བསམ་གླིང་ཚེ་རིང་ལྷ་མོ།
མཁའ་དབྱིངས་སྨུག་པས་བཏུམས་སོང་།།
ས་གཞི་རྡུལ་གྱིས་བཏུམས་སོང་།།
རྒྱུ་སྐར་ཉི་ཟླའི་ལས་དབང་།།
སུས་ཀྱང་ཤེས་ཐབས་མི་འདུག
བོད་ཡུལ་རྒྱ་ཡིས་བཏུམས་སོང་།།
དགོན་སྡེ་དམག་གིས་བཏུམས་སོང་།།
རྒྱལ་གཅེས་དཔའ་བོའི་ལས་དབང་།།
ཤེས་ཐབས་ཁག་པོ་ཆགས་སོང་།།
ལོ་ལྗང་སད་ཀྱིས་བཅོམ་སོང་།།
ལྷག་འཕྲོས་རླུང་བུས་འཁྱེར་སོང་།།
བྱ་དང་བྱིའུ་ཡི་ལས་དབང་།།
ཐུགས་བསམ་བཞེས་མཁན་ཨེ་ཡོད།།
ཆུ་འགོར་གཏེར་ཁ་བསྔོགས་སོང་།།
ཆུ་གཞུག་རྫས་ཀྱིས་སྦག་སོང་།།
ཉ་ལྕོང་སྦལ་པའི་ལས་དབང་།།
ཐུགས་ལ་འཇོག་མཁན་ཨེ་ཡོད།།
ངང་མོ་མེ་མདས་བསད་སོང་།།
ངང་ཕྲུག་གཅིག་པུར་ལྷག་སོང་།།
ད་དུང་ངང་ཚང་ཡོད་སར།།
སྒོ་ང་ཨེ་རག་མྱུལ་སོང་།།
སྤང་ལྗོངས་བཟོ་གྲྭས་ཁེངས་སོང་།།
མེ་ཏོག་འདམ་པས་རྫིས་སོང་།།
ད་ལྟའི་བེའུ་ལུག་ཚོ་ལ།།
དགའ་མཆོང་རྒྱག་ས་ཁག་སོང་།།
སྟོབས་ཆེན་དངུལ་གྱིས་ཉོས་སོང་།།
སྟོབས་ཆུང་དབང་གིས་བཅུན་སོང་།།
ང་ཚོའི་བདེན་པའི་འོས་ལངས།།
མ་མཐོང་མདོག་མདོག་བྱེད་ཀྱིས།།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།།
བདེན་པའི་ལ་རྒྱ་འཛིན་ནས།།
སྐུ་ལུས་མེ་ལྕེར་ཕུལ་བར།།
རིན་ཐང་བརྩི་རོགས་གནོངས་དང་།།
ཨ་ཅག་ཚེ་རིང་ལྷ་མོ་ནི། ད་ལྟའི་རང་རེའི་བཙན་བྱོལ་བུད་མེད་ཁྲོད་བོད་ཡིག་གི་རྩོམ་འབྲི་མཁན་ཡག་ཤོས་དེར་མཐོང་སོང་། དངོས་གནས་ལྷག་བསམ་དག་པའི་རྩོམ་པ་མོ་ཞིག་ཏུ་མཐོང་གི་ཡོད། ངས་འདི་ལྟར་བཤད་འདོད་པ་ནི། སྙན་ངག་ཅེས་པའི་དངོས་པོ་དེ་ལ་དགའ་མོས་ཡོད་པ་དང་། རིན་ཐང་འཇོག་པ། ཡིད་ཆེས་ཡོད་པ་ཞིག་ཡིན་ན་ད་གཟོད་སྙན་ངག་པ་ཞིག་ཏུ་འགྱུར་བའི་གོ་རིམ་ཧྲིལ་བོ་འབྱུང་གི་རེད་ལ། ད་ལྟའི་ཆར་རང་རེའི་རྩོམ་པ་པོའི་ཁྲོད་རྩོམ་ཡིག་ནི་ལག་ཆ་ཞིག་གི་བཀོལ་སྤྱོད་ལྟར་བརྩི་བའི་འདུ་ཤེས་ཧ་ཅང་ཁྱབ་ཆེ་བས་ཉོག་རྫོབ་ཀྱི་རྣམ་པ་འདི་འབྱུང་བཞིན་ཡོད་མོད། ཨ་ཅག་ཚེ་རིང་ལྷག་མོ་ནི་དངོས་དོན་སྙན་ངག་གི་ལྷ་མོ་ལ་དད་འདུན་རྩེ་གཅིག་པའི་སྙན་ངག་པ་ཞིག་ཏུ་མཐོང་ངོ་། ། སྐད་ཆ་འདི་ད་ལྟའི་གནས་བབ་ལ་མི་འཚམ་པ་འདྲ་མོད། བཤད་འདོད་པའི་དབང་མཐུ་ཆེ་བས་ཐད་ཀར་བཤད་པ་ལགས་སོ། །
བསམ་གླིང་ཚེ་རིང་ལྷ་མོ་ལགས། ཡང་བསྐྱར་མཇལ་བས་དགའ་བྱུང་། བུད་མེད་རྩོམ་པ་པོའི་སྟོང་ཆ་ཞིག་ཁྱེད་རང་གིས་བསྐངས་ཡོད་པའི་ཚོར་སྣང་བྱུང་། རྗེས་སུ་ཡི་རང་ཡོད།
བཀུར་འོས་རྭ་རྒྱ་བློ་དབང་ལགས་མཆོག་དང་ཨ་ར་དཀར་པོ་ལགས་མཆོག་
ཕེབས་པ་དང་རྒྱབ་སྐྱོར་བསྐུལ་ལྕག་གནང་བར་ཐུགས་རྗེ་ཆེ།