བསམ་གླིང་ཚེ་རིང་ལྷ་མོ།
མེ་ལྕེ་དེ་དག་ནི་སྡུག་བསྔལ་དང་སྡིག་སྒྲིབ་སྲེག་པའི་མེ་ལྕེ་ཞིག་ཡིན་པ་ལས་མེ་མུར་གྱི་རླུང་ཞིག་ག་ལ་ཡིན། རླབས་ཆེན་གྱི་མེ་ལྕེ་འདིས་འདས་ཟིན་པའི་སྨེ་བཙོག་ཐམས་ཅད་སྲེག་པར་བྱེད། འགྲན་ཟླ་བྲལ་བའི་མེ་ལྕེ་འདིས་ལྗན་ལྗིན་ཡོད་ཚད་རྨེག་མེད་དུ་གཏོང་ལ། སུམ་བཅུ་རྩ་གསུམ་གྱི་ལྷ་ཡུལ་ལའང་འཇིག་སྣང་བསྐུལ་སོང་ཞེས་ལྷ་ཕྲུག་གཞོན་ནུ་ཞིག་གིས་བཤད།
སྐབས་དེར་ལྷ་ཕྲུག་གཞོན་ནུ་གཞན་འགའ་རེས་དེ་ལྟར་བཤད། ནམ་རྒྱུན་ཡིན་ན་བསྐལ་པ་འཇིགས་པའི་དུས་འདིར་འབྱུང་བ་མེས་འཇིག་ཆུས་འཇིག་ཞེས་བཤད་སྲོལ་འདུག་ཀྱང་། དེང་གི་དུས་འདིར་བསྐལ་པ་འཇིག་པའི་དུས་མ་ཡིན་ཞེས་བཤད་པས་ལྷ་ཕྲུག་གཞོན་ནུ་གཞན་ཞིག་གིས། བསྐལ་བ་སྙིགས་མ་བདོ་བའི་དུས་དེར་བདག་ཅག་གི་ཡུལ་འདིར་མི་ཡུལ་ནས་ཐད་ཀར་མེ་ལྕེའི་འཁོར་ལོ་གཞོན་ཏེ་ཕེབས་མཁན་ཞིག་མེད་ཟེར།
ཡང་ལྷ་ཕྲུག་གཞོན་ནུ་གཞན་ཞིག་གིས། མ་རེད། ཁོང་ཚོའི་མེ་ལྕེ་དེ་མེ་ལྕེ་གཞན་དང་མ་འདྲ་བར་འོད་སྣང་གིས་ལྷ་ཡུལ་ཡང་ཡིད་དུ་འོང་བ་བྱས་སོང་ཟེར། ལྷ་ཕྲུག་གཞན་ཞིག་གིས། མེ་ལྕེ་དེ་སྔོན་ཆད་དང་མི་འདྲ་བར་འཛམ་བུའི་གླིང་འདི་མ་སྲེག་པར་ཐད་ཀར་ལྷ་ཡུལ་དུ་ལྷག་དོན་ཅི་ཡིན་ཟེར།
སྐབས་དེར་ལྷ་རྒན་པོ་ཞིག་གིས། འདི་ནི་མེ་ལྕེ་སྤྱིར་བཏང་བ་ཞིག་མ་ཡིན་པར་བྱང་ཆུབ་སེམས་པའི་མེ་ལྕེ་ཞིག་རེད། མེ་ལྕེ་དེས་རང་ཡུལ་འཛམ་བུའི་གླིང་འདི་མ་སྲེག་པར་དམྱལ་ཁམས་ཀྱི་སྡུག་བསྔལ་འོ་དོད་བྱེད་པ་རྣམས་སྲེག་ཟིན་ཟེར། འདི་ནི་མེ་ལྕེ་གཞན་དང་མི་འདྲ་བར་ལྷ་ཡུལ་དུའང་དཀར་གསལ་འོད་སྣང་བྱིན་ཐུབ་ཟེར།
