གཡུ་དྲུག་དཀར། རྡ་ས།
སྐྱ་རེངས་ཀྱི་སྣང་བས་གཙང་འཁྲུས་བྱས་སམ། གནམ་སྔོན་པོའི་དཀྱིལ་འཁོར་གཡའ་དག་པའི་མེ་ལོང་དུ་འདུག ཞོགས་ཉི་དམར་སེར་དེས་སྤུད་པས་ཡིན་ནམ། ས་དོག་མོའི་དཀྱིལ་འཁོར་རྡུལ་དག་པའི་ནམ་མཁའ་རུ་གདའ།
འདི་ལྟར་དག་གཙང་དྭངས་གཙང་གིས་ཁྱོད་ཀྱི་དྲུང་དུ་བཏུད་དུས། ལུས་ཀྱི་བ་སྤུའི་རྩེ་མོ་མ་ལུས་གྱེན་དུ་གཟེངས་ནས། ཁྱོད་ཀྱི་ཞལ་ངོ་མཇལ་བའི་དགའ་བ་གནམ་ལ་མཆོད་ཀྱིན་འདུག་ལ། ཁྱོད་ཀྱི་གསུང་དྲོན་མོས་ཡོམ་ཡོམ་དུ་སྒུལ་བྱུང་པའི་ཡ་ཁོག་ཚ་ལམ་ལམ་གྱི་མེ་རོ་རུ་འདུག་ཅིང་། ཚ་རླབས་ཤིག་གིས་གཅུན་བྱུང་པའི་སྙིང་དམར་པོའང་དལ་བ་དལ་བུར་ཇེ་མགྱོགས་ཀྱིས་འབའ་འབའ་ལུ་གུ་ཞིག་སྔོན་མོ་སྤང་ལ་ཤོར་བ་དང་འདྲ་བྱུང་།
ད་དུང་ཁ་སང་བོད་ནས་ཡོང་ཞིང་དེ་རིང་ཁྱོད་ལ་མཇལ་བའི་བགོ་སྐལ་གསེར་ནག་གིས་མི་ཁུག་པ་རེག་སོང་བའི་རྒན་རྒོན་བརྒྱ་ཕྲག་གསུམ་གྱི་སྐྱོ་སྡུག་གི་སེམས་པ་དུས་གཅིག་ཏུ་ངུས་ཤིང་། ཡུན་རིང་སྙིང་ལ་ཉར་བའི་དྲན་གདུང་དང་དད་འདུན་གྱི་མིག་ཆུ་དུས་གཅིག་ཏུ་འབོ་དུས། བླ་མ་དང་སློབ་མའམ། དབུ་ཁྲིད་དང་ཆབ་འབངས་ཀྱི་གཡོ་བ་མེད་པའི་དད་དམ་གྱི་མདུད་པའི་མཁྲེགས་གཟུགས་དང་ཆེ་ཆུང་མིག་གིས་མཐོང་ལ། སེམས་ཀྱིས་མྱོང་ངོ་།།
ལྷ་སྤྱན་རས་གཟིགས། ཁྱོད་ཀྱི་དབུ་རྒྱན་མིན་པའི་མི་སྐྲ་དཀར་པོ་དེ་དང་། ཁྱོད་ཀྱི་ཞལ་ཁེབས་མིན་པའི་མིའི་རྒས་གཉེར་ཤར་ཤར་དེ་དག ཁྱོད་ཀྱི་དྲུང་དུ་བཏུད་ནས་རེ་རེ་བཞིན་མཇལ་ན། ལུས་ཀྱི་ལྷུ་ལག་རེ་རེ་བཞིན་སྦྲིད་ནས་འདར་ནས་འགྲོ་ཞིང་། སེམས་ཀྱི་གཏིང་མཐའ་མ་ལུས་སྔངས་ནས་གཡོ་བར་འདུག་གོ།
ཆུ་ཚོད་གཅིག་གི་ཐག་སྒྲ་མང་མང་འདྲ་ལ་ཉུང་ཉུང་དུའང་ཚོར་ཨང་། ཁྱོད་ཉིད་ཡར་བཞེངས་བཞེངས་ཀྱི་ཆུ་ཚོད་གཅིག་དེ། ཁྱོད་ཀྱི་གསུང་མཐོན་པོའིོ་གདངས་དང་འབྲུ་རེ་རེའི་ཁྲོད་དུ་ཕར་ལ་བསྐྱལ་བ་ནི། རང་གི་བླ་སྲོག་གི་གོ་བ་སྐོན་པའི་སློབ་ཐུན་ཞིག་གི་དུས་ཚོད་དང་འདྲ་ལ། འཛམ་གླིང་དཔལ་ཡོན་གྱི་བསྡུས་གཟུགས་མཇལ་དུ་ཡོད་པའི་རིག་གནས་ཀྱི་བཀྲམས་སྟོན་ཁང་ཆེན་པོ་ཞིག་ཏུ་སོང་བ་དང་ཡང་ཀུན་ནས་མཚུངས་ཤིང་།
