______ངོ་འཛུམ་འཛུམ་དང་སྙིང་ནག་ནག་གི་རང་དང་ཉེ་བའི་མི་ཚོགས་སྐོར་ཞིག་ལ་བྲིས།
ང་དང་ངའི་ཉེ་ས་ན།
ལྷ་འདྲེ་མང་པོ་མང་པོ་ཞིག་གིས།
དགོད་ཚུལ་གྱིས། ཁྲོ་ཚུལ་གྱིས།
ང་རང་བསླུ་དགོས་བསམ།
ངའི་སེམས་པ་ཆུང་ཆུང་དེའང་འཛིན་དགོས་བསམ།
ཨ་མས་ང་ལ།
ལྷ་འདྲེ་ཐམས་ཅད་ལྷ་འདྲེ་མ་རེད་ཟེར་བས།
ང་རང་བག་ཆགས་དོང་དགུའི་རྟིང་ན་ཡུན་རིང་ཡུན་རིང་ལུས།
ཕྱིས་སུ་མཛེས་སྡུག་གི་མི་ཡུལ་ན།
གོམ་པ་ཐར་ཐོར་སྤོ་ཞིང་།
ཟ་མའང་ཟ་ཤེས་པའི་ཉིན་ཞིག །
ལྷ་འདྲེ་མ་ཡིན་པའི་ལྷ་འདྲེ་དེ་ཚོས།
ཁ་སྟོང་ལ་སྤྲུལ་ནས།
ལྕེ་སྟོང་ལ་སྤྲུལ་ནས།
མི་ཚོགས་དང་མང་ཚོགས་རྒོད་པའི།
རི་གྲོང་དེ་ན།
ངའི་རྣམ་ཐར་འཁྲབ་ཁུལ་བྱས།
ངའི་མགུར་གླུ་ལེན་ཁུལ་བྱས།
འོན་ཀྱང་།
ངའི་སེམས་པ་ཇི་ལྟར་ཆུང་ཡང་།
ངའི་བློ་རིག་ཇི་ལྟར་རྟུལ་ཀྱང་།
ཁ་ལྕེ་བརྒྱ་སྟོང་ལ་སྤྲུལ་པའི།
ལྷ་འདྲེ་དེ་ཚོར།
བདག་ལ་མཚོན་ན་དངོས་གནས་རིན་ཐང་མི་འདུག
ངའི་ཉེ་ས་ན་འཁོར་མྱོང་ལ་འཁོར་གྱིན་པའི།
ལྷ་འདྲེ་ཚོ།
མིག་མ་བགྲད།
ལྕེ་མ་གཡོ།
ང་ལ་རིན་ཐ ང་དང་ལྟ་སྟངས་གསར་པ་ཞིག་གི་འོག་ནས།
འཇམ་ཐིང་ངེར་སྡོད་རོགས།