ཐང་བུ།
གངས་ལ་སེང་གེ་ཞིག་མི་འདུག་མ་གསུངས།།
བྲག་ལ་ཁྱུང་ཆེན་ཞིག་མི་འདུག་མ་འབོད།།
ལྷ་སའི་བར་སྐོར་ནས་ག་ལེར་བསམ་ན།།
ཁྱུང་སེང་ཁ་སྤྲོད་ལ་མཚར་རྒྱུ་མི་འདུག།
ཚངས་དབྱངས་རྒྱ་མཚོ་ཡི་ཚིག་གི་ས་བོན།།
རི་ཆུ་ལུང་གསུམ་དུ་འབུས་པའི་སྙེ་མ།།
དད་པ་དག་སྣང་ཞིག་ཡོད་པ་བདེན་ན།།
རེ་བའི་མཛོད་ཁང་དུ་ཉར་རྒྱུ་འདུག་གོ།
ར་སའི་གཙུག་ལག་གི་སྐོར་ལམ་ནང་ན།།
བསང་དུད་སྔོན་མོ་ཞིག་དགུང་ལ་འཕྱུར་བ།།
ཨ་མ་རྒན་མོ་ཡིས་མཁའ་ལ་བཏབ་པའི།།
རེ་བའི་ཞིང་ས་ཞིག་ཡིན་པ་འདུག་གོ།
དབུས་ཀྱི་གནས་མོ་ཞིག་འཛུམ་གྱིས་དགོད་པའི།།
སོ་ཕྲེང་དཀར་པོ་ཡི་ཞགས་པ་གཅིག་གིས།།
སྒོམ་ཆེན་ཏིང་འཛིན་ཀྱང་དཀྲོགས་པ་འདུག་ན།།
ཨ་མདོའི་མཇལ་བ་ལ་ཐུགས་ཁག་མི་འདུག།
ཀོང་པོ་རྒྱ་མདའ་ཡི་བུ་མོ་ཞིག་གིས།།
ཇོ་ཇོ་རྫིག་པོ་ཞིག་འདུག་ཅེས་ལབ་བཞིན།།
གཡུ་ཡི་མཛུབ་དཀྲིས་ཤིག་ག་ལེར་གཏད་པ།།
མདང་གི་རྨི་ལམ་ལ་བསྐྱར་དུ་འཁོར་བྱུང་།།
ཚངས་དབྱངས་ཆེན་མོ་དེ་ཞག་བཞུགས་གནང་སའི།།
ཁང་སེར་ཁ་ཤས་ཀྱི་གམ་དུ་བཅར་ན།།
ཨ་མདོའི་ལ་གཞས་ཤིག་སྟོབས་ཀྱིས་ལེན་པའི།།
བླུན་པོའི་སྙིང་སྟོབས་ཤིག་ངང་གིས་འཆར་ཡང་།།
གླེན་པ་ཁ་ནག་ཅེས་རྡོ་ཡིས་རྡེག་ཅིང་།།
མི་རྐྱང་སྨྱོན་པ་ཞེས་དབྱུག་པས་བསྣུན་ལ།།
ཨ་མདོ་པ་མགོ་ཞེས་སྙིང་འཕྱས་བཏང་ན།།
སྦྱོར་བ་དེ་འདྲ་ཡང་ཕོད་ཀྱི་མི་འདུག།
ལང་ཚོའི་རྔུལ་ཆུ་དེ་རྡོ་ལ་ཐིམ་ཞིང་།།
འདོད་པའི་མྱོས་བུམ་ཡང་ས་ལ་སྦྱོར་བའི།།
ཕྱག་བསྐོར་བྱེད་མཁན་གྱི་བོད་མོ་འདི་ཚོར།།
མར་དྲི་རྩམ་དྲི་ཞིག་བྲོ་བ་འདུག་ཨང་།།
སྐྱིད་ཆུའི་བཞུར་སྒྲ་ནི་བྲག་ལ་གཏད་འདུག།
བྲག་ཆ་སྙན་མོ་དེ་ལ་གཞས་འདྲ་བ།།
ར་ཕོ་རྒྱ་རྒྱ་ཞིག་བྲག་ལ་འགོས་པས།།
རྡོག་འདྲེད་ཤོར་ཡོང་གི་སེམས་ཁྲལ་བྱུང་སོང་།།
དབུ་ནག་སྐྲ་ལོ་འདི་དམར་ཤད་སེར་ཤད།།
ཕྱིང་བའི་ཐུ་བ་ཡང་དཀྱིལ་ནས་གཤགས་འདུག།
ར་མགོ་ལུག་སྦྱར་གྱི་སྐད་ལ་བྱང་བས།།
ལྷ་ལྡན་ལྷ་ལྡན་ཞིག་མིན་སྣང་འཆར་ཡོང་།།
ནོར་གླིང་བསམ་འཕེལ་དེ་དབང་གི་ཕོ་བྲང་།།
དུད་འགྲོའི་ཞིང་ཁམས་ལས་གར་ཡང་མ་མཐོང་།།
རྟག་བརྟན་མི་འགྱུར་གྱི་ཕོ་བྲང་མཇལ་དུས།།
གསེར་གྱི་ཉི་མ་ཞིག་ཞེ་ལ་འཁོར་ཡོང་།།
རི་བོ་དམར་པོ་དེའི་སྒལ་བ་བཅད་ནས།།