ཆུ་ཚོད་གཅིག་གི་རིང་ཁྱོད་ཀྱི་དྲུང་ནས་ཙོག་པོར་བསྡད་པ་ནི། ནམ་ཡང་སོང་མི་ཚར་བའི་བོད་མི་རིགས་ཀྱི་ཤ་ཁྲག་རུས་ཀྱི་ཁོང་གསེང་དུ་འཛུལ་ཏེ། བླ་ཚེ་སྲོག་གསུམ་གྱི་གཏིང་རུམ་ནས་འདས་མ་ད་གསུམ་གྱི་ངོ་ལ་ཅེར་ནས་བསྡད་པ་དང་ཡང་འདྲ་བྱུང་བས། གཞིས་བྱེས་གཉིས་ཀྱི་སྡུག་གི་ངོ་རིས་ཅིག་ཅར་དུ་ཡིད་ལ་བཅགས་ཤིང་སྐྱོ་བའི་སེམས་ཁོངས་དུས་གཅིག་ཏུ་སྣང་ལ་ངེས་པའི་མིག་ཆུ་སེམས་བབས་སོང་།
ང་ཡི་བླ་མ། ལྷ་སྤྱན་རས་གཟིགས། ང་འདི་ལྟར་རྣམ་དག་གིས་ཁྱོད་ཀྱི་དྲུང་དུ་བཏུད་ཅིང་། ངས་འདི་ལྟར་ཁྱོད་ཀྱི་ཞབས་ལ་ཐེངས་ཤིག་གཏུགས།
རྩོམ་པ་པོ་གཡུ་དྲུག་དཀར་ལགས། དོན་དམ་པར་ཉིད་ཀྱིས་བྲིས་པའི་རྩོམ་ཡིག་དག་གིས་བདག་ལ་བག་ཆགས་ཤིག་བཞག་སོང་ལ། རྩོམ་རྩལ་གྱིས་ཀྱང་བདག་གི་ཡིད་དབང་འཕྲོགས་སོང་ཟེར་ན་མི་འགྲིག་པ་མེད། ཉིད་ཀྱིས་རྩོམ་ཡིག་འབྲི་དུས་ཁ་ཐག་ཉེ་བོ་ཉེ་བོ་ཞིག་གི་བརྗོད་བྱའི་སྲོག་ཤིང་ལ་འཇུས་ཏེ་བྲིས་གནང་མཛད་ཡོད་པས། དེ་འདྲའི་རྩོམ་ཡིག་ནི་རང་ཉིད་ལ་འོས་པའི་འགན་འཁྲི་ཞིག་དང་རང་ཉིད་ཀྱིས་བསྒྲུབ་པའི་ལས་དོན་ཞིག་ཏུ་གཏོགས་ན། ཚེ་རབས་ཀུན་ཏུའང་བདག་གིས་དེ་འདྲའི་མི་འཚོ་གནས་ཀྱི་སྙིང་བོ་སྦྲུམ་པའི་རྩོམ་ཡིག་དག་ལ་རེ་བ་མི་ཉུང་བ་ཡོད། རྩོམ་པ་པོ་རེ་ཟུང་ཞིག་གིས་དེ་ལས་ལྡོག་སྟེ་གཞུང་ལུགས་དང་བརྗོད་དོན་ཟབ་མོ་འཁྱེར་ཡོང་ན་ཅིག་ཅིག་མི་དགའ་ཀི ད་དུང་ཉིད་ཀྱི་”འགྲམ་པའི་ནང་གི་རིག་གནས”ཀྱིས་ཀྱང་ཁ་ཐག་ཉེ་བའི་རྩོམ་ཡིག་གི་བརྗོད་བྱ་ཞིག་ལ་གསལ་འདེབས་བྱས་སོང་བས་ཡང་ཡང་ཀློག་གི་ཡོད། མི་མང་གི་སྣང་ངོར་མེད་པའི་ཐག་ཉེ་ཡི་བརྗོད་བྱ་དག་ལ་རྩོམ་པ་པོས་སྨྱུ་གུ་བཙུགས་ན་ཧ་ཅང་གི་འགྲིག་གི
མིའི་འཚོ་གནས་ལ་་་་་་་་་་་་་་་བཅོས་རོགས
ཚོར་སྣང་གསོན་པོ་མ་ཞིག་བཞེངས་འདུག བོད་ཡིག་གིས་ཁྱོད་སྲུང་འདུག་པའང་ཚོར་བྱུང།