ཡང་ལྷ་གཞན་ཞིག་གིས། མེ་ལྕེ་འཁོར་ལོ་བཞོན་པའི་ལྷ་གསར་པ་དེ་དག་ད་དུང་ཡང་པད་མའི་གདན་གྱི་དབུས་སུ་ལྷོད་དེ་མ་བཞུགས་པར་ཅི་ཞིག་ལ་བལྟ་བཞིན་འདུག ལྷ་ཡུལ་གྱི་ལོངས་སྤྱོད་དེ་དག་གིས་ཀྱང་ཁོང་ཚོའི་འདོད་པ་མི་ཚིམས་པ་ཅི་ཡིན་ཟེར།
ལྷ་རྒན་པོ་ཞིག་གིས། ལྷ་བུ་གཞོན་ནུ་མེ་ལྕེ་འཁོར་ལོ་འདི་དག་ནི་སྔོན་གྱི་རྒྱལ་སྲས་བྱང་ཆུབ་སེམས་པ་དག་དང་འདྲ་བར་རང་གཅིག་པོ་བདེ་བ་འདོད་དེ་ལྷ་ཡུལ་དུ་སྐྱེས་པ་ཞིག་རེད་མི་འདུག འདི་དག་གིས་ད་དུང་ཡུལ་ཁ་བ་ཅན་ན་རང་དབང་གི་བདེ་སྐྱིད་ཅིག་དང་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་འདྲ་བ་ཞིག་བསུ་བའི་འབད་བརྩོན་བྱེད་བཞིན་འདུག་ཟེར།
ལྷ་ཕྲུག་གཞོན་ནུ་འདི་དག་གིས་ད་དུང་ཡང་གསར་དུ་འབྱོར་དང་འབྱོར་བཞིན་པའི་ལྷ་ཕྲུག་གཞོན་ནུ་མེ་ལྕེ་འཁོར་ལོ་དེ་དག་ལ་ངོ་མཚར་དུ་འཛིན་ཅིང་བལྟ་བ་དང་ཅི་ཞིག་གླེང་གིན་གནས་འདུག་ལ། ད་དུང་ཁ་བ་ཅན་གྱི་བོད་འབངས་ཁྲི་ཚོ་དུ་མའི་སེམས་ཁོངས་ན་རྩ་བའི་བླ་མ་དྲན་བཞིན་པ་མ་ཟད། ད་ལྟའི་དྲག་གནོན་དང་སྡུག་རྩུབ་ཀྱིས་ཡིད་ཁམས་སྡུག་བསྔལ་གྱི་རྒྱ་མཚོར་ལྷུང་ནས་ཡོད་པའི་བོད་འབངས་ས་ཡ་དྲུག་ལ་གདུང་སེམས་མཉམ་སྐྱེས་དང་གླེང་མོལ་སྣ་ཚོགས་བྱེད་བཞིན་འདུག
ང་ཚོ་ལྷ་ཡུལ་ནང་བཞིན་ཞིག་ལ་བསྡད་ནས། ་ཚ་ངར་ཧ་ཅང་ཆེ་བའི་དམྱལ་བ་མི་ཡུལ་ལ་དངོས་སུ་མྱང་བཞིན་པའི་ཤ་ཁྲག་གཅིག་པའི་སྤུན་ཟླ་དེ་ཚོ་ལ་བྱང་དང་སྙིང་རྗེ་ཞིག་མེད་པ་གཤེད་པོ་སྡིག་ཅན་འམ་སྲིན་མོ་བུ་ཟན་དེ་ཚོའི་ཁ་ཕྱོག་ལ་སྟོས་ན་ད་དུང་སྙིང་ཉེ་བ་ཁ་ཤས་ཀྱི་་ཚ་དམྱལ་ཅན་གྱི་ལས་ངན་དེ་སྦྱང་དགོས་ངེས་རེད།