མཆོད་རྟེན་ཁོག་སྟོང་ཞིག་ཚབ་ལ་བཞག་འདུག།
གཡང་གི་སྒོ་མོ་ནི་འདི་རང་རེད་ལ།།
གྱོད་ཀྱི་སྣ་འདྲེན་ཡང་འདི་རང་ཆགས་འདུག།
ཉི་མ་དྲོ་དྲོ་ཞེས་བྱང་ལ་གཟིགས་པའི།།
དམག་ལྭ་ལྗང་སེར་གྱི་ཇོ་ཇོ་འདི་ཚོ།།
ཨ་རག་འཐུང་འཐུང་གིས་ར་བཟི་མེད་མོད།།
བཟི་རྗེས་ཡབ་གཞིས་ལ་སྙིང་ནད་ཆེའོ།།
མི་བཤད་མི་བཤད་དེ་ཆབ་སྲིད་མི་བཤད།།
མི་གླེང་མི་གླེང་དེ་རིག་གསར་མི་གླེང་།།
འཕྲོས་དོན་ཉག་ཉོག་དེ་གཡང་ལ་བསྐྱུར་ཞོག།
དེ་ལས་ལྷ་ས་ཡི་ལ་གཞས་ལེན་ནོ།།
གཡུ་ཐོག་ཟམ་ཁ་འདི་མཚན་མོ་མཛེས་ཨང་།།
ཇོ་ཁང་མདུན་ཕྱོགས་འདི་ཉིན་མོ་བདེ་ཨང་།།
བསང་དུད་སྔོན་མོ་འདིའི་དྲི་མ་ཞིམ་ཨང་།།
ཁྲོམ་གཟིགས་ཁྲོམ་ར་འདི་ཉུལ་ས་སྐྱིད་ཨང་།།
མདོག་འགྱུར་མིག་ཤེལ་ཅིག་གདོང་ལ་བསྐྱོན་ཏེ།།
ཇག་པའི་མིག་ཟུང་གིས་རུ་ཉུལ་བྱས་ན།།
མཐོང་ཚད་རིག་ཚད་འདི་གནས་མོ་རྐྱང་རྐྱང་།།
ཉོན་མོངས་ཆེ་བ་འདིས་ལན་པ་ལོས་ཡིན།།
ཇ་ཁང་ཨར་ཁང་དུ་གཅིག་པུར་ཉུལ་ཏེ།།
ཆང་སེར་ཁམ་གང་ཞིག་སྒོག་གེར་མིད་ནས།།
སེམས་པ་སྐྱོ་མདོག་གིས་ག་ལེར་བསྡད་ན།།
ཇོ་ཇོ་འདིར་ཤོག་ཅེས་འབོད་མཁན་ཡོད་རེད།།
གྲ་ནང་སྣམ་བུ་ཡི་སྨད་གཡོག་གྱོན་པའི།།
ཇ་ལ་དམར་པོ་ཡི་སྐྲ་རྒྱན་འཕྱང་བའི།།
ཆུ་སྐུད་སྔོན་པོ་ཡི་མཐའ་རྒྱན་སྤྲས་པའི།།
བོད་མོ་འདི་ཚོ་ལ་བློ་རྩེ་གཏད་ཆོག།
སྡེ་བ་གཞུང་ཞབས་ཀྱི་བོད་མོ་འདི་ཚོ།།
མི་རིགས་སྣ་མང་གི་འདུ་ལོང་ཁྲོད་ནས།།
ཕོ་གསར་སྟག་འདྲ་དང་གཟིག་འདྲའི་ནང་ནས།།
ལ་མོར་གནས་པ་འདི་ཉམས་རེ་དགའ་ཨང་།།
ནམ་གུང་གློག་ཞུ་འདི་རེས་གསལ་རེས་མོག།
སྲོད་ཀྱི་ཁྱི་རྒན་འདི་ཇེ་བཙན་ཇེ་བཙན།།
གནས་མོའི་སྒོ་ཁ་ལ་རྐང་རྗེས་ཕབ་མཁན།།
ཨོ་ལོ་སྤུན་གསུམ་ལས་ཡོད་ས་མ་རེད།།
ལྷ་ཡི་བུ་མོ་ནི་མཐོང་མྱོང་མེད་ཀྱང་།།
ལྷ་སའི་བུ་མོ་ལ་ཟེར་བ་ལོས་ཡིན།།
ཤ་རྩ་ཞེ་དྲག་ཅིག་དཀར་རྒྱུ་མེད་ཀྱང་།།
སྣང་བ་ཞེ་དྲག་ཅིག་མཐུན་རྒྱུ་འདུག་གོ།
ཇོ་ཤཱཀ་རྣམ་གཉིས་ཀྱི་སྐོར་ལམ་ནང་ན།།
འདོད་གཞས་རྐྱང་རྐྱང་ལས་མི་འདུག་མ་བསམ།།
གོ་ན་ལྷ་ཚོགས་ཀྱི་ལ་གཞས་འདི་ཡིན།།
མ་གོ་སྲིད་པ་ཡི་གླུ་རྒན་འདི་ཡིན།།
༢༠༡༧ལོའི་ཟླ་༢པའི་ཚེས་༦གི་སྲོད་ལ་ལྷ་སའི་བར་སྐོར་དུ་སྦྱར་ཞིང་།ཟླ་༧ཚེས་༡༥ཉིན་བསྐྱར་དུ་བཅོས།