་འདུག
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། རེབ་གོང་གི་ཡུལ་ཚོ་རེ་རེར་རྔོན་པ་མདའ་ཁུར་ཇེ་མང་དུ་སོང་ཞིང་། རེབ་གོང་གི་སྲང་ལམ་ཀུན་ལ་ལྕགས་རྙི་དམར་པོ་དང་མེ་ལོང་ནག་པོའང་ལྡབ་འགྱུར་གྱིས་ཇེ་མང་དུ་བུད་སོང་། ཡུལ་མི་ཚོས་མགོ་བོ་སྒུར་སྒུར་གྱིས་དབུགས་ལེན་པར་དོགས་པ་ཟ། གཟབ་གཟབ་མ་བཏང་ན། ཁ་སང་དེ་རིང་། ཁྱོད་རང་སྐྱོབ་ཐུབ་པའི་ལྷ་ཆེན་སུའང་མི་འདུག
ཉི་མ་འདི་ཚོར་། གནམ་ངོ་རབ་རིབ་ཀྱིས་ལྡང་བའི་ཉི་མ་འདི་ཚོར། རེབ་གོང་གི་ཡུལ་མི་ཆོ་ཁུ་སུམ་མེར་ནང་དུ་འཛུལ་བའི་ཉི་མ་འདི་ཚོར། ཡུལ་མི་ཚོས་ཕ་མེས་ཡང་མེས་ནས་སེམས་ཁོང་དུ་ཡུན་རིང་ཉར་བའི་ཆོས་སྐྱོང་དང་སྲུང་མའི་ཚོགས་གང་དུ་བཞུགས། ཡང་ན། སྐྱབས་འཇུག་བྱས་མི་ཆོག་པས། ཁོ་ཚོ་ཡིད་ཕམ་པ་ཡིན་ནམ། ཡང་ན། ལྷ་བསང་བཏང་མི་ཆོག་པས། ཁོ་ཚོ་ལྟོགས་དྲགས་པས་ལན། ཨ། ང་ཡི་ཆོས་སྐྱོང་སྲུང་མའི་ཚོགས་ཡ།
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་ལྡང་བའི་ཉི་མ་འདི་ཚོར། ཡུལ་མི་ཚོ་ཉིན་མོར་ཁྱིམ་དུ་འཛུལ་ནས་དབྱར་རྩ་གླེང་གིན་འདུག མཚན་མོར་སྒེའུ་ཁུང་བརྒྱུད་ནས་སྐར་མ་བགྲང་གིན་འདུག
ཉི་མ་འདི་ཚོར། གནམ་ངོ་རབ་རིབ་ཀྱིས་དཔྱིད་རླུང་ལྡང་བའི་ཉི་མ་འདི་ཚོར། ལྗང་མྱུག་གིས་ས་ཆེན་གྱི་གཏིང་རུམ་ནས་སུ་ཞིག་གི་རེ་ལྟོས་ཀྱི་ཉི་གཞོན་ལ་གསོན་ཤུགས་དང་སྤོབས་པ་བསྣོན་འོང་པ་དང་འདྲ་ལ། དུས་ཚིགས་འདིར། ཆེས་ཡིད་གར་འོང་བའི་སིལ་སྡོང་མེ་ཏོག་གིས། ཡུལ་མི་ཚོར། ཡང་བསྐྱར་རྒྱང་རིང་རྒྱང་རིང་གི་སུ་ཞིག་གི་བྱམས་བརྩེ་དང་ལང་ཚོ་ཡི་བཞིན་རས་དེ་ཡིད་ལ་འཁོར་དུ་བཅུག ཡིད་ལ་འཁོར་དུ་བཅུག
ཞེད་སྣང་གི་ཉི་མ་འདི་ཚོར། འཇིགས་རྔམ་གྱི་ཉི་མ་འདི་ཚོར།
ཁོ་བོས་མྱ་ངན་གྱི་ཕྱིང་ལྭ་གྱོན་པའི་ལྷ་ཚོགས་དྲན་འོང་།
ཁོ་བོས་ཡུལ་མི་ཚོའི་རེ་སྨོན་འཐོར་སའི་ཤམ་བྷ་ལ་དྲན་འོང་།
སྤུན་ཟླ་ཚོ་ཡིད་མ་སྐྱོ་།
རང་ཉིད་ཀྱི་མགོན་པོ་རང་ཉིད་ཡིན་པ་ལས་ལྷ་དང་ཆོོས་སྐྱོན་ཞིག་འཁོར་བ་འདིར་གཞི་མ་གྲུབ་།
དེས་ན་།
བོད་པ་རང་ཉིད་ཀྱི་དགོན་པོ་ནི་བོད་པ་རང་ཉིད་ཡིན